༄༅ü¾ïGÅ-zÁh-ˆÛ-¾ïºÞü

 

     ¾ïGÅ-zÁh-ljm-PGÅü Gbm-±ÛGÅ-hP-Nå-¯¾-HÛ-¼P-zŸÛm-GZÛÅ-¿km-HÛ-º±ô-zºÛ-Çkô¤-±ÛG-TÛG-G¤-Gh¤Å-PG-TÛG

 

༄།སེམས་པའི་ཉི་ཟླ།

 

ཉི་ཟླ་ལྷ་རུ་བཀུར་བའི་བྱིན་རླབས་ཀྱིས། མུན་པའི་འདྲེ་དཔུང་རང་གཟུགས་ཡལ་གྱུར་བ།

རང་ལུས་འོད་ཀྱི་རང་བཞིན་སྣ་ཚོགས་གཟུགས། འཇའ་ཚོན་དྲ་བར་བཀྱེས་པའི་སྒྱུ་མ་མཚར།

 

ཡོད་ཚད་སེམས་ཀྱིས་དབང་དུ་སྒྱུར་བ་འམ། ཡང་ན་ཐམས་ཅད་ཡིད་ལས་འཕྲོས་པ་ཡི།

སྣང་བ་འདི་ཀུན་རང་སོར་མི་གནས་ཞེས། ཆོས་དབྱིངས་ལྷ་ཡི་རྔ་སྒྲ་དེ་ཡང་མཚར།

 

འཇིག་པའི་རྟེན་འདི་གནས་པའི་གཞི་མིན་ཡང། འཚོ་བའི་ལམ་འདི་ལུས་སེམས་འདིར་བརྟེན་པས།

ཤ་ཁྲག་གདོས་བཅས་ལུས་པོར་བདག་གཅེས་ཀྱི། འཛིན་པ་ཡོངས་བྲལ་ལྷག་པའི་སེམས་ཀྱང་མཚར།

 

ལྷན་སྐྱེས་ཤེས་རབ་བཀྲ་བ་ཁྲི་ཕྲག་དང། སྦྱངས་བརྩོན་ཤེས་ཡོན་གཏེར་གྱུར་འབུམ་ཕྲག་གིས།

ཆ་ཙམ་མི་དཔོག་ཤེས་བྱའི་ནམ་མཁའ་ལ། ལོངས་སྤྱོད་ཐམས་ཅད་མཁྱེན་པ་དེ་བས་མཚར།

 

གལ་ཏེ་ཉི་མས་གནམ་འོག་མ་གསལ་ན། གཞན་ཕན་མདུན་ལམ་འཚོལ་རྣམས་ཅི་ལྟར་འཇུག

རང་ལམ་མཐོང་ནས་གཞན་ལམ་སྟོན་པ་ཡི། དམ་པ་རྣམ་པའི་རྣམ་ཐར་འོད་ཀྱིས་འཚོ།

 

གལ་ཏེ་མུན་པས་གླིང་འདི་མ་བསྒྲིབས་ན། ལྐོག་གཡོའི་རང་ལུས་སྦེད་རྣམས་ཇི་ལྟར་འཚོ།

རང་དོན་ཁོ་ནའི་ཧམ་སེམས་ཁུག་མའི་ཁ། ནམ་ཞིག་མུན་པའི་མཐའ་དང་མཉམ་དུ་གྲོལ།

 

གལ་ཏེ་མིག་ཟུང་ཕྱོགས་གཉིས་མ་མཐོང་ན། ཕྱོགས་ལྷུང་མེད་པའི་ལམ་དུ་ཇི་ལྟར་བགྲོད།

གཤིན་རྗེའི་རྒྱ་མ་བསྣམས་པའི་གཟུ་བོ་རྣམས། རང་གཞན་ཐ་སྙད་མེད་པའི་ལམ་དུ་སྐྱོད།

 

གལ་ཏེ་རྣ་ཟུང་རྒྱབ་མདུན་མ་གོ་ན། བདེན་རྫུན་བླང་དོར་ལས་ལ་ཇི་ལྟར་འཇུག

ཆེ་ཆུང་བཟང་ངན་ཀུན་གྱི་སྣ་ཚོགས་གཏམ། ཡངས་པའི་བློས་བསྡུས་རྣོ་བའི་རིག་པས་གཅོད།

 

