༄།འཕྲུལ་འཁོར་གྱི་མི།


      ཟ་དུས་འཐུང་དུས་ཁྱོད་སེམས་ལས་ཀར་ཤོར། ས་ལས་ཚོ་དང་མཉམ་དུ་ས་རྡོ་ལ་འདྲེས། རྨི་ལམ་དུ་ཡང། ཁྱོད་རང་ཁང་པ་ཡིན་ལ། ཁྱོད་རང་ལས་གཡོག་པ་ཡང་ཡིན། ཁྱོད་རང་གློག་འཕྲུལ་ཡིན་ལ། འཐུང་ཆུ་ཡང་ཡིན།  

    མདོར་ན། ཁྱོད་ནི་སུ་ཞིག་གིས་བོས་ན་སྐད་ཅིག་གིས་ཐོན་པའི་ས་རཱའི་གཞི་བདག་ཡིན་ལ། ཁྱོད་ནི་སུ་ཞིག་གིས་བཏང་ན་དེ་ལྟར་དུ་སྒྲུབ་པའི་སྤྱི་བཀོལ་འཕྲུལ་འཁོར་ཡིན། ད་དུང་ང་ཚོའི་ལག་རྩལ་པ་དང་ཚན་རིག་པའང༌། ཁྱོད་ནི་བྱ་བ་ལས་ཀྱི་འཁོར་ལོས་ཉིན་མཚན་གཞན་ཕན་སྒྲུབ་པའི་ཆོས་པ་ངོ་མ་ཞིག

    སྔོན་གྱི་དུས་ན་ཁྱོད་ནི་ཤིན་ཏུ་བརྗིད་པའི་ལྷ་སྐུ་བཞིན་དུ་ཡིད་དུ་འོང་མོད། ད་ལྟ་ཁྱོད་རང་རྒྱ་གར་ལས་གཡོག་རྣམས་དང་དབྱེར་མེད་དུ་གྱུར་བ་འདི་ཅི་ཞིག

    ཀྱེ། གཞོན་ལུས་རྒས་གཉེར་ཅན་གྱི་བདག་གི་གྲོགས་པོ་ལགས། ཨོ། ཁྱོད་ལ་ཅི་ཁག ཁྱེད་རང་བྲག་རི་བཞིན་བརྗིད་པའི་ཁང་རྩེག་འདི་དག་གི་རྨང་རྡོ་ཡིན་པས། ཁྱོད་ཀྱི་ཡོད་ཚད་ལ་བཙིར་གནོན་ཐེབས་ཡོད། ངོ་མ་ཁྱོད་ལ་ཐུགས་ཁག་མེད། ད་དུང་་་་

     ཁྱོད་ཀྱི་ལག་གཉིས་འཇོར་དང་སྐམ་པ་ཡིན་པས། ས་རྡོ་ནགས་གསུམ་གྱིས་ཟད་པར་བྱས། ཁྱོད་ཀྱི་རྐང་པ་གཉིས་སྦག་སྦག་དང་འདྲུད་འཁོར་ཡིན་པས། ཡར་རྒྱུགས་བརྒྱ་དང་མར་རྒྱུགས་སྟོང། ཕར་སྐྱེལ་ཁྲི་དང་ཚུར་ལེན་འབུམ་གྱིས། ཁྱོད་ཀྱི་ཟུངས་ཁྲག་གི་ས་སྣུམ་ཚར།

     ཧི་མ་ཅལ་ན་ཁ་ལོ་བ་ཁྱོད་མི་ཤེས་པ་སུ། ཁྱོད་ཀྱི་རྒྱུ་མ་ལྕགས་སྦུག་ཏུ་བསྒྱུར་ནས་ཆུ་དྲངས་ཤིང། ཁྱོད་ཀྱི་རྩིབ་མ་རེ་རེ་ཁང་པའི་ཀ་བ་རེ་རེར་བསླངས། ཁང་པའི་འདག་ཞལ་དེ་ཡང་ཁྱོད་ཀྱི་པགས་པ་བཤུས་ཏེ་སྦྱར་བས། ཁྱོད་ཀྱི་རྣ་གཤོག་གཉིས་པོ་ང་ཚོའི་བདེ་སྡུག་གི་སྒྲ་སྡུད་འཁོར་ལོ་ཡིན་པས། ཁྱོད་ཀྱིས་མ་གོ་བའི་གནས་ཚུལ་ཞིག་གང་ན་ཡོད། 

