༄༅།།རྩོམ་རིག་སློབ་ཁྲིད་དང་སྦྱོང་བརྡར་གྱི་རྨང་གཞི།

 

          རྩོམ་རིག་སྨྲ་བ་སྐུ་ཞབས་དོན་གྲུབ་རྒྱལ་གྱི<སློབ་ཁྲིད་དང་སྦྱར་བའི་རྩོམ་རིག་གི་ཟིན་བྲིས>དང། <རྩོམ་རིག་སྒྱུ་རྩལ་གྱི་སྣང་བརྙན་སྐོར་ཅུང་ཙམ་གླེང་བ>གཉིས་ལ་དགོས་དབང་གིས་སྣོན་འཕྲི་ཅུང་ཟད་དང་བཅས་བཀོད་པའོ།

 

ལེའུ་དང་པོ། སྤྱིའི་རྣམ་བཤད།

 

གཅིག སྤྱི་འདུས་དང་ལག་ལེན་གྱི་རང་བཞིན།

 

          རྩོམ་པའི་གནས་ལ་འཇུག་པའི་སློབ་ཚན་ནི་སྤྱི་འདུས་ཀྱི་རང་བཞིན་དང་ལག་ལེན་གྱི་རང་བཞིན་ཧ་ཅང་ཆེ་བའི་རྨང་གཞིར་གྱུར་པའི་སློབ་ཚན་ཞིག་ཡིན།

          རྩོམ་པའི་གནས་ལ་འཇུག་པའི་སློབ་ཚན་འདི་ནི་མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་གྱི་ནང་ནས་ཧ་ཅང་གལ་ཆེ་བ་ཞིག་ཡིན་ལ། རིག་པའི་གནས་ལ་འཇུག་པའི་གསར་སློབ་པ་དག་གིས་ངེས་པར་སྦྱོང་དགོས་པའི་རྨང་གཞིའི་ཤེས་བྱ་ཞིག་ཀྱང་ཡིན། དེ་ལ་སྤྱི་འདུས་ཀྱི་རང་བཞིན་དང་ལག་ལེན་གྱི་རང་བཞིན་ཧ་ཅང་ཆེ་ལ། རྩོམ་འབྲི་བའི་བྱ་བ་འདི་ནི་སྤྱི་འདུས་ཀྱི་རང་བཞིན་ལྡན་པའི་ཀླད་ཤུགས་ཀྱི་ངལ་རྩོལ་ཞིག་རེད།

          རྩོམ་ཡིག་ཅིག་འབྲི་བ་ནི་རྩོམ་པ་པོའི་བསམ་བློ་དང། འཚོ་བ། ཤེས་བྱའི་ཆུ་ཚད་དང། རང་ཉིད་ཀྱི་འཇོན་ཐང་གི་སྤྱི་འདུས་དང་གཅིག་སྡུད་ཀྱི་མཚོན་སྟངས་ཤིག་རེད། དེའི་ཕྱིར། རྩོམ་པ་ལ་འཇུག་པའི་སློབ་ཚན་འདི་ནི། རང་རང་སོ་སོའི་རྩོམ་རིག་ལྟ་ཀློག་གི་ཤེས་རྟོགས་ནུས་པ་མཐོར་འདེགས་ཡོང་བ་ལ་ཕན་པ་ཙམ་མ་ཟད། མི་རྣམས་ལ་རྩོམ་ལེགས་པོ་ཞིག་ཆུལ་ཇི་ལྟར་འབྲི་བའི་ལམ་བཟང་པོ་ཞིག་སྟོན་པའང་ཡིན་པས། རྣམ་པ་རྒྱ་ཆེ་ཞིང་ནང་དོན་ཕུན་སུམ་ཚོགས་པ་ཞིག་རེད།

          ཡིན་ན་ཡང། རྩོམ་རིག་ཁྲིད་སྟོན་གྱིས་རྩོམ་རིག་གི་ཆོས་ཉིད་རྣམས་གསལ་བཤད་གང་འཚམ་ཐུབ་ན་ཡང། རྩོམ་འབྲིའི་ཐབས་རྩལ་ཁོང་དུ་ཆུད་པ་ཞིག་འོང་བ་ལ་རྩོམ་འབྲིའི་ལག་ལེན་དངོས་ཀྱི་རིམ་པ་བརྒྱུད་དགོས་པས། ང་ཚོས་རྩོམ་རིག་གི་ཤེས་བྱ་ཐར་ཐོར་རེ་ཤེས་པ་ཙམ་གྱིས་ཚིམ་པར་མི་བྱ་བར་རང་ཉིད་ཀྱིས་རྩོམ་འབྲིའི་སྦྱོང་བརྡར་ལ་འབད་བརྩོན་ཆེན་པོ་བྱེད་དགོས། རྩོམ་རིག་གཞུང་ལུགས་ཁག་ལ་སློབ་སྦྱོང་དང་རྩོམ་པ་པོ་གཞན་དག་གི་ཉམས་མྱོང་ལ་དཔེ་ལྟ་དགོས་ལ། དེ་ཡང་རང་གི་རྩོམ་འབྲིའི་ལག་ལེན་ནང་ནས་ངོས་འཛིན་དང་ཤེས་རྟོགས་ཐུབ་པ་བྱེད་དགོས།

          རྩོམ་བཟང་པོ་ཞིག་འབྲི་ན། རང་གི་སྐད་ཡིག་དང་རྩོམ་རྩལ་ལ་ནང་བྱན་ཆུད་པའི་སྦྱོང་བརྡར་ཡོད་པའི་ཐོག བསམ་བློ་བླ་ན་མེད་པའི་གཤིས་ཀ་ཞིག་ཀྱང་ངེས་པར་ལྡན་དགོས། རྨང་གཞི་དེའི་ཐོག་ཏུ་ལྟ་རྒྱ་དང་མཐོང་རྒྱ་ཆེ་དགོས་ཤིང། བསམ་བློའི་ཆུ་ཚད་དང། འཚོ་བའི་ཉམས་མྱོང། སྤང་བླང་གི་རྣམ་དཔྱོད། གོ་བརྡ་སྤྲོད་པའི་ནུས་པ་སོགས་ཕྱོགས་གང་ཅིའི་ཐད་ཀྱི་ཡོན་ཏན་འཛོམས་དགོས།

