ཁྲི་འདུས་སྲོང་འཕྲུལ་གྱི་རྒྱལ་པོ

 

          ༦༧༦ལོར་མང་སྲོང་མང་བཙན་གཙང་གི་བར་སྣང་དུ་སྐུ་གཤེགས། ཞག་འགའ་ནས་སྲས་ཁྲི་འདུས་སྲོང་འཁྲུངས། ལོ་གསུམ་ལ་བཙན་པོ་གྲོངས་པ་གསང་རྒྱ་གནང་ནས་འབྲོ་བཟའ་ཁྲི་མ་ལོད་ཀྱིས་དབང་བཟུང༌།

 

          ལོ་འདིར་གྲུ་གུར་ནང་འཁྲུག་དང་ཐང་དམག་གིས་ཚུར་རྒོལ་ཉེན་ཁ་ཆེ་བས་དམག་དཔོན་མགར་བཙན་སྙས་གྲུ་གུར་བོད་དམག་དྲངས་ཏེ་མཐའ་མཚམས་བརྟན་སྲུང་གི་གཙོ་འགན་ཁུར།

 

          ༦༧༩ ལོར་སྲས་འདུས་སོང་ལ་བཙན་པོ་ཁྲི་འདུས་སྲོང་མང་པོ་རྗེ་ཞེས་མཚན་གསོལ་ནས་རྒྱལ་ཁྲིར་མངའ་གསོལ་ཏེ། ཡུམ་ཁྲི་མ་ལོད་ཀྱིས་སྔར་བཞིན་བོད་ཆེན་པོའི་ཆབ་སྲིད་ལ་དབང་བསྒྱུར།

 

          ༦༨༢ ལོར། ཐང་ཀའོ་ཙུང་ཁྲག་ཤེད་མཐོ་བའི་ནད་ཀྱིས་འདས་གྲོངས་སུ་གྱུར། བཙུན་མོ་ཨུ་རྫི་ཐན་གྱིས་ཐང་རྒྱལ་རབས་ཆེན་པོའི་སྲིད་ལ་དབང་བསྒྱུར།

 

          ༦༨༥ ལོར་བློན་ཆེན་བཙན་སྙ་དང་མང་ཉེན་སྟག་ཙབ་བར་ལ་ནང་དམེ་བྱུང་ནས་བློན་བཙན་སྙ་བཀུམས།

 

          ༦༨༧ ལོར་བློན་ཆེན་ཁྲི་འབྲིང་གིས་གཅེན་བཙན་སྙའི་སྐུ་ཚབ་བྱས་ནས་གྲུ་གུར་དམག་སྲིད་བཟུང་སྟེ་རྒྱལ་མཚམས་བསྲུངས།

 

          སྐབས་འདི་དག་ལ། ནང་གི་རྒྱལ་ཕྲན་འགས་ཟིང་ཆ་སློང་མགོ་བརྩམས་པས། ཡུམ་ཁྲི་མ་ལོད་ཀྱི་ཐུགས་ལ་མེས་སྲོང་བཙན་གྱིས་གཉེན་འབྲེལ་གྱི་ཐབས་ཀྱིས་རྒྱལ་ཁམས་ཞི་འཇགས་བཏང་བའི་ཐབས་ཚུལ་དེ་དྲན།

 

          དེར་ཡུམ་ཁྲི་མ་ལོད་ཀྱིས་སྲས་བཙན་པོ་དང༌། སྐུའི་གཅེན་མོ་གཉིས་བཅས་ལྷན་འཛོམས་གནང་བཅུག་ནས། འདས་པའི་ལོ་རྒྱུས་དང་སྐབས་དེའི་གནས་བབ་དང་བཅས་དགོངས་ཚུལ་རྣམས་ཞིབ་ཏུ་གསུངས།

 

          གཅེན་མོ་གཉིས་ཀྱང་དགུང་ན་ཆུང་མོད། བསམ་ཤེས་ཐུབ་ལ་སྤོབས་པ་མཐོ་བས་ཨ་ཕྱི་ཁྲི་མ་ལོད་ཀྱི་བཀའ་གསུང་དང་ལེན་གནང༌།

 

