༄།ལེགས་བཤད་འོ་མའི་ཐིགས་པ།

 

 

བཞོས་ནས་ཚར་བ་མེད་པ་ཡི། འདོད་འཇོའི་བ་ཡི་འོ་མ་བཞིན།

ཡོན་ཏན་བླངས་པས་མི་འཛད་པ། དགེ་བའི་བཤེས་རྣམས་དཔྲལ་བའི་མིག

 

འོ་མ་ཐུན་མོང་བཏུང་བ་སྟེ། ཡི་གེ་ཐུན་མོང་སློབ་སྦྱོང་ཡིན།

 

བ་འབྲི་ཁྱིམ་ཚང་སོ་སོའི་སྟེ། དགེ་རྒན་སྤྱི་ཚོགས་ཧྲིལ་བོའི་ཡིན།

 

སྒོ་ཕྱུགས་འོ་མ་ཀུན་གྱིས་བཞིན། དགེ་རྒན་ཡོན་ཏན་སུས་ཀྱང་ལེན།

 

འོ་ཆུ་འདྲེས་པ་དབྱེར་མེད་བཞིན། དགེ་སློབ་མཛའ་བརྩེ་གཅིག་ཏུ་འབྲེལ།

 

ཁ་སྦུབ་སྣོད་ལ་འོ་མ་ཇི་ལྟར་ལྡུག འདོད་པ་མེད་ལ་བཙན་བསྐུལ་བྱས་ཀྱང་ཅི།

 

ཞབས་རྡོལ་སྣོད་ལ་འོ་མ་བླུགས་ཀྱང་འཛད། དྲན་ཤེས་མེད་པས་སློབ་སྦྱོང་བྱས་ཀྱང་ཉམས།

 

མི་གཙང་སྣོད་ལ་འོ་མ་བླུགས་ན་རུལ། སྣོད་ལྡན་མིན་ལ་དམ་ཆོས་བསླབས་ཀྱང་ཉེས།

 

སྐྱོན་མེད་སྣོད་ལ་འོ་མ་ལྡུག་པ་བཞིན། སྐྱོན་མེད་སློབ་མར་སློབ་སྦྱོང་ལེགས་པོ་སྤྲོད།

 

མཐའ་དག་ཤེས་བྱ་བློ་ལྡན་བརྩོན་པས་ཏེ། གངས་སེང་འོ་མ་གསེར་གྱི་བུམ་པས་སྐྱོར།

 

འོ་མ་རུལ་ཡང་ཆུ་ཡི་རང་བཞིན་ཏེ། མཁས་པ་རྒུད་ཀྱང་ཤེས་རབ་རང་བཞིན་ཅན།

 

ཡོན་ཏན་ལེན་ཀྱང་དགེ་རྒན་མི་བཀུར་བ། འོ་མར་དགའ་ཡང་བ་མོར་མི་དགའ་བཞིན།

 

འོ་མ་མ་བསྐོལ་མྱུར་རུལ་བཞིན། བྱིས་དུས་མ་བཏུལ་ལང་ཤོར་འགྱུར།

 

འོ་མ་འཕྱུར་ན་འབོ་བ་བཞིན། ཁེངས་པ་འཕེལ་ན་སློབ་སྦྱོང་ཉམས།

ལང་ཚོ་འཕེལ་བས་འོ་མ་སྟེ། རིག་པ་འཕེལ་བས་ཡོན་ཏན་སྨིན།

 

འོ་མ་མ་འཐུང་བྱིས་པ་སུ། སློབ་སྦྱོང་མ་ཐོབ་རྒན་པོའང་མངས།

 

འབྲི་མོའི་འོ་མ་འཕྲོག་ནུས་ཀྱང། གཞན་གྱི་ཡོན་ཏན་དེ་ལྟར་མིན།

 

ཡོན་ཏན་ཅན་ལས་ཡོན་ཏན་ལེན། སུ་ཞིག་གཡག་ལས་འོ་མ་འཇོ།

 

འོ་མས་ཕྲུ་གུ་གསོ་བ་ལྟར། རིག་གནས་སློབ་གསོས་མི་རྣམས་གསོ།

 

མ་རུངས་སྐྱེ་བོ་ལེགས་བསྐྱངས་ཀྱང། སྦྲུལ་གདུག་འོ་མས་གསོས་པ་བཞིན།

 

ཞི་མི་འོ་མར་དགའ་བ་བཞིན། རིག་པའི་གནས་ལ་དགའ་བར་བྱ།

 

འོ་མ་དཀྲོགས་ན་མར་ལོ་སྟེ། ཤེས་བྱ་སྦྱངས་ན་ཡོན་ཏན་འབྱུང།

འོ་མ་མངར་ཡང་སྐྱུར་འགྱུར་བཞིན། ཡ་རབས་མ་རབས་འགྱུར་བ་ཡོད།

 

འོ་མའི་ཁ་དོག་འགྱུར་ཡང་སྲིད། དམ་པའི་བཟང་སྤྱོད་ནམ་ཡང་མིན།

 

འོ་མས་ཁ་ཟས་སྣ་ཚོགས་བཞིན། ཡོན་ཏན་ཚོགས་ཀྱིས་ཅི་ཡང་འགྲུབ།

 

བྱིས་པའི་སློབ་སྦྱོང་ཤོར་བ་ནི། བེ་འུའི་འོ་མ་འཕྲོག་ལས་ཐུ།

 

འོ་མ་དགོས་ན་བ་མོ་གསོ། སློབ་སྦྱོང་དགོས་ན་དགེ་རྒན་བསྟེན།

 