          རྩོམ་པ་ལ་འཇུག་པའི་སློབ་ཚན་འདིའི་ཁྲིད་གཞི་གཙོ་བོ་ནི། རྩོམ་ལུས་ཁག་གི་ཁྱད་ཆོས་རྣམས་ལ་སློབ་སྦྱོང་བྱེད་རྒྱུ་དེ་ཡིན། དེ་ལ་ཐོག་མར་རྨང་གཞིའི་ཤེས་བྱ་སྟེ། བརྗོད་བྱའི་དོན་དང། དེ་གནས་སའི་གཞི། རྩོམ་གྱི་སྒྲིག་གཞིའི་ལུས་གྲུབ་ཚུལ། རྩོམ་གྱི་ཉམས་འདོད་ཚུལ། རྩོམ་ཡིག་བཟོ་བཅོས་བྱེད་ཚུལ་སོགས་ཡིན་ལ། རྩོམ་གྱི་ལུགས་དང་ཉམས་སོགས་འདོན་ཚུལ་མི་འདྲ་བའི་རྩོམ་ཡིག་ཁག་ལ་ཡང་སློབ་སྦྱོང་བྱེད་དགོས། དེ་དང་ཆབས་ཅིག་ད་དུང་འཆར་གཞི་ཡོད་ལ་རྒྱུད་རིམ་ལྡན་པའི་སྒོ་ནས་སློབ་མ་ཚོར་རྩོམ་འབྲི་རུ་འཇུག་པ་དང། དེ་ཡང་གཙོ་བོ་རྩོམ་ཚུལ་མི་འདྲ་བ་རེ་རེ་ནས་ཡང་ཡང་འབྲི་སྦྱོང་བྱེད་དགོས།

        སྤྱིར་རང་རེའི་བོད་ལ་བཅད་ལྷུག་སྤེལ་མའི་རྩོམ་ལུས་དང། དེ་སྦྱོར་ཚུལ་གྱི་སྙན་གཞུང་མེ་ལོང་མའི་འགྲེལ་བ་རྒྱས་བསྡུས་མང་པོ་ཞིག་ཡོད་མོད། དེའི་ནང་དུ་མ་འདུས་པའམ་མ་ཚང་བའི་རྩོམ་གྱི་རྣམ་པ་གསར་པ་དང། རྩོམ་ཚུལ་གསར་པ། ཉམས་འདོད་ཚུལ་གསར་པ་སོགས་ཡོད་པས། ང་ཚོས་མི་རིགས་གཞན་དག་གི་རྩོམ་འབྲིའི་ཤེས་བྱ་དང་ཉམས་མྱོང་ལས་ཀྱང་ལེགས་ཆ་གང་མང་ཞིག་ལེན་དགོས་པ་ནི་དུས་རབས་དང་སྤྱི་ཚོགས་ཀྱི་དགོས་མཁོ་ཞིག་ཀྱང་ཡིན།

 

གཉིས་པ། རྩོམ་པ་ལ་འཇུག་པའི་སློབ་ཚན་གྱི་དོན་སྙིང༌།

 

          དེ་ཡང་སྙན་གཞུང་ལས།འདི་ན་ཀུན་ཏུ་མཆོག་རྣམས་ཀྱིས། །རྗེས་སུ་བསྟན་དང་ལྷག་མའི་ཡང །ཚིག་རྣམས་ཉིད་ཀྱི་དྲིན་ལས་ནི། །འཇིག་རྟེན་ལུགས་ལ་འཇུག་པར་བྱེད། །གལ་ཏེ་སྒྲར་བོད་སྣང་བ་ཡིས། །འཁོར་བ་གསལ་བར་མ་བྱས་ན། །འཇིག་རྟེན་གསུམ་པོ་མཐའ་དག་འདི། །སྨག་རུམ་མུན་པ་ཉིད་དུ་འགྱུར། །ཅེས་བརྡ་སྤྲོད་ཡི་གེ་འདི་ཉིད་འཇིག་རྟེན་འཚོ་བའི་ལམ་ངོགས་གསལ་བར་བྱེད་པའི་སྣང་གསལ་གྱི་སྒྲོན་མེ་མེད་དུ་མི་རུང་བ་ཞིག་ཏུ་ངོས་བཟུང་བ་བཞིན། ལྷག་པར་དུ་ཡང་ཚན་རིག་དར་རྒྱས་ཀྱི་མྱུར་ཚད་མཐོན་པོས་མིའི་རིགས་ཀྱི་སྤྱི་ཚོགས་མདུན་སྐྱོད་བྱེད་ཀྱིན་པའི་དུས་རབས་འདིར། མི་རྣམས་ཀྱིས་སྐད་ཡིག་གི་རིན་ཐངལ་སྔར་ལས་མཐོང་ཆེན་གྱིས་སྤྱི་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་བཀོད་སྒྲིག་བྱེད་པ་དང །ཆབ་སྲིད་དང། དཔལ་འབྱོར། རིག་གནས་ལ་སོགས་པའི་བྱ་འགུལ་སྤེལ་བ། ཚན་རིག་གི་ཤེས་བྱ་བརྒྱུད་སྒྲོག སྤྱི་ཚོགས་ཀྱི་གནས་ཚུལ་བརྗེ་རེས་བྱེད་པ་སོགས་ཀྱི་ལག་ཆ་གལ་ཆེན་ཞིག་ཏུ་བརྩི་གིན་ཡོད། རྩོམ་འབྲི་བའི་ཐབས་ལམ་ལ་བརྟེན་ནས་བསམ་བློའི་མྱོང་ཚོར་ལྷུག་པོར་བརྗོད་པ་དང། ཚན་རིག་གི་གྲུབ་འབྲས་སྙིང་བསྡུས་བྱེད་པ། བསམ་བློའི་རྒྱུ་ནོར་མཛོད་དུ་སྣོན་པ། དེ་དང་དེ་ལ་སོགས་པའི་སྤྱི་ཚོགས་ཀྱི་བྱ་འགུལ་སྤེལ་བ་ནི་ང་ཚོའི་འཚོ་བའི་ནང་ཉིན་རེ་བཞིན་གལ་ཤིན་ཏུ་ཆེ་བའི་གོ་གནས་བཟུང་ཡོད།

          དེ་བས། རྩོམ་རིག་གི་ཤེས་བྱ་སློབ་སྦྱོང་དང་རྩོམ་འབྲིའི་ཆུ་ཚད་ཇེ་མཐོར་གཏོང་རྒྱུ་ནི་སློབ་གསོ་གོང་འཕེལ་གཏོང་རྒྱུའི་གཞི་རྩར་གྱུར་པའི་ཐབས་ལམ་ཞིག་ཡིན་པ་མ་ཟད། དེང་རབས་ཀྱི་འཚོ་བ་གསར་སྐྲུན་བྱེད་པའི་ནང་གི་དགོས་མཁོ་འགངས་ཆེན་ཞིག་ཀྱང་རེད། ད་དུང་བསམ་བློ་ཡང་དག་པ་དང། ལྟ་བ་མངོན་པརགསལ་བ། བརྩེ་དུང་ལ་གཡོ་ལྷད་མ་འདྲེས་པ། བརྗོད་བྱའི་དོན་སྙིང་གསལ་བོར་སྟོན་པ། གཏན་ཚིགས་ཡོད་ལ་མགོ་རྔ་ཚང་བ། སྡེབ་སྦྱོར་ལེགས་ཤིང་སྙན་ཆ་ཡོད་པ་བཅས་ཀྱི་ཁྱད་ཆོས་དང་ལྡན་པའི་རྩོམ་ཡིག་ཅིག་འབྲི་ཐུབ་པར་བྱེད་པའི་རྨང་གཞིར་གྱུར་པའི་ནུས་པ་འདོན་ཐབས་ཤིག་རེད།

