སོས་མི་སྲིད་པའི་རྨ་ཁ།
ཚིག འབྲུག་ལྷ་རྒྱལ།
འོ་ཞོའི་སྤྲིན་དཀར་བླུགས་འདྲའི་གངས་དང་ཁ་བ།
ང་ཚོའི་མ་ཡུམ་གྱི་དབུ་ཞྭ་ཡིན་སོང་།
རྒྱ་མཚོའི་གོས་སྔོན་བཏིང་འདྲའི་ན་དང་སྤང་ཐང་།
ང་ཚོའི་མ་ཡུམ་གྱི་འཕྱོར་གོས་ཡིན་སོང་།
སྐར་མའི་དོ་ཤལ་བསྟར་འདྲའི་མཚེའུ་དང་མེ་ཏོག
ང་ཚོའི་མ་ཡུམ་གྱི་རྒྱན་ཆ་ཡིན་སོང་།
སྲིད་འདིའི་འཕྱོར་སྒེག་མཛེས་སྡུག་གི་མ་ཡུམ་ཡ།
ཁྱེད་ཀྱི་དབུ་ཞྭ་བསླད་མཁན་དེ་སུ་ཞིག་ཡིན་སོང་།
ཁྱེད་ཀྱི་འཕྱོར་གོས་བཤུ་མཁན་དེ་སུ་ཞིག་ཡིན་སོང་།
ཁྱེད་ཀྱི་རྒྱན་ཆ་འཕྲོག་མཁན་དེ་སུ་ཞིག་ཡིན་སོང་།
ཨོ་ཧོ་ཧོ། ཀྱེ་མ་ཀྱི་ཧུད། ཨོ་ཧོ་ཧོ།
ཉེས་དམིགས་ཀྱི་དུས་རབས་འདི་སུ་ཡིས་བཟོས་པ་ཡིན།
དགོང་སྔོན་ཞུན་མ་བཞུར་འདྲའི་ཆུ་དང་གཙང་པོ།
ང་ཚོའི་མ་ཡུམ་གྱི་ནུ་ཞོ་ཡིན་སོང་།
སྲིད་གསུམ་བང་མཛོད་སྤུང་འདྲའི་གཏེར་དང་རིན་ཆེན།
ང་ཚོའི་མ་ཡུམ་གྱི་ཕ་ནོར་ཡིན་སོང་།
རྩེད་དགོད་གར་ལ་ཆས་འདྲའི་གཟིག་དང་རི་དྭགས།
ང་ཚོའི་མ་ཡུམ་གྱི་སྒོ་ཟོག་ཡིན་སོང་།
སྲིད་འདིའི་འབྱོར་ཕྱུག་བྱམས་ཆེན་གྱི་མ་ཡུམ་ཡ།
ཁྱེད་ཀྱི་ནུ་ཞོ་རྐེམ་མཁན་དེ་སུ་ཞིག་ཡིན་སོང་།
ཁྱེད་ཀྱི་ཕ་ནོར་རྐུ་མཁན་དེ་སུ་ཞིག་ཡིན་སོང་།
ཁྱེད་ཀྱི་སྒོ་ཟོག་འདེད་མཁན་དེ་སུ་ཞིག་ཡིན་སོང་།
ཨོ་ཧོ་ཧོ། ཀྱེ་མ་ཀྱི་ཧུད། ཨོ་ཧོ་ཧོ།
ཉེས་དམིགས་ཀྱི་དུས་རབས་འདི་སུ་ཡིས་བཟོས་པ་ཡིན།
ཨོ་ཧོ་ཧོ། ཀྱེ་མ་ཀྱི་ཧུད། ཨོ་ཧོ་ཧོ།
ཉེས་དམིགས་ཀྱི་དུས་རབས་འདི་སུ་ཡིས་བཟོས་པ་ཡིན།
སུ་ཡིས་བཟོས་པ་ཡིན།