གལ་ཏེ་རྐང་གཉིས་རི་ཐང་མ་བཅད་ན། འཇིག་རྟེན་སྒང་གཤོང་སྙོམ་མིན་ཇི་ལྟར་ཤེས།

རྒྱལ་ཁམས་རིག་པས་བསྐོར་བའི་དཔའ་བོ་ཚོའི། མཐོང་རྒྱ་ཐང་དཀར་རྒོད་པོའི་འཇིག་རྟེན་བཞིན།

 

གལ་ཏེ་ལག་གཉིས་ཚ་གྲང་མ་མྱངས་ན། འཚོ་བའི་བདེ་སྡུག་རེག་བྱ་ག་ལ་ཚོར།

ཟས་གོས་ལོངས་སྤྱོད་རང་གིས་མི་སྒྲུབ་པའི། གཞན་རྟེན་སྲིན་འབུའི་རིགས་དེར་ཚོར་བ་ཅི།

 

གལ་ཏེ་སྣ་བུག་གཉིས་འདིས་བཟང་ངན་གྱི། དྲི་མ་ལོག་པར་ཚོར་བ་ཡོད་དམ་ཅི།

ཡིན་ཡང་ཡ་རབས་ཚབ་ལ་མ་རབས་མི། གནའ་ནས་ད་བར་ནོར་བ་ཉུང་ཉུང་མིན།

 

གལ་ཏེ་ཁ་འདིས་ཁོག་པ་མ་བསྔོགས་ན། ཁྱོད་སེམས་གསང་བའི་རི་མོ་ཇི་ལྟར་མཐོང།

འོན་ཀྱང་ཁ་མཁས་གཏམ་གྱིས་རང་གཞན་གྱི། སེམས་པའི་ཁ་དོག་བསྒྱུར་ལ་དོགས་ཟོན་རིགས།

 

གལ་ཏེ་མཛུབ་མོ་ལྔ་བོ་སྙོམ་གྱུར་ན། ཁུ་ཚུར་ལྕགས་གོང་ལྟ་བུར་ཇི་ལྟར་འཆང།

སོ་སོའི་ནུས་པ་ཐུན་མིན་མཐུ་ཆེ་ཡང། ཆིག་སྒྲིལ་ཐུན་མོང་སྟོབས་ལ་རེ་རེས་མིན།

 

གལ་ཏེ་སོ་རྣམས་རིང་ཐུང་ཤོར་གྱུར་ན། ཁ་ཟས་ཞིབ་མོར་བལྡད་པར་ནུས་སམ་ཅི།

ཁྲིམས་ལུགས་མཐོ་དམན་ཀུན་ལ་མ་སྙོམས་ན། རྒྱལ་ཁབ་བདེ་འཇགས་འགན་ལེན་སུ་ཡིས་ནུས།

 

གལ་ཏེ་ལྕེ་འདིས་སྨན་དང་དུག་གི་རོ། འབྱེད་པར་མི་ནུས་སྨན་པ་མཁས་སམ་ཅི།

འཇིག་རྟེན་འདི་ན་དཀར་ནག་ལས་འབྲས་ལ། རྨོངས་པའི་ཆོས་དད་མཁན་པོ་ཅི་འདྲ་མངས།

 

གལ་ཏེ་བཤང་གཅི་འདོར་བའི་ལམ་མེད་ན། ཟ་འཐུང་ཞིམ་པོའི་ལོངས་སྤྱོད་ཅི་ལྟར་འོས།

བཟང་བོ་དོར་ནས་ངན་པ་ལེན་པ་ཚོར། ཁ་རྐུབ་ལྡོག་པའི་བྱ་བ་འབྱུང་ཡང་འོས།

 

གལ་ཏེ་དབྱར་དགུན་བརྗེ་རེས་མེད་གྱུར་ན། རང་བྱུང་འཇིག་རྟེན་གསང་བ་ཇི་ལྟར་མཐོང།

སྐྲ་ལོ་ནག་པོ་དཀར་པོར་མི་འགྱུར་ན། ལས་འབྲས་གཡོ་བའི་ཆོས་ཉིད་སུ་ཡིས་ཚོར།

 