          མདོར་ན། རྩོམ་འབྲི་བ་ནི་ལག་ཆའམ་མཚོན་ཆ་ཞིག་དང་འདྲ་བས། ང་ཚོས་ལག་ཆ་བཀོལ་ཤེས་ཤིང་མཚོན་ཆ་དེ་འཛིན་ཤེས་དགོས། རྩོམ་འབྲི་བ་ནི་རྨང་གཞི་ཞིག་ཡིན་ལ་མཐུ་རྩལ་ཞིག་ཀྱང་རེད། ང་ཚོས་ངེས་པར་དུ་རྨང་གཞི་བཟང་པོ་ཞིག་འདིང་དགོས་ལ་མཐུ་རྩལ་དེ་ཁོང་དུ་ཆུད་པ་བྱེད་དགོས། རྩོམ་འབྲི་བ་ནི་གསར་སྐྲུན་རང་བཞིན་ལྡན་པའི་བསམ་བློའི་ཐོན་སྐྱེད་ཅིག་ཡིན་པས། མཐའ་གཅིག་ཏུ་འདི་འདི་དང་དེ་དེ་ཡིན་གྱི་གདམས་ངག་ཅིག་ཡོད་པ་མིན་ལ། གསང་བའི་མན་ངག་ཅིག་རྡོག་རྡོག་བྱས་ནས་སྟེར་རྒྱུ་ནི་དེ་བས་ཀྱང་མེད། ཡིན་ན་ཡང༌། རྩོམ་འབྲི་བའི་ཆོས་ཉིད་དང་ཐབས་ཤེས་ནི་བཙལ་ན་རྙེད་ཐུབ་པ་ཞིག་ཡིན། དཔེར་ན། སྙན་ངག་མེ་ལོང་མ་ནི་སྙན་ངག་རྩོམ་འབྲིའི་བརྒྱུད་རིམ་ནང་ནས་བཙལ་ནས་རྙེད་པའི་སྙན་ངག་གི་ཆོས་ཉིད་ཅིག་ཡིན་ལ། ང་ཚོས་སྙན་ངག་རྩོམ་པའི་ཐབས་ཤེས་གལ་ཆེན་ཞིག་ཀྱང་རེད། དེས་ན་ང་ཚོས་ཀྱང་རྩོམ་རིགས་མི་འདྲ་བ་སོ་སོའི་རྩོམ་ཚུལ་དང་རྩོམ་ཉམས་སོགས་ལ་འབད་པས་སློབ་སྦྱོང་དང་ཞིབ་འཇུག་བྱས་ན། དེ་དག་གི་ཆོས་ཉིད་དང་ཐབས་ཤེས་ནི་ངེས་པར་དུ་རྙེད་ཐུབ་པ་ཞིག་གོ

 

གསུམ། རྩོམ་འབྲིའི་ཆུ་ཚད་མཐོ་རུ་གཏོང་ཐབས།

 

          རྩོམ་རིགས་འདྲ་མིན་འབྲི་འདོད་ན། རྩོམ་ལུས་སོ་སོའི་ཁྱད་ཆོས་དང་རྩོམ་འབྲིའི་ཐབས་རྩལ་ཁོང་དུ་ཆུད་དགོས་པས། ང་ཚོས་རྩོམ་རིག་གཞུང་ལུགས་ལ་ངེས་པར་སློབ་སྦྱོང་བྱེད་པ་དང་མཉམ་དུ་རྩོམ་མང་དུ་འབྲི་དགོས་ལ། དེ་དག་ཡང་ལྟ་བསྐྱར་བསམ་གྱིས་བཟོ་བཅོས་ཡང་ཡང་བྱེད་པ་དང། རང་གི་མཐོང་རྒྱ་ཐོས་རྒྱ་ཇེ་ཆེར་གཏོང་བ་སོགས་ནི་རྩོམ་འབྲིའི་ཆུ་ཚད་ཇེ་མཐོར་གཏོང་བའི་མྱུར་ལམ་ཞིག་ཡིན།

          རྩོམ་འབྲི་བའི་ནུས་པ་ནི་རང་ཉིད་ཀྱི་ཕྱོགས་གང་ཅིའི་ཐད་ཀྱི་ཤེས་ཡོན་རྣམས་རྩོམ་ཡིག་ནང་གཅིག་བསྡུས་ཀྱིས་བཀོད་པའི་མཚོན་རྟགས་ཤིག་ཡིན་པས། རྩོམ་འབྲི་བའི་ཆུ་ཚད་མཐོ་རུ་གཏོང་དགོས་ན། ཕྱོགས་གང་ཅིའི་ཐད་ནས་རང་ཉིད་ཀྱི་ཤེས་བྱ་ཕུན་སུམ་ཚོགས་པ་ཞིག་བྱེད་དགོས། རྩོམ་ཡིག་ཅིག་གི་ནང་དུ་ཕྱི་རོལ་ཡུལ་གྱི་དངོས་པོ་དང་སྤྱི་ཚོགས་ཀྱི་འཚོ་བ་མཚོན་ཡོད་ལ། དོན་དམ་དུ་རྩོམ་མཁན་གྱི་བསམ་བློ་དང་གཤིས་ཀ་མཚོན་ཡོད།