          ༦༨༨ ལོར། བཙན་པོའི་གཅེན་མོ་ཁྲི་མོ་སྟེངས་དྭགས་ཡུལ་རྗེ་བོའི་བཙུན་མོར་བརྫངས་ཏེ་གཉེན་སྟོན་ཕུན་སུམ་ཚོགས་པ་བྱས།

 

          ༦༨༩ ལོར། ཨ་ཆེ་ཁྲི་པངས་འ་ཞའི་རྗེ་བོའི་བཙུན་མོར་བརྫངས་ཏེ་གཉེན་སྟོན་ཆེན་པོ་བྱས། དེ་བས་ནང་ཁུལ་གྱི་མཛའ་འབྲེལ་དམ་ཟབ་ཏུ་གྱུར་ཅིང་ཆབ་སྲིད་ལྷིང་འཇགས་སུ་གྱུར།

 

          ༦༩༢ ལོར། ཐང་གི་དམག་དཔོན་ཆེན་པོ་ཝང་ཞའོ་ཅེ་ཡིས་ཁྲི་དམག་ཅིག་ཁྲིད་ནས་བོད་དམག་ལ་འཐབ། ཡན་ཇི་སོགས་ཤིན་ཅང་གི་ཞིང་ཆེན་བཞི་བོ་ཕྱིར་བླངས།

 

          ༦༩༥ ལོར། གོང་མ་ཝན་སོས་ཏིན་གྱིས། ཝང་ཞའོ་ཅེ་སུའུ་པེའན་ཏའོ་ཡི་སྤྱི་ཁྱབ་དམག་དཔོན་དང༌། ལིག་ཧྲེ་ཏེ་དམག་སྤྱི་གཞོན་པར་བསྐོས།

 

          ༦༩༦ ལོར་ཁོ་གཉིས་ཀྱིས་རི་བོ་སུའུ་ལོ་ཧན་དུ་དམག་དྲངས་ནས་བློན་ཁྲི་འབྲིང་དང་བཙན་བྲོད་ཀྱི་བོད་དམག་དང་འཐབ་ནས་ཕམ་ཉེས་ཆེན་པོ་བྱུང་བས། གོང་མ་ཐུགས་ཁྲོས་ཏེ། ཝང་ཞའོ་ཅེ་ཡི་གོ་གནསབླངས།

 

          ༦༩༨ ལོར། བློན་ཆེན་མགར་ཁྲི་འབྲིང་གིས་ཙོང་ཁའི་ཡུལ་དུ་དམག་དྲངས་ནས་རྒྱ་དང་འཐབ་ཅིང༌། རྒྱའི་དམག་སྤྱི་ཆེན་མོ་ཞིག་བཟུང༌།

 

          ༦༩༩ ལོར། བཙན་པོ་ཁྲི་འདུས་སོང་གིས་དངོས་སུ་དམག་སྣ་དྲངས་ཏེ་རྒྱ་དམག་རྣམས་མདོ་སྨད་ཀ་ཆུའུ་བར་ལ་བདས།

 

          ལོ་འདིར་བཙན་པོ་ས་མཚམས་ལ་གཟིགས་སུ་ཕེབས། འོན་ཀྱང་དམག་དཔུང་ནང་ལ་བཙན་པོ་ལས་མགར་གྱི་བུ་ཚ་དག་གི་མཚན་སྙན་དང་དབང་བཙན་ལ། དམག་འཐབ་ཐོག་ནས་བཙན་པོ་དང་ཁྲི་འབྲིང་བར་ལ་རྩོད་པའང་ཤོར།

 

 

          བློན་ཆེན་ལོན་ཡོན་ཞེས་པས། མ་དགའ་ཕྲག་དོག་གིས། མགར་གྱི་བུ་ཚ་དག་གིས་དམག་སྲིད་བཟུང་ནས་བཙན་པོའི་བཀའ་ཡང་མི་བརྩི་བས་སྲིད་འཕྲོག་འདོད་ཡོད་ཚུལ་སོགས་ཕྲ་མ་བཅུག་པས་བཙན་པོ་ཡིད་ཆེས།

 

          བཙན་པོས རི་དྭགས་རྔོན་པར་ཁ་གཡར་ནས་རྟ་དམག་ཧྲག་བསྡུས་ཀྱིས་ཁྲི་འབྲིང་གི་འཁོར་དམག་ཉིས་སྟོང་ལྷག་གཡོ་ཐབས་ཀྱིས་བཟུང་ནས་བསད།