བ་མོའི་འོ་མ་ཟན་རྩྭས་ཏེ། དགེ་རྒན་ཡོན་ཏན་སློབ་གསོ་ལས།

 

འོ་མ་རྩི་ཤིང་བཅུད་ལས་ཏེ། རིག་པ་ཤེས་བྱའི་ཀློང་ལས་བརྡོལ།

 

ཤེས་བྱ་ཡོན་ཏན་མེད་པ་ནི། འོ་མ་མེད་པའི་འབྲི་སྐམ་བཞིན།

བ་མོ་མང་ན་འོ་མ་མང། དགེ་རྒན་མང་ན་ཤེས་ཡོན་འཛོམས།

 

བ་གཅིག་འོ་མས་མི་བཅུ་གསོ། དགེ་རྒན་གཅིག་གིས་སློབ་མ་བརྒྱ།

 

སྲོག་ཆགས་མི་འདྲའི་འོ་མ་བཞིན། ཤེས་བྱ་རིག་པར་རྣམ་གྲངས་མངས།

 

འོ་མ་གང་ལ་དགའ་བ་བཞིན། ཤེས་བྱ་གང་ལ་མོས་པ་སློབ།

 

ཨ་མའི་འོ་མ་བུ་ཕྲུག་དང༌། དགེ་རྒན་ཤེས་ཡོན་ཀུན་ལ་འགྱེད།

 

འོ་ཇ་ཞིམ་པོས་སྐོམ་སེལ་བཞིན། ཤེས་བྱ་རིག་པས་དཀའ་ངལ་སེལ།

 

བཟང་ངན་འདྲེས་པ་ཤེས་རབ་ཀྱིས། ཆུ་ལས་འོ་མ་ངང་པས་འབྱེད།

 

འོ་མ་སྐྱུར་ན་འཐུང་མཁན་དཀོན། ཤེས་རབ་འཆལ་ན་བཀུར་མཁན་དཀོན།

 

ངོ་མཚར་འོ་དཀྲོགས་འཕྲུལ་ཆས་ཀྱིས། མར་དང་དར་བ་འབྱེད་པ་བཞིན།

མི་ཡི་ངོ་མཚར་རྣམ་དཔྱོད་ཀྱིས། ཤེས་བྱ་ཀུན་གྱི་བྱེ་བྲག་འབྱེད།

 

སློབ་གྲྭའི་ནེའུགསེང་དགའ་ཚལ་ནས། རིག་པའི་བ་འབྲི་མངས་བསྐྱངས་ཏེ།

རྩོམ་རིག་འོ་མའི་ཟས་སྣ་བརྒྱས། རྩམ་གཟན་མགྲོན་བརྒྱའི་ལྟོགས་སྐོམ་སེལ།

 

ཡོན་ཏན་འོ་མའི་མཛོད་འཛིན་པའི།མཁྱེན་བརྩེའི་བདག་ཉིད་མཛོ་མོ་བརྒྱས།

སློབ་གསོའི་རྩྭ་ཐང་ཡངས་པོ་རུ། སློབ་བུའི་བེའུ་སྟོང་གསོ་བར་སྨོན། །

 

 ཞེས་དགེ་སློབ་རྣམས་ལ་གདམས་པའི་ལེགས་བཤད་འོ་མའི་ཐིགས་པ་ཞེས་པའི་བསྟན་བཅོས་རེ་ཞིག་རྫོགས་སོ།། །།

༄༅།།རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག །མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ། །མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག །ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།

     ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ<<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། ༢༠༠༩་༡༡་༡༦།

 

   བོད་དོན་གསར་འགྱུར་རྩོམ་གསར་སོགས། དེ་རིང་སྒོ་བྱང་ངོས་ལ་གཟིགས། གལ་ཆེའི་བཀའ་སློབ་ཡིག་ཆ་སོགས། རིན་ཆེན་གསང་བའི་གཏེར་ལས་བཞེས། སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར། ལན་ཅིག་ཕེབས་དང་རྒྱང་རིང་གྲོགས། ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

      སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

ཕྱག་ན་པད་མོའི་བཞད་སྒྲ་རེས། སྐྱེ་དགུ་འི་སེམས་ལ་བདེ་བ་སྦྲུམ།

 

དམངས་གྲོས་འཁོར་ལོ་རྩིབས་སྟོང་པས། དམར་པོའི་སྲིད་མཚང་གནམ་ལ་དྲངས།

 

རང་དབང་བླ་མེད་གདུགས་ཁྱིམ་ན། རང་མོས་འཚོ་བའི་དགའ་སྟོན་མང།

བདེན་དོན་མི་ནུབ་རྒྱལ་མཚན་ནི། ཆིག་སྒྲིལ་དཔུང་པས་དམ་དུ་བསྒྲེངས།

མདོ་སྨད་གཏེར་གྱི་བུམ་བཟང་ན། སྣ་ཚོགས་སྨན་གྱི་དྲི་བསུང་འཐུལ

སྙུག་ཚོགས་དུང་དཀར་རང་གྲགས་ནི། སུ་ཡིས་འབུད་ལ་རང་དབང་ཉིད།  

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི། མཛའ་མཐུན་དཔལ་བེའུས་ཀུན་ནས་སྦྲེལ།

ཀྲུང་གོའི་བོད་ཡིན་ནམ།

ཨེ་ཤེ་ཡ༌རླུང་འཕྲིན།

 

རྒྱལ་སྤྱིའི་སྐད་ཡིག་སློབ་གླིང།

རྒྱལ་སྤྱིའི་སྙུག་ཚོགས་ལ་ཞུགས་ན་གཟི་བརྗིད་ལྡན།