༅།ང་ཚོ་མཉམ་དུ་འཕུར།

 

༡༽

ཁ་སང་།

ང་སྐྱེ་དུས།

ངའི་ཕ་ཡུལ་ལ་རླུང་དམར་འུར་འུར་གཡུགས།

ཆར་རླུང་དྲག་ཏུ་བབས།

གནམ་ལྕགས་ཀྱི་གློག་རྒོད་རེ་རེས།

གངས་རི་བཞུས་ཤིང་སྤང་ཐང་བསྲེགས།

ས་གཞི་ཁྲག་གིས་བརླན།

 

དེ་ནི་རང་བྱུང་གི་གནོད་འཚེ་མིན།

དེ་ནི་དམར་པོའི་དམག་གི་བཙན་འཛུལ་རེད།

བཙན་འཛུལ། འདྲེ་ལག་རིང་པོ་དེས།

མི་རིགས་ཀྱི་རང་དབང་དང་ཚེ་སྲོག

ཡོད་ཚད་ལ་བཙན་འཛུལ་བྱས།

 

ལོ་ཟླ་དེའི་ནང་དུ།

བྱ་ཁྲས་བདས་པའི་བྱིའུ་བཞིན།

རྨས་མ་མང་པོ་ཞིག་རིང་དུ་བྲོས།

རང་དབང་གཞན་ཞིག་གི་ཆེད་དུ།

རང་དབང་མེད་པར་བྲོས།

གནམ་ས་གཉིས་ལ་རེ་བ་བཅོལ་བཞིན་དུ།

 

༢༽

དེ་རིང།

ང་འཁྱམས་དུས།

རྒྱལ་ཁམས་ཀུན་ལ་བསིལ་རླུང་འཇམ་པོ་ལྡང།

སྦྲང་ཆར་བསིལ་མ་འབབ།

འཇའ་ཚོན་གྱི་བཀྲག་མདངས་རེ་རེས།

རི་བོ་འཁྱུད་ཅིང་སྤང་ཐང་བརྒྱན།

ས་གཞི་འོད་ཀྱིས་སྒེག

 

འདི་ནི་རང་བྱུང་གི་མཛེས་སྡུག་མིན།

འདི་ནི་ཕྱི་གླིང་བའི་རང་དབང་གི་དམངས་གཙོ་རེད།

དམངས་གཙོ། ལྷ་ཡི་ཕྱག་ཟུང་མཉེན་མོས།

མི་ཡི་རང་དབང་དང་ཚེ་སྲོག

ཡོད་ཚད་ལ་དྲོད་སྣང་སྦྱིན།

 

ལོ་ཟླ་འདི་དག་གི་ཁྲོད་དུ།

བདག་པོ་རྙེད་པའི་སྒོ་ཁྱི་བཞིན།

བོད་རྒྱ་མང་པོ་ཞིག་ཉེ་བར་བཅར།

ཐུན་མོང་གི་ཁེ་ཕན་ཞིག་གི་ཆེད་དུ།

རྒྱལ་ཁམས་ཡོངས་ལ་ཡིད་ཆེས་བཅོལ་བཞིན།

 

༣༽

སང་ཉིན།

ང་འཆི་དུས།

ངའི་ཕ་ཡུལ་ལ་རླུང་དམར་ཡོད་དམ།

ཡང་ན།

ངའི་ཕ་ཡུལ་ལ་འཇའ་ཚོན་བཀྲ་འམ།

 

གང་ལྟར།

ངས་ཕ་ཡུལ་དང་ཕ་མ་དྲན་བཞིན།

ངས་རྨི་ལམ་སྐྱིད་པོ་ཞིག་ལ་རེ་བ་བཅོལ་བཞིན།

ང་འཛམ་གླིང་གི་ཕུག་རོན་དཀར་པོའི་ཁྱུ་དང་ལྷན།

ང་ནམ་ཡང་མཁའ་དབྱིངས་ཀྱི་མཐོངས་སུ་འཕུར་ངེས།

ཤོག་དང་། ང་ཚོ་མཉམ་དུ་འཕུར།

 

 

༄༅།།རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག །མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ། །མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག །ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།

     ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ<<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། ༢༠༠༩་༡༡་༡༦།

 

   བོད་དོན་གསར་འགྱུར་རྩོམ་གསར་སོགས། དེ་རིང་སྒོ་བྱང་ངོས་ལ་གཟིགས། གལ་ཆེའི་བཀའ་སློབ་ཡིག་ཆ་སོགས། རིན་ཆེན་གསང་བའི་གཏེར་ལས་བཞེས། སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར། ལན་ཅིག་ཕེབས་དང་རྒྱང་རིང་གྲོགས། ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

      སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

ཕྱག་ན་པད་མོའི་བཞད་སྒྲ་རེས། སྐྱེ་དགུ་འི་སེམས་ལ་བདེ་བ་སྦྲུམ།

 

དམངས་གྲོས་འཁོར་ལོ་རྩིབས་སྟོང་པས། དམར་པོའི་སྲིད་མཚང་གནམ་ལ་དྲངས།

 

རང་དབང་བླ་མེད་གདུགས་ཁྱིམ་ན། རང་མོས་འཚོ་བའི་དགའ་སྟོན་མང།

བདེན་དོན་མི་ནུབ་རྒྱལ་མཚན་ནི། ཆིག་སྒྲིལ་དཔུང་པས་དམ་དུ་བསྒྲེངས།

མདོ་སྨད་གཏེར་གྱི་བུམ་བཟང་ན། སྣ་ཚོགས་སྨན་གྱི་དྲི་བསུང་འཐུལ

སྙུག་ཚོགས་དུང་དཀར་རང་གྲགས་ནི། སུ་ཡིས་འབུད་ལ་རང་དབང་ཉིད།  

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི། མཛའ་མཐུན་དཔལ་བེའུས་ཀུན་ནས་སྦྲེལ།

ཀྲུང་གོའི་བོད་ཡིན་ནམ།

ཨེ་ཤེ་ཡ༌རླུང་འཕྲིན།

 

རྒྱལ་སྤྱིའི་སྐད་ཡིག་སློབ་གླིང།

རྒྱལ་སྤྱིའི་སྙུག་ཚོགས་ལ་ཞུགས་ན་གཟི་བརྗིད་ལྡན།