སྦྲ་གུར་གྱི་ཁྱིམ་གཞི་ངེད་ཚང།
ནོ་ཡོན་སྐུ་ཕྲེང་དྲུག་པ་བློ་བཟང་བསྟན་པ་དར་རྒྱས་ཚང་ཡང་དུས་ལོག་གི་རླུང་དམར་ནང་དུ་སྐྱ་བོའི་བརྟུལ་ཞུགས་འཛིན་དགོས་བྱུང་བ་བཞིན་སྐྱ་སར་བབས་ཏེ། མདའ་ཚན་ཐུ་མེད་སྡེ་བའི་སྒྲོལ་མ་མཚོ་ཞེས་པའི་སྨན་ཤར་སེམས་བཟང་མ་ཞིག་དང་གཉེན་བསྒྲིགས་རྗེས། སྲས་མོ་ཁོ་མོ་དང། སྲས་ཆོས་དབྱིངས། སྲས་འཕྲིན་ལས། སྲས་བརྩོན་འགྲུས་བཞི་སྔ་རྗེས་སུ་འཁྲུངས།
སྲས་མོ་ཁོ་མོ་གཞོན་དུས་སུ། སྦྲ་ནག་སྡེ་བའི་ཨ་མྱེས་གདུགས་དཀར་རྒན་རྒོན་གཉིས་ལ་བུ་སྐལ་དུ་བརྫངས། སྐབས་དེར་སྦྲ་ནག་ར་ལོ་ཚང་གི་རྒྱུད་པ་རྟ་མགྲིན་སྐྱབས་དང་མཛའ་འབྲེལ་བྱུང་ནས་མ་བསམས་ས་ནས་ལན་ཆགས་བུ་ལོན་ཞིག་འཁོར་བ་ནི་ཆུ་མོ་ཡོས་ལོར་༼༡༩༦༣༽སྐྱེས་པ་ཨ་ལགས་ཡ་རོང་ཚང་ལ་ཞུས་ནས་མིང་ལ་ལྷ་མོ་སྐྱབས་ཞེས་བཏགས་པ་བདག་གོ ཨ་མྱེས་གདུགས་དཀར་རྒན་རྒོན་གཉིས་ཀྱིས་ནོར་བུ་རིན་པོ་ཆེ་ལྟར་གཅེས་པར་བསྐྱངས་ཚུལ་དྲན་གྱི་འདུག ཨ་མྱེས་ཁོང་ནི་ཆོས་སེམས་ཆེ་བ་ཞིག་སྟེ། མ་ཎི་དུང་ཕྱུར་བཏོན་ནས་དུང་སོ་དཀར་མོ་སྐྱེས་པ་བདག་གིས་ཀྱང་དངོས་མཇལ་བྱུང།
བདག་ལོ་གསུམ་ཙམ་ལ་ཕ་རྟ་མགྲིན་སྐྱབས་ལགས་དང་ཕ་མ་སྤུན་མཆེད་བསྟན་པ་ལགས་དང་ངའི་ཨ་མ་ལགས་གཉིས་ལས་མཐུན་གྱི་བཟའ་ཟླར་གྱུར་ཅིང། ཁོང་གིས་ང་ལ་ཨ་ཀའི་ཞེས་གཅེས་པས་ངས་ཀྱང་ཁོང་ལ་ཨ་ཀ་ཞེས་བོས་པ་རྗེས་སུ་ངའི་ནུ་མོ་དང་ནུ་བོ་ཚང་མས་ཀྱང་རང་གི་ཨ་ཕར་ཨ་ཀ་ཞེས་འབོད་སྲོལ་ཞིག་ཏུ་གྱུར་བ་ནི་ཅུང་དགོད་བྲོ་བ་ཞིག་རེད་ཨང། བདག་ལ་སྲིང་མོ་རྟ་མགྲིན་མཚོ་དང། གཅུང་བོ་ཚེ་རིང་དོན་གྲུབ། སྲིང་མོ་གདུགས་དཀར་སྐྱིད་དང་འཇིགས་བྱེད་མཚོ། ནུ་བོ་དབང་ཕྱུག་ཚེ་རིང། ནུ་མོ་གཅོད་པ་སྐྱིད་དང་སྐལ་བཟང་སྐྱིད་བཅས་རིམ་བཞིན་སྐྱེས་སོ།
བདག་གི་ཕ་ཡར་ཁོང་ལ་སྦྲ་ནག་བསྟན་ཀོ་ཞེས་འབོད་ཅིང། ཨ་ལགས་བྲག་སྒོམ་པ་ཚང་གི་རྣམ་ཐར་ཞིག་བརྩམས་པར་མ་ཟད། སྙན་རྩོམ་ཅི་རིགས་དེབ་ཆུང་ལོངས་པ་ཞིག་བདག་ལ་བསྐུར་བྱུང་བས་བདག་གིས་ཀྱང་ཁོང་ལ་ཅང་ཤེས་ཞེས་པའི་སྙུག་མིང་ཞིག་་ཕུལ་ཅིང་། སྙུག་མིང་དེའི་ཐོག་ནས་ཁོང་གི་སྙན་ཚིག་འགའ་རེ་རྩམ་པ་དུས་དེབ་ནང་ལ་བཀོད་ཡོད། མི་རིང་བར་ཁོང་གི་སྙན་དེབ་ཅིག་དཔར་སྐྲུན་བྱ་རྒྱུ། དེ་ནི་ཁོང་གིས་བདག་ལ་བཅོལ་བའི་རེ་བའང་ལགས་ལ་བདག་གིས་འཇལ་འོས་པའི་དྲིན་ལན་ཞིག་ཀྱང་ལོས་ཡིན།
མ་རྒྱུད་ཨ་ལགས་ནོ་ཡོན་ཚང་དང་ཕ་རྒྱུད་སྦྲ་ནག་ར་ལོ་ཚང་གི་བྱུང་བ་མདོ་ཙམ་གཤམ་དུ་ལོགས་སུ་བཀོད་པའི་རྗེས་ལ་བདག་གི་མི་ཚེའི་བྱུང་བ་རགས་ཙམ་ཡང་འབྲི་བཞིན་ཡོད།
སྦྲ་ནག་གྲུ་བཞི་མགོ་ནག་བོད་པའི་ཁྱིམ།
གུར་དཀར་ཟླུམ་པོ་སེར་པོ་སོག་གི་ཁྱིམ།
དེ་གཉིས་གཅིག་ཏུ་གྲུབ་པ་བདག་གི་ཁྱིམ།
ཕྱོགས་རིས་གཏད་སོ་མེད་པ་ཀུན་དགའི་ཁྱིམ།
༢༠༡༠།༢།༢༦།