 

          ཁྲི་འབྲིང་གིས་དེ་ཤེས་ནས་བཙན་པོར་ངོ་ཡ་བྱེད་པར་བརྩམས་ཀྱང༌། དམག་རྣམས་ནང་འཁྲུག་རྒྱག་མ་འདོད་པར་ཡར་མར་ཁ་འཐོར།

 

          དེར་ཁྲི་འབྲིང་གིས་རང་སྲོག་བཅད། ཁོའི་བློས་ཐུབ་རྗེས་འབྲང་བ་བརྒྱ་ལྷག་གིས་ཀྱང་རང་སྲོག་བཅད།

 

          བཙན་བྲོད་ཀྱིས་གཅེན་པོའི་སྲས་མང་བོ་རྗེ་དང་རང་གི་འཁོར་སྟོང་ཕྲག་གཅིག་ལྷག་རྣམས་ཁྲིད་དེ་ཐང་གོང་མར་སྐྱབས་བཅོལ།

 

          ཡ་ང་བའི་ནང་དམེ་དེ་དག་ཐོས་པས་བོད་ནང་ཁུལ་ལ་ཟིང་ཆ་མང་པོ་བྱུང་ཞིང༌། མཐའི་རྒྱལ་ཕྲན་འགའ་ཞིག་གིས་ངོ་ལོག

 

         

          ༧༠༠ ལོར། བཙན་པོ་དང་མང་པོ་རྗེ་ལྷ་ཟུང་གིས་ལེང་ཀྲིག་ཏུ་དམག་སྣ་དྲངས། ཧོང་ཡོན་ཀུའུ་འགག་འཕྲང་དུ་བོད་དམག་ཉིས་སྟོང་ལྔ་བརྒྱ་ལྷག་གི་སྲོག་ཤོར་ནས་རྒྱལ་ཁ་ཐོབ།

 

          ༧༠༢ ལོར། བཅན་པོས་སླར་ཡང་དམག་ཆིག་ཁྲི་ལྷག་ཁྲིད་དེ། ཞི་ཀྲིག་ཏུ་ཁྲིན་ཏ་ཆི་ཡི་དམག་དཔུང་ལ་ཐེངས་བཞི་འཐབ་ནས་གཡུལ་ལས་རྒྱལ།

 

          ༧༠༣ ལོར་བཙན་པོས་འཇང་ཡུལ་ལ་དམག་དྲངས་ཏེ་ལས་སླ་བོར་དབང་དུ་བསྡུས། དེ་ལྟར་གཡུལ་འཐབ་དྲག་པོ་དང་རྒྱལ་ཁ་ཆེན་པོ་བླངས་པས། རླུང་ནམ་འཕྲུལ་གྱི་རྒྱལ་པོ་ཞེས་གྲགས།

 

          ལོ་དེར་ལྷོ་བལ་གྱིས་ངོ་ལོག་ཟིང་འཁྲུག་བསླངས་པས་བཙན་པོས་དམག་དྲངས་ཏེ་ཞི་འཇགས་བཏང༌།

 

          ༧༠༤ ལོར་མྱྭའི་ཡུལ་དུ་དམག་དྲངས་ནས་ལས་སླ་བོར་མྱྭ་དཀར་པོ་ཆམ་ལ་ཕབ་ཅིང་མྱ་ནག་པོ་དབང་དུ་བསྡུས།

     ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ<<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། ༢༠༠༩་༡༡་༡༦།

 

   བོད་དོན་གསར་འགྱུར་རྩོམ་གསར་སོགས། དེ་རིང་སྒོ་བྱང་ངོས་ལ་གཟིགས། གལ་ཆེའི་བཀའ་སློབ་ཡིག་ཆ་སོགས། རིན་ཆེན་གསང་བའི་གཏེར་ལས་བཞེས། སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར། ལན་ཅིག་ཕེབས་དང་རྒྱང་རིང་གྲོགས། ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

      སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

ཆ་འཕྲིན་དཔལ་གྱི་བེའུ།

ཀྲུང་གོའི་བོད་མིན།

http://lgshortprayer.blogspot.fr/