     ཁྱོད་ཀྱི་གཉེར་རིས་ཟབ་མོ་དེ་དག་ནི་ང་ཚོས་བརྐོས་པའི་ཆུ་རྐ་ཡིན་ལ། ཁྱོད་ཀྱི་མིག་ཟུང་སྐམ་པོ་དེ་གཉིས་ང་ཚོས་བྲུས་པའི་ཁྲོན་པ་ཡིན།  དེ་བས་ཁྱོད་ལ་ཡོད་པ་ནི་ཆར་ཆུའི་རྒྱུགས་ཤུལ་དང་འདྲ་བའི་དཔྲལ་བའི་གཉེར་མ་དེ་དང། ཆུ་མིག་སྐམ་པོ་ལྟ་བུའི་མིག་གཉིས་ཡིན་ལ། ད་དུང་རང་ལུས་རྔུལ་ནག་གིས་བྲན་པའི་ཁ་སྤུ་རྩུབ་པོ་དེའོ།

     སྐབས་རེར་ཁྱོད་ཀྱིས་དམར་གོས་ནག་པོར་གྱུར་བའི་ལས་གོས་དེ་གོན་ཞིང། ངམ་གནག་གི་གཉེར་རིས་རྣམས་བསྡུས་ཏེ་མཆེ་བ་ནག་པོ་གཉིས་དང་འདྲ་བའི་ཁ་ཟུར་གྱི་ཁ་སྤུ་ཚོམ་བུ་དེ་འགུལ་ཙམ་བྱེད་ཀྱིན་མཆོད་རྟེན་ནག་པོའི་ཟུར་ཞིག་ནས་ཐོན་དུས་ར་མ་རྣམས་ཀྱང་ཞེད་ནས་རིལ་མ་འགའ་གཏོང་བཞིན་བྲོས་འགྲོ

     ཀྱེ། བདག་གི་འཕྲུལ་འཁོར་ལགས། ང་ཁྱོད་ལ་བརྩེ་འདང་ཆེ། ། 

 

༄༅།།རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག །མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ། །མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག །ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།

     ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ<<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། ༢༠༠༩་༡༡་༡༦།

 

   བོད་དོན་གསར་འགྱུར་རྩོམ་གསར་སོགས། དེ་རིང་སྒོ་བྱང་ངོས་ལ་གཟིགས། གལ་ཆེའི་བཀའ་སློབ་ཡིག་ཆ་སོགས། རིན་ཆེན་གསང་བའི་གཏེར་ལས་བཞེས། སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར། ལན་ཅིག་ཕེབས་དང་རྒྱང་རིང་གྲོགས། ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

      སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

ཕྱག་ན་པད་མོའི་བཞད་སྒྲ་རེས། སྐྱེ་དགུ་འི་སེམས་ལ་བདེ་བ་སྦྲུམ།

 

དམངས་གྲོས་འཁོར་ལོ་རྩིབས་སྟོང་པས། དམར་པོའི་སྲིད་མཚང་གནམ་ལ་དྲངས།

 

རང་དབང་བླ་མེད་གདུགས་ཁྱིམ་ན། རང་མོས་འཚོ་བའི་དགའ་སྟོན་མང།

བདེན་དོན་མི་ནུབ་རྒྱལ་མཚན་ནི། ཆིག་སྒྲིལ་དཔུང་པས་དམ་དུ་བསྒྲེངས།

མདོ་སྨད་གཏེར་གྱི་བུམ་བཟང་ན། སྣ་ཚོགས་སྨན་གྱི་དྲི་བསུང་འཐུལ

སྙུག་ཚོགས་དུང་དཀར་རང་གྲགས་ནི། སུ་ཡིས་འབུད་ལ་རང་དབང་ཉིད།  

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི། མཛའ་མཐུན་དཔལ་བེའུས་ཀུན་ནས་སྦྲེལ།

ཀྲུང་གོའི་བོད་ཡིན་ནམ།

ཨེ་ཤེ་ཡ༌རླུང་འཕྲིན།

 

རྒྱལ་སྤྱིའི་སྐད་ཡིག་སློབ་གླིང།

རྒྱལ་སྤྱིའི་སྙུག་ཚོགས་ལ་ཞུགས་ན་གཟི་བརྗིད་ལྡན།