གལ་ཏེ་བདེ་འདོད་བསམ་པ་མེད་གྱུར་ན། སྡུག་པའི་ལས་ལ་གཡོལ་དགོས་ཅི་ཞིག་ཡོད།

བདེ་སྡུག་འབྲས་བུའི་ལས་དེ་གཅིག་ཡིན་ན། བཟང་ངན་དབྱེ་བའི་སྤྱོད་ཚུལ་འདིས་ཀྱང་ཅི།

 

གལ་ཏེ་ཕོ་མོ་ཆགས་པས་མ་འབྲེལ་ན། བརྩེ་དུང་ཤ་དྲོད་སྦྱོར་བའི་ཚོར་བ་ཅི།

འཚོ་བའི་སྙིང་བོ་བརྩེ་དུང་ཟེར་ན་ཡང། དོན་གྱིས་འདོད་ཆགས་མངར་མོའི་ནུས་པར་ཐུག

 

གལ་ཏེ་འཚེ་བས་གནོད་པ་མེད་གྱུར་ན། དགྲ་ལ་སྡང་བའི་ཞེ་འཁོན་ཅི་ལ་སྲིད།

ཞེ་སྡང་མེ་ཞེས་ཐམས་ཅད་འཇིགས་ན་ཡང། དོན་གྱིས་གནོད་འཚེའི་མེ་རི་རང་ལས་མཆེད།

 

གལ་ཏེ་བློ་ལ་མུན་པའི་གོས་མེད་ན། ཤེས་རབ་སྒྲོན་མེ་སྦར་བའི་ཐབས་ཀྱིས་ཅི།

ནམ་ཞིག་རང་སེམས་ཉི་ཟླར་མ་གྱུར་བ། དེ་སྲིད་ལུས་སེམས་ཕྱི་ནང་མུན་ནག་ཁམས། །

 

༢༠༠༢།༡༢།༡༨།

༄༅།།རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག །མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ། །མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག །ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།

     ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ<<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། ༢༠༠༩་༡༡་༡༦།

 

   བོད་དོན་གསར་འགྱུར་རྩོམ་གསར་སོགས། དེ་རིང་སྒོ་བྱང་ངོས་ལ་གཟིགས། གལ་ཆེའི་བཀའ་སློབ་ཡིག་ཆ་སོགས། རིན་ཆེན་གསང་བའི་གཏེར་ལས་བཞེས། སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར། ལན་ཅིག་ཕེབས་དང་རྒྱང་རིང་གྲོགས། ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

      སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

ཕྱག་ན་པད་མོའི་བཞད་སྒྲ་རེས། སྐྱེ་དགུ་འི་སེམས་ལ་བདེ་བ་སྦྲུམ།

 

དམངས་གྲོས་འཁོར་ལོ་རྩིབས་སྟོང་པས། དམར་པོའི་སྲིད་མཚང་གནམ་ལ་དྲངས།

 

རང་དབང་བླ་མེད་གདུགས་ཁྱིམ་ན། རང་མོས་འཚོ་བའི་དགའ་སྟོན་མང།

བདེན་དོན་མི་ནུབ་རྒྱལ་མཚན་ནི། ཆིག་སྒྲིལ་དཔུང་པས་དམ་དུ་བསྒྲེངས།

མདོ་སྨད་གཏེར་གྱི་བུམ་བཟང་ན། སྣ་ཚོགས་སྨན་གྱི་དྲི་བསུང་འཐུལ

སྙུག་ཚོགས་དུང་དཀར་རང་གྲགས་ནི། སུ་ཡིས་འབུད་ལ་རང་དབང་ཉིད།  

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི། མཛའ་མཐུན་དཔལ་བེའུས་ཀུན་ནས་སྦྲེལ།

ཀྲུང་གོའི་བོད་ཡིན་ནམ།

ཨེ་ཤེ་ཡ༌རླུང་འཕྲིན།

 

རྒྱལ་སྤྱིའི་སྐད་ཡིག་སློབ་གླིང།

རྒྱལ་སྤྱིའི་སྙུག་ཚོགས་ལ་ཞུགས་ན་གཟི་བརྗིད་ལྡན།