          བྱེ་བྲག་ཏུ་རྩོམ་པའི་ཆུ་ཚད་མཐོ་རུ་གཏོང་བའི་མྱུར་ལ་འགའ་མཆིས་ཏེ།

          ༡། སྤྱི་ཚོགས་འཚོ་བར་ཞིབ་ལྟ་བྱེད་པ།

          རྩོམ་འབྲི་བའི་ཚེ། ངེས་པར་དུ་སྤྱི་ཚོགས་འཚོ་བ་ལ་ཡང་དག་ཅིང་གཏིང་ཟབ་པའི་སྒོ་ནས་ངོས་འཛིན་ཐུབ་དགོས། དེ་བས་རྟག་ཏུ་སྤྱི་ཚོགས་ཀྱི་འཚོ་བ་ལ་ཞིབ་ལྟ་བྱེད་པ་ནི་འཚོ་བ་ངོས་འཛིན་ཡག་པོ་ཞིག་ཐུབ་པའི་གོམ་པ་དང་པོ་ཡིན། རང་ཉིད་འཚོ་བའི་ལས་རིགས་མི་འདྲ་བ་མང་པོར་དངོས་སུ་ཞུགས་ནས་ཡུན་རིང་གི་ཞིབ་ལྟ་མང་པོ་བརྒྱུད་ན་གནས་ཚུལ་མང་པོ་ཞིག་ཚུར་ལེན་ཐུབ་པ་མ་ཟད། དེ་ལས་མྱོང་ཚོར་དང་བློ་སྐྱེད་གསར་བའང་འབྱུངཐུབ། གལ་སྲིད་མི་ཞིག་གིས་རང་གི་ཁོར་ཡུག་གི་དངོས་པོ་རྣམས་སྣང་མེད་དུ་བསྐྱུར་ན། དེ་ཡིས་དོན་སྙིང་དང་རིན་ཐང་ཡོད་པའི་དངོས་པོ་རྣམས་མཐོང་མི་ཐུབ་ཅིང་ཐ་ན་དེ་དག་ནི་རང་དང་འབྲེལ་བ་ཅི་ཡང་མེད་པར་བསམས་ཏེ་ཞིབ་ལྟ་བྱེད་འདོད་མེད་པར་འགྱུར། དེ་བས་ང་ཚོས་འཚོ་བར་དགའ་སྣང་གིས་ལྟ་བྱེད་ཀྱི་ཚོར་བ་རྣོན་པོ་སྦྱོང་བརྡར་བྱེད་རྒྱུ་ནི་རྩོམ་པར་འཇུག་པའི་རྩ་བར་གྱུར་པའི་མཐུ་རྩལ་ཞིག་ཡིན།

          ༢། གནད་དོན་ལ་བསམ་གཞིགས་བྱེད་པ།

          ང་ཚོས་འཚོ་བའི་སྣང་ཚུལ་གང་མང་མཐོང་བ་དང་ཞིབ་ལྟ་བྱེད་པ་དང་མཉམ་དུ་ད་དུང་བསམ་གཞིགས་ཀྱང་གང་མང་བྱེད་དགོས། ལྟ་ཞིང་རྟོག་པ་ནི་ཚོར་སྣང་འདུ་ཤེས་ཀྱི་གནས་སྐབས་ཙམ་ཡིན་པས། བསམ་གཞིགས་བྱས་ན་ད་གཟོད་སྤྱི་ཚོགས་འཚོ་བ་དང་ཕྱི་རོལ་ཡུལ་གྱི་དངོས་པོ་དག་ལ་གོ་བ་ཟབ་མོ་ལེན་ཐུབ། མི་ཞིག་བསམ་གཞིགས་བྱེད་པར་དགའ་ཞིང་བསམ་གཞིགས་ཀྱང་བྱེད་མཁས་ན། རྩོམ་འབྲི་བའི་སྐབས་སུ་དཔྱད་གཞི་རྣམས་ལ་བརྡར་ཤ་ཆོད་པ་དང། ལེགས་ཉེས་སྤང་བླང་གི་དབྱེ་བ་མི་ནོར་ལ། རང་གི་བསམ་བློའི་ཆུ་ཚད་ཀྱང་སྨིན་པར་འགྱུར།

          མདོར་ན། གུང་ཐང་བསྟན་པའི་སྒྲོན་མེས། །སྐྱོན་ཡོན་བླང་དོར་རང་གིས་མི་འབྱེད་པར། །གྲགས་སྐམ་འུད་ཀྱི་རྗེས་སུ་འབྲངས་ན་ཡང། །ཉེས་སྐྱོན་སུ་ཡི་ལག་པས་མི་སེལ་ལ། །ཡོན་ཏན་སུས་ཀྱངཁ་རུ་མི་ལྡུག་པས། །བླུན་པོ་ཆུ་སྣ་གར་ཁྲིད་མ་བྱེད་ཨང། །ཞེས་གསུངས་པ་ནི་གཞུང་ཆེན་སྦྱོང་མཁན་ཚོར་དམིགས་པ་ཞིག་ཡིན་ན་ཡང། སྤྱི་ཚོགས་འཚོ་བར་ཞིབ་འཇུག་བྱེད་མཁན་ཚོར་ཡང་དེ་བཞིན་ཡིན་ལ། གཞན་ལ་བླང་དོར་སྟོན་པའི་རྩོམ་པ་པོ་ཞིག་བྱེད་པ་ལ་ལྷག་པར་ཆོས་སྲིད་གང་ཐད་ནས་ལེགས་ཉེས་རྣམ་འབྱེད་ཐུབ་པར་འབད་པ་གལ་ཆེའོ།

          ༣། རྒྱུ་ཆ་འཚོལ་སྡུད་བྱེད་པ།

          མི་གཅིག་གི་འཚོ་བའི་རྒྱ་ཁྱོན་ནི་ཚད་ཡོད་པ་ཞིག་ཡིན་ལ། སྐབས་འགར་རྩོམ་ཡིག་ཅིག་འབྲི་བའི་དུས་སུ་མི་རང་ཉིད་ཀྱི་འཚོ་བ་ལས་བརྒལ་ཏེ་ཕྱོགས་གང་ཅིའི་ཐད་ནས་རྩད་གཅོད་དང་ཞིབ་འཇུག་བྱེད་དགོས།དེ་བས་ནམ་རྒྱུན་འཚོ་བའི་ནང་ཧུར་ཐག་གིས་འཛུལ་ནས་ཞིབ་ལྟ་དང་བསམ་གཞིགས་བྱེད་རྒྱུ་དེ་དག་གལ་ཆེ་བ་ལས་གཞན། ཆེད་དུ་གནད་དོན་ཞིག་ལ་དམིགས་ནས་རྩད་གཅོད་བྱེད་དགོས་པ་ཡོད། འོན་ཀྱང་ང་ཚོ་འཚོ་བ་མཐའ་དག་གི་ནང་དུ་ཞུགས་མི་ཐུབ་པས་གནད་དོན་མང་པོ་ཞིག་གི་ཐད་ལ་དཔེ་དེབ་རིགས་ལྟ་ཀློག་བྱེད་རྒྱུ་དེ་ཡང་རྩོམ་པའི་རྒྱུ་ཆ་འཚོལ་བའི་ཐབས་ལམ་གལ་ཆེན་ཞིག་ཡིན།

          དེ་ལྟར་སྤྱི་ཚོགས་འཚོ་བ་དང་ཕྱི་རོལ་བྱ་དངོས་མཐའ་དག་ལ་ཞིབ་ལྟ་དང་བསམ་གཞིགས་བརྒྱུད་པའི་ཁྲོད་ཀྱི་དོན་གནས་རྣམས་དང་འཚོ་བའི་རྒྱུན་ཤེས་དང་རིག་གནས་ཡོན་ཏན་རྣམས་ཡིད་ལ་ཅི་ངེས་བྱེད་དགོས་པ་ལས་གཞན། གནད་ཀྱི་དོན་པོ་རྣམས་ཡི་གེར་འགོད་པ་དང། ཟིན་བྲིས་རྒྱས་བསྡུས་ཅི་རིགས་འདེབས་པ། ཡང་ན་སྒྲ་འབེབས་འཁོར་ཐག་ནང་དུ་འཇུག་པ་སོགས་ཐབས་ཚུལ་དུ་མས་དཔྱད་གཞིའི་རྒྱུ་ཆ་སྣ་མང་འབོར་ཆེན་ཞིག་གསོག་འཇོག་བྱེད་དགོས། གལ་ཏེ་ཁྱོད་ལ་ཕུན་སུམ་ཚོགས་པའི་རྒྱུ་ཆ་ཞིག་མེད་ན་ཀླད་པ་སྟོང་པས་ཅི་ཡང་འབྲི་རྒྱུ་མི་རྙེད་ལ། བྲིས་ཀྱང་ནང་དོན་བཟང་པོའི་རྩོམ་ཡིག་རབ་ཅིག་ཡོང་མི་སྲིད་དོ།

 

ལེའུ་གཉིས་པ།བརྗོད་བྱ་གཙོ་བོ་དང་རྗོད་གཞི།

 

གཅིགཅི་ཞིག་ལ་བརྗོད་བྱ་གཙོ་བོ་དང་རྗོད་གཞི་ཟེར།

 

          རྩོམ་པའི་གནས་ལ་འཇུག་པའི་རིགས་པའི་གཞུང་ལུགས་ཀྱི་ནང་དུ། བརྗོད་བྱ་གཙོ་བོ་ཞེས་པའི་ཐ་སྙད་འདི་ནི་གསོན་ཉམས་དང་ནུས་པ་ལྡན་པའི་སྤྱི་མཚན་ཞིག་ཡིན་ཏེ། རྩོམ་རིག་སྒྱུ་རྩལ་གྱི་ཁྱབ་ཁོངས་ནས་བཤད་ན། གནད་དོན་དང། བསམ་བློ་ལ་སོགས་པའི་དོན་དུ་མ་ལ་འཇུག་པ་དང། སྤྱིར་བཏང་གི་རྩོམ་ཡིག་འབྲི་བའི་ཆ་ནས་བཤད་ན། བརྗོད་བྱ་གཙོ་བོ་ཞེས་པ་ནི་རྩོམ་ཡིག་གི་ནང་དོན་བྱེ་བྲག་པ་མཚོན་བྱེད་ཀྱི་རྩ་བར་གྱུར་པའི་བསམ་བློ་ལ་གོ་དགོས། རང་རེའི་བོད་ཀྱི་སྒྲ་བཤད་ལྟར་ན། གང་བརྗོད་པར་འདོད་པའི་དངོས་པོ་དེའི་ནང་དོན་གཙོ་བོ་ལ་བརྗོད་བྱ་གཙོ་བོ་ཞེས་གོ་བ་བླངས་ཀྱང་མི་རུང་བ་ཆེར་མེད་པར་སྙམ།

          དགོངས་པ། བསམ་བློའི་ལྟེ་བ། བརྗོད་བྱའི་ལྟེ་གནད། བསྟན་དོན་གཙོ་བོ། གཙོ་དོན། བརྗོད་སྙིང། རྩོམ་རིག་གི་སྲོག་ཅེས་པ་རྣམས་མིང་གི་རྣམ་གྲངས

          འདིར་ང་ཚོས་ངེས་པར་དུ་བརྗོད་བྱའི་ནང་དོན་གཙོ་བོ་ཞེས་པའི་ཐ་སྙད་འདི་ལ་གོ་བ་ལེན་ཚུལ་ནོར་མི་རུང། ཁྱབ་ཆེ་ས་ནས་བཤད་ན། བརྗོད་བྱ་གཙོ་བོ་ཞེས་པ་ནི་རྩམ་པ་པོས་རྩོམ་ཡིག་ཅིག་འབྲི་བའི་བློ་དེ་འཆར་སྐབས། རྩོམ་དེ་འབྲི་བའི་དམིགས་ཡུལ་ཞིག་དང་དགོས་པ་ཞིག་གཞིར་བཞག་ཡོད་པར་མ་ཟད། འབྲི་བར་བྱ་རྒྱུའི་རྩོམ་ཡིག་ནང་གི་གནད་དོན་གཙོ་བོ་དེ་ལ་རང་ཉིད་ཀྱི་ལྟ་བ་ཞིག་ཡོད་ངེས་པ་རེད། རང་གི་དམིགས་ཡུལ་དང་ལྟ་བ་དེ་དག་རྩོམ་ཡིག་གི་ལམ་ནས་མཚོན་པར་བྱས་པ་དེ་ལ་རྩོམ་ཡིག་གི་བརྗོད་བྱ་གཙོ་བོ་ཞེས་བྱ།

          དེ་ཡང་སྙན་གཞུང་ལས། སྙན་ངག་མཁན་བསམ་དགོངས་པ་སྟེ། །སྙན་ངག་གྲུབ་པར་གང་གནས་པ། རབ་སྦྱོར་ཡུལ་གྱི་ཡོན་ཏན་ཅན། །དེ་ནི་དགོངས་པ་ཅན་ཞེས་བརྗོད། །ཅེས་པ་བཞིན། སྙན་ངག་པས་རང་གི་སྒྱུ་རྩོམ་བྱེ་བྲག་པ་ཞིག་རྩོམ་པའི་སྐབས་ཀྱི་བསམ་དོན་སྙིང་པོ་སྟེ། བརྩམས་ཆོས་རིང་ཐུང་གང་ཞིག་ཡིན་ན་ཡང་འདྲ་དེའི་ནང་གི་འདོད་ཚུལ་ཉི་ཚེ་བ་དག་མ་ཡིན་པར་བརྩམས་ཆོས་ཀྱི་ཐོག་མཐའ་བར་གསུམ་གྱིས་བསྟན་པའི་དགོངས་དོན་གཙོ་བོ་ལ་གོ་དགོས།

          ཡིན་ན་ཡང། རང་ཉིད་ལ་དམིགས་ཡུལ་དང་ལྟ་བ་ངེས་ཅན་ཞིག་ཡོད་པར་མ་ཟད། དེ་ཉིད་རྩོམ་ཡིག་དེའི་ནང་ནས་མཚོན་པར་བྱེད་པའི་ཀུན་སློང་བཅོས་མིན་དུ་ལྡན་ན་ཡང། དེ་ཇི་ལྟར་སྟོན་ཚུལ་མ་ཤེས་ན་སྐབས་རེར་ལྡོག་ཕྱོགས་སུ་འགྱུར་བ་ཡང་ཡོད་པས་གནད་དེ་ལ་ངེས་པར་དུ་གཟབ་ཅི་ཐུབ་བྱ་དགོས།

          space: none;"> རྗོད་གཞི་རྩོམ་གཞི། རྩོམ་གདན།ནི། རྩོམ་འབྲི་བའི་སྐབས་སུ་བརྗོད་བྱ་གཙོ་བོ་དེར་གསལ་བཤད་དང་དེ་མཚོན་པར་བྱེད་པའི་རྒྱུ་ཆ་ལ་ཟེར་བ་ཡིན། རྗོད་གཞི་ལ་རིགས་གཉིས་མཆིས་ཏེ། གཅིག་ནི་རིགས་པའི་གཞུང་ལུགས་ཀྱི་རྒྱུ་ཆ་དང།ཅིག་ཤོས་ནི་དོན་དངོས་ཀྱི་རྒྱུ་ཆ་རེད། རྒྱུ་ཆ་ཞེས་པའི་ནང་དུ་མ་བཅོས་པའི་རྒྱུ་ཆ་དང་རྗོད་གཞི་གཉིས་ཀ་འདུས་པས་ཁྱབ་ཆེ་ཆུང་དབྱེ་བ་ཡོད། མ་བཅོས་རྒྱུ་ཆ་ཞེས་པ་ནི་དངོས་ཡོད་ཀྱི་འཚོ་བའི་ནང་ནས་གཅིག་ཏུ་བསྡུས་པའི་གདོད་མའི་དཔྱད་གཞི་དག་ལ་ཟེར་བ་དང རྗོད་གཞི་ཞེས་པ་ནི་རྩོམ་པ་པོས་གདམས་གསེས་དང་ལས་སྣོན་བྱས་ཟིན་པའི་རྩོམ་ཡིག་ནང་ལ་དངོས་སུ་འགོད་རྒྱུའི་རྒྱུ་ཆ་དེ་ལ་གོ་དགོས།

དེ་ཡང་སྙན་གཞུང་ལས། ལུས་ནི་རེ་ཞིག་འདོད་པ་ཡི། །དོན་གྱི་རྣམ་བཅད་དཔྱད་ཚིག་གི་ཕྲེང། །ཞེས་སྙན་ངག་པས་རང་གི་གནས་སྐབས་བཤད་དགོས་པའི་འདོད་དོན་ནམ་བརྗོད་བྱའི་དོན་གང་དང་གང་ཡིན་པ་དེ་དག་ལེགས་པར་དཔྱད་པའམ་སོ་སོར་མ་འདྲེས་པར་མཚོན་པའི་ཚིག་དོན་བཟང་པོའི་ངག་གི་རྒྱུན་ནམ་ལུས་ཞེས་པའི་ནང་གི་འདོད་པའི་དོན་དེ་ནི་རྗོད་གཞི་ཡིན་ལ། དེ་འདྲའི་འདོད་དོན་བརྗོད་པའི་ནང་དུ་དགོངས་དོན་གཙོ་བོ་ཡང་འདྲེས་ནས་ཡོད་དགོས་ཏེ། སྙན་ངག་པའི་དགོངས་དོན་དེ་ཉིད་སྙན་ངག་གང་ཞིག་གྲུབ་པར་གནས་པའི་སྲོག་ཡིན་པར་གསུངས་ཡོད་པས་སོ། འོ་ན་སྙན་ངག་མེ་ལོང་མར་བསྟན་པའི་ལུས་ཞེས་པ་འདི་བརྗོད་དོན་གྱི་སྲོག་དང་ལྡན་པའི་གསོན་ཉམས་ཅན་གྱི་ལུས་ཤིག་ཡིན་པ་ལས། སྲོག་མེད་བེམ་རོ་ལྟ་བུ་མིན་པ་ཅི་ནས་ཀྱང་ཤེས་དགོས་སོ།

          བརྗོད་བྱ་གཙོ་བོ་དང་རྗོད་གཞི་གཉིས་ཀྱིས་རྩོམ་ཡིག་ཅིག་གི་རྩ་བར་གྱུར་པའི་གནད་ཀ་གཉིས་གྲུབ་པ་དང། རྩོམ་ཡིག་ཅིག་གི་ནང་དུ་དེ་གཉིས་ཀ་གཅིག་ལ་གཅིག་བརྟེན་ནས་གནས་པ་དང། གཅིག་ཚབ་གཅིག་གིས་ཀྱང་བྱེད་མི་ཐུབ་ལ། གཉིས་ཀའི་གང་རུང་ཞིག་མེད་ཀྱང་མི་རུང་བ་ཞིག་རེད། བརྗོད་བྱ་གཙོ་བོ་ནི་རྗོད་གཞི་ལ་བརྟེན་ནས་མཚོན་པར་བྱེད་དགོས་ཤིང རྗོད་གཞི་ནི་བརྗོད་བྱ་གཙོ་བོའི་དབང་དུ་གྱུར་པ་ཞིག་རེད། གལ་སྲིད་བརྗོད་བྱ་གཙོ་བོ་དེ་རྗོད་གཞི་དང་ཁ་བྲལ་ན་སྤྱི་མཚན་ཙམ་ལས་མེད་པས་རྩོམ་ཡིག་ཅིག་འགྲུབ་མི་ཐུབ་ལ། གལ་ཏེ་རྗོད་གཞི་དེ་བརྗོད་བྱ་གཙོ་བོས་མ་གཅུན་ན། རྒྱུ་ཆ་སིལ་མ་འགའ་ལས་མེད་པས་དེས་ཀྱང་རྩོམ་ཡིག་མི་འགྲུབ། དེ་ཡང་དཔེར་ན། བརྗོད་བྱ་གཙོ་བོ་ནི་བླ་སྲོག་སྟེ་རྣམ་པར་ཤེས་པ་དང་འདྲ་ལ། རྗོད་གཞི་ནི་ཤ་ཁྲག་གདོས་བཅས་ཀྱི་ཕུང་པོ་དང་མཚུངས་ཏེ། ཕུང་པོ་དེ་མེད་ན་རྣམ་ཤེས་རྟེན་འཆའ་ས་མེད་ལ། བླ་སྲོག་དེ་མེད་ན་ཕུང་པོ་དེ་བེམ་རོ་ཞིག་ཏུ་འགྱུར་བས། སྲོག་གི་དབང་བོས་མ་བཟུང་བའི་བེམ་རོ་ནི་སུ་ལ་ཡང་ཕན་པ་མེད་ཉིད་དང་མཚུངས་སོ།

 

གཉིས། བརྗོད་བྱ་གཙོ་བོ་དེ་གང་ནས་བྱུང་ངམ།

 

          ཀོའར་ཅིས། བརྗོད་བྱ་གཙོ་བོ་ནི་རྩོམ་པ་པོའི་ཉམས་མྱོང་ལས་བྱུང་ཞིང། འཚོ་བས་ཁོ་ལ་གསང་བརྡ་སྤྲད་པའི་བསམ་བློ་ཞིག་རེད། ཅེས་པ་བཞིན། རྩོམ་ཡིག་ཅུང་ལེགས་པོ་ཞིག་ཡིན་ན། དེ་དག་གི་བརྗོད་བྱ་གཙོ་བོ་ནི་རྩོམ་པ་པོས་སྣང་ཡན་གྱི་དྲན་ཚུལ་ཞིག་མ་ཡིན་པར་དངོས་ཡོད་ཀྱི་འཚོ་བའི་ནང་ནས་བྱུང་བ་ཞིག་རེད། དངོས་ཡོད་འཚོ་བའི་ནང་དུ་རྩོམ་པ་པོས་གནད་དོན་ག་གེ་མོ་ཞིག་ལ་ལྟ་རྟོག་དང་བསམ་གཞིགས་བྱས་ནས་རང་ཉིད་ལ་ཐུན་མོང་མ་ཡིན་པའི་ལྟ་བ་ཞིག་གམ་བསམ་བློ་གསར་བ་ཞིག་སྐྱེས་པའི་སྐབས་སུ། ད་གཟོད་རྩོམ་ཡིག་ཅིག་འབྲི་བའི་ཀུན་སློང་སྐྱེ་བ་རེད། རྗོད་གཞི་གསོག་པ་དང་རང་ཉིད་ལ་ལྟ་བ་ངེས་ཅན་ཞིག་སྐྱེས་པའི་གོ་རིམ་དེ་ནི་ཡང་ནས་ཡང་དུ་འཚོ་བ་ལ་མྱོང་འཇུག་དང། ཞིབ་རྟོག བསམ་གཞིགས་བཅས་བྱེད་པའི་གོ་རིམ་ཞིག་ཡིན་ལ། གོ་རིམ་དེའི་ནང་དུ། རྩོམ་པ་པོའི་བསམ་བློ་མི་གསལ་བ་ནས་གསལ་བར་འགྱུར་བའི་གོ་རིམ་ཞིག་ཡོད་པ་དེ་ནི་རྩོམ་པ་པོས་རང་གི་བརྗོད་བྱ་གཙོ་བོ་སྲེག་བཅད་བརྡར་གསུམ་བྱེད་པའི་གོ་རིམ་ཞིག་རེད། བརྗོད་བྱ་གཙོ་བོ་དེ་ཡིད་ལ་རགས་ཙམ་ངེས་ན་ད་གཟོད་རྩོམ་ཡིག་ཅིག་འབྲི་བའི་མགོ་རྩོམ་ཆོག

          ང་ཚོས་ཕྱི་རོལ་ཡུལ་གྱི་དངོས་པོ་ཞིག་དང། དངོས་པོ་དེའི་རང་བཞིན་ནམ་ཡང་ན་དངོས་པོ་དེའི་ནང་ཁུལ་གྱི་ཆོས་ཉིད་སོགས་མཚོན་པར་བྱེད་འདོད་ན། ངེས་པར་དུ་བསམ་བློ་ཞིབ་མོ་གཏོང་དགོས་པ་དང། ཚོར་སྣང་གི་རྒྱུ་ཆ་ཕུན་སུམ་ཚོགས་པ་དེ་རྣམས་ལས་སྙིགས་མ་དོར་ནས་སྙིང་བཅུད་གཞིབ་པ་དང རྫུན་མ་སྤངས་ནས་བདེན་པ་ལེན་པ། དངོས་པོ་གཅིག་ལས་ཅིགཤོས་རྟོགས་ཐུབ་པ། ཕྱིའི་རྣམ་པ་ནས་ནང་གི་དོན་ལ་སྙེགས་པ་བཅས་བྱེད་དགོས་ལ། སྤྱི་མཚན་དང་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཅིག་བསྐྲུན་འདོད་ན་ཞར་སྣང་གི་ཤེས་རྟོགས་ཙམ་གྱིས་མི་ཆོག་པར་ངེས་པར་དུ་རྗཻས་དཔག་གི་ཤེས་རྟོགས་ཤིག་ཡོད་དགོས།

          མདོར་ན། རྩོམ་ཡིག་ཅིག་གི་ནང་དུ་གཏིང་ཟབ་ཅིང་ཡང་དག་ལ་ཆ་ཚང་བའི་སྒོ་ནས་ཕྱི་རོལ་ཡུལ་གྱི་དངོས་པོ་མཚོན་པར་བྱེད་པའི་བསམ་བློ་ཞིག་མེད་པ་ཡིན་ན། ཁྱོད་ཀྱི་རྩོམ་ཡིག་དེ་ཡང་ནེ་ཙོའི་མ་ཎི་བཟློ་བ་དངའདྲ་བར་དོན་གྱི་སྙིང་བོ་འབྱུང་མི་སྲིད་ལ། ཕྱི་རོལ་ཡུལ་གྱི་སྣང་ཚུལ་ཐར་ཐོར་རྣམས་ཀྱི་ཡིག་ཚོགས་སྤེལ་བ་ལས་ཀློག་པ་པོ་རྣམས་ལ་གསལ་འེདབས་དང་སྐུལ་མ་ཅི་ཡང་གཏོང་མི་ཐུབ་པས། རྩོམ་དེ་དག་ལ་རིན་ཐང་ཡོད་པ་མ་ཡིན་ནོ།

          བརྗོད་བྱ་གཙོ་བོ་མངོན་པར་གསལ་བ་ཞིག་ཡིན་དགོས། དེ་ནི་གཙོ་བོ་རྩོམ་ཡིག་གི་རྨང་གཞིའི་བསམ་བློ་དང་རྩོམ་པ་པོའི་ལྟ་བ་མངོན་པར་གསལ་བ་སྟེ། ཁྱོད་ཀྱིས་ཅི་ཞིག་ལ་ངོ་རྒོལ་བྱེད་པ་དང། ཅི་ཞིག་ལ་བསྟོད་བསྔགས་བྱེད་པ། གང་ལ་དགའ་ཞེན་བྱེད་པ་དང གང་ལ་ཞེ་སྡང་ལངས་པ་སོགས་རབ་རིབ་དང་ཐེ་ཚོམ་མ་ཡིན་པ་གསལ་བོ་གསལ་རྐྱང་ཞིག་ཡིན་དགོས།

