༄།རང་དབང་འཚོལ་བ།

 

 

རྡོ་ལ་དར་གྱི་རི་རྩེ་ནས།

ཁ་བའི་འདབ་མ་ཐར་ཐོར་རེ།

ཁོ་བོའི་སྐེ་ཁུག་ནས་སྙིང་དབུས་སུ་ཞུ་ཐེངས་རེར།

བདག་གིས་ཆབ་བྲག་དབུ་རྩེ་མཐོང་ཞིང།

བདག་གིས་རྨ་ཆེན་གངས་རི་མཇལ།

དེ་བས། བདག་གི་མིག་ཟུང་ལས།

སླར་ཡང་ཁ་བའི་ཆུ་ཐིགས་འཐོར།

 

རྡོ་ལ་དར་གྱི་རི་འདབས་སུུ།

ཁོ་བོ། སྤྲ་དང་སྤྲེའུའི་རྩེད་འཇོའི་ཁྲོད།

ཤིང་ཏོག་གི་ཞིམ་མངར་མེད་པའི་ལྟོགས་ཐེངས་རེར།

གནའ་བོའི་ཡར་ཀླུང་རྩེད་ཐང་གི་ཟློས་གར་མཐོང་ཞིང༌།

དེ་རིང་གི་མཇུག་མ་མེད་པའི་སྤྲེལ་ཚོགས་མཐོང༌།

དེ་བས། ཁོ་བོའི་ལག་ཟུང་གིསྙིམ་མཐིལ་ནས།

སྔ་ན་མེད་པའི་དཔག་བསམ་གྱི་ལྗོན་པ་ཞིག་སྐྱེ་བར་སྨོན།

 

རྡོ་ལ་དར་གྱི་མཐའ་འཁོར་གྱི་ནགས་མའི་ཚལ་དུ།

གང་འདོད་དུ་འཕུར་བའི་འདབ་ཆགས་ཀྱི་ཁྱུ་དང༌།

ཅི་དགར་ཡན་པའི་རི་དྭགས་ཀྱི་ཚོགས་ཀྱིས།

ང་ཚོར་རང་དབང་གི་འཚོ་བ་ངོམ་ཐེངས་རེར།

བདག་གིས་སྙན་ངག་མེ་ལོང་གི

སྐབས་མིན་བསྟོད་པའི་དཔེ་དེ་དྲན་ཞིང༌།

སྨོན་ལམ་མ་ཡིན་པའི་སྨོན་སེམས་ཤིག་གིས།

གངས་སེང་འཚོལ་བའི་དྲན་བསྐུལ་གནང༌།

 

དེ་ལྟར། དུས་བཞིའི་ཁ་ངོ་མི་གསལ་བའི་རྫ་རི་འདིས།

ཁོ་བོར། སྐྱོ་འཛུམ་མི་གསལ་བའི་ངོ་གདོང་འདི་བྱིན་ནམ།

ཡང་ན། ཁོ་བོས་བཞིན་རས་ཟད་པོ་འདིས།

རྫ་རི་འདིར་ཞེན་ཁ་ལོག་བཅུག་གམ།

མ་གཞི། ཡུལ་གྱར་བའི་སྤྲེའུ་བདག

རི་དྭགས་གཞན་ལས་དོགས་འདྲོགས་ཆེ།

གཅན་གཟན་མངས་པོས་འཚེ་བ་རྒོད།

དེ་བས། ངས་རྟག་ཏུ་རང་ཉིད་སྲུང་ཞིང༌།

ངས་མུ་མཐུད་རང་དབང་འཚོལ་དགོས།།

 

༢༠༠༢།༡༠།༢༥།

༄༅།།རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག །མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ། །མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག །ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།

     ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ<<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། ༢༠༠༩་༡༡་༡༦།

 

   བོད་དོན་གསར་འགྱུར་རྩོམ་གསར་སོགས། དེ་རིང་སྒོ་བྱང་ངོས་ལ་གཟིགས། གལ་ཆེའི་བཀའ་སློབ་ཡིག་ཆ་སོགས། རིན་ཆེན་གསང་བའི་གཏེར་ལས་བཞེས། སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར། ལན་ཅིག་ཕེབས་དང་རྒྱང་རིང་གྲོགས། ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

      སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

ཕྱག་ན་པད་མོའི་བཞད་སྒྲ་རེས། སྐྱེ་དགུ་འི་སེམས་ལ་བདེ་བ་སྦྲུམ།

 

དམངས་གྲོས་འཁོར་ལོ་རྩིབས་སྟོང་པས། དམར་པོའི་སྲིད་མཚང་གནམ་ལ་དྲངས།

 

རང་དབང་བླ་མེད་གདུགས་ཁྱིམ་ན། རང་མོས་འཚོ་བའི་དགའ་སྟོན་མང།

བདེན་དོན་མི་ནུབ་རྒྱལ་མཚན་ནི། ཆིག་སྒྲིལ་དཔུང་པས་དམ་དུ་བསྒྲེངས།

མདོ་སྨད་གཏེར་གྱི་བུམ་བཟང་ན། སྣ་ཚོགས་སྨན་གྱི་དྲི་བསུང་འཐུལ

སྙུག་ཚོགས་དུང་དཀར་རང་གྲགས་ནི། སུ་ཡིས་འབུད་ལ་རང་དབང་ཉིད།  

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི། མཛའ་མཐུན་དཔལ་བེའུས་ཀུན་ནས་སྦྲེལ།

ཀྲུང་གོའི་བོད་ཡིན་ནམ།

ཨེ་ཤེ་ཡ༌རླུང་འཕྲིན།

 

རྒྱལ་སྤྱིའི་སྐད་ཡིག་སློབ་གླིང།

རྒྱལ་སྤྱིའི་སྙུག་ཚོགས་ལ་ཞུགས་ན་གཟི་བརྗིད་ལྡན།