          བརྗོད་བྱ་གཙོ་བོ་གསལ་བོ་ཞིག་ངེས་དགོས་པ་མ་ཟད། དེ་བས་ཀྱང་ཡང་དག་པ་ཞིག་ཡིན་དགོས། ཡང་དག་པ་ཞིག་ཡོང་བར་བྱེད་པ་ལ། ཐོག་མ་ནས་རྩོམ་པ་པོ་ལ་ལངས་ཕྱོགས་དང། ལྟ་བ། བསམ་བློ་བཅས་ཡང་དག་པ་ཞིག་ཡོད་དགོས། བསམ་བློ་ཡང་དག་པ་དེ་སྤྱི་ཚོགས་ཀྱི་ལག་ལེན་ལས་བྱུང་བ་ཞིག་རེད། རྩོམ་ཡིག་ཅིག་གི་བསམ་བློ་དེ་ལག་ལེན་ལས་བྱུང་བ་ཡིནན་ཡང་དེ་ཙམ་གྱིས་ད་དུང་ཡིད་ཚིམ་མི་རུང་སྟེ། ད་དུང་ངེས་པར་དུ་སྤྱི་ཚོགས་ཀྱི་ལག་ལེན་དངོས་ལས་ཚོད་བགམ་བརྒྱུད་དགོས་པ་དང་ ལག་ལེན་གྱི་ཐོག་ནས་དོན་དངོས་དང་མཐུན་པ་ར་འཕྲོད་ན་ད་གཟོད་བསམ་བློ་དེ་ཡང་དག་པ་ཡིན་པར་བརྩིས་ཆོག་ལ། དེ་ལས་ལྡོག་ན་ནི་ཡང་མི་དག་པའམ། ཡང་ན་དེ་ཙམ་ཡང་མི་དག་པ་ཡིན་པས་བཟོ་བཅོས་བྱེད་དགོས།

          ཡིན་ན་ཡང ཡང་དག་པ་ཟེར་བ་ནི་བལྟོས་ས་བལྟོས་འཇོག་ཡོད་པའི་སྒོ་ནས་བཤད་པ་ཞིག་རེད། གནས་ཚུལ་འགྱུར་ལྡོག་བྱུང་བ་དང་བསྟུན་ནས་སྔར་བཟོས་པའི་སྡོམ་ཚིག་དེ་ལ་ཡང་བཟོ་བཅོས་བྱེད་དགོས་པའི་སྐབས་ཀྱང་འབྱུང་སྲིད་ཀྱི་རེད། གནད་དོན་ལ་ལ་དང། ལྷག་པར་དུ་རིག་གཞུང་སྐོར་གྱི་གནད་དོན་ནི་རེ་ཞིག་བདེན་རྫུན་གྱི་ཕུ་ཐག་གཅོད་དཀའ་བས། དུས་ཡུན་རིང་པོ་ཞིག་ལ་རྩོད་པ་བྱེད་དགོས་པ་དང་དུས་ཡུནརིང་པོ་ཞིག་གི་ཚོད་བགམ་བརྒྱུད་དགོས། དེ་ལྟ་ན་ཡང།ང་ཚོས་གནད་དོན་ཁ་གཡར་ས་བྱས་ནས་ཡང་དག་པའི་འཇིག་རྟེན་ལྟ་ཚུལ་གྱི་ཁྲིད་སྟོན་ནུས་པ་ཁས་མ་བླངས་ན་མི་འགྲིགས་པས། སྔོན་དང་ད་ལྟའི་མཁས་པ་ཆེན་པོ་རྣམས་ཀྱིས་ལེགས་པར་བརྟགས་ནས་གཏན་ལ་ཕབ་ཡོད་པའི་རིགས་པའི་གཞུང་ལུགས་ཚང་མར་སློབ་སྦྱོང་དང་བརྟག་དཔྱད་ནན་ཏན་གྱིས་ཚན་རིག་དང་མཐུན་པའི་དགོངས་དོན་རྣམས་ཀྱི་རྗེས་སུ་ཕྱོགས་དགོས།

 

གསུམ། བརྗོད་བྱ་གཙོ་བོ་མཚོན་ཚུལ་སྐོར།

 

          རྩོམ་ཡིག་འབྲི་བའི་ཚེ་ན་བརྗོད་བྱ་གཙོ་བོ་དེ་ངེས་པར་དུ་ཡིད་ལ་གསལ་བོ་ཞིག་ངེས་དགོས། དེ་ངེས་ན་ད་གཟོད་བརྗོད་བྱ་གཙོ་བོ་དེ་ལ་དམིགས་ནས་གང་ལ་གང་མཐུན་དང་གང་ལ་གང་མཁོའི་རྒྱུ་ཆ་རྣམས་གདམས་སེས་བྱས་ཆོག་པ་དང། དེ་ལ་དམིགས་ནས་གཏམ་གྱི་ལྷུ་སྒྲིག་པ་དང་ཚིག་གི་སྦྱོར་བ་སྤེལ་ཆོག གལ་སྲིད་བརྗོད་བྱ་གཙོ་བོ་དེ་ཡིད་ལ་མ་ངེས་ན། རང་གི་སེམས་ལ་ཅི་དྲན་དང་སྣང་བར་གང་ཤར་བྱུང་རྒྱལ་འདོད་རྒྱལ་དུ་འབྲི་བ་ལས། མགོ་གང་ནས་རྩོམ་པ་དང། མཇུག་གང་ནས་བསྡུ་བ། གང་ཞིག་རྒྱས་པར་འབྲི་བ་དང། གང་ཞིག་རྒྱས་བསྡུས་འཚམ་པར་བྱེད་པ་ལ་སོགས་པར་གདེང་ཚོད་དང་གཞི་འཛིན་ས་མེད་པས་ལོང་བས་གླང་ཆེན་ལ་རེག་པའི་ཟླ་རུ་འགྱུར་ངེས་རེད།

          བརྗོད་བྱ་གཙོ་བོ་དེ་ཡང་དག་ཅིང་མངོན་པར་གསལ་བ་ཞིག་ཡིན་དགོས་པ་ལས་གཞན། ད་དུང་ངེས་པར་དུ་གཅིག་བསྡུས་ཀྱང་ཡིན་དགོས། དེ་ནི་ཁྱབ་ཆེ་ས་དང་གནད་ཆེ་ས་ནས་བཤད་ན། བརྗོད་བྱ་གཙོ་བོས་ལན་འདེབས་པའི་གནད་དོན་དེ་ཁེར་རྐྱང་གི་རང་བཞིན་ལྡན་པ་ཞིག་ཡིན་ལ། སྤྱིར་བཏང་རྩོམ་ཡིག་གཅིག་གི་ནང་དུ་གནད་དོན་གཅིག་ཐག་གཅོད་བྱས་ན་ལེགས་མོད་ཀྱི། གལ་ཏེ་གནད་དོན་མང་པོ་གསལ་བཤད་དང་ཐག་གཅོད་བྱེད་ན་ཡང་ཐར་ཐོར་ཉ་ཉོག་ཏུ་མ་གྱུར་པར་ཞིབ་ཚགས་དང་གཅིག་བསྡུས་ཡིན་ན་མི་འཚམས་པ་མེད་དོ།

          རྩོམ་ཡིག་མི་འདྲ་བའི་བརྗོད་བྱ་གཙོ་བོ་མཚོན་པར་བྱེད་པའི་ཐབས་ལམ་ཡང་མི་འདྲ་བ་ཡོད་དེ། དཔེར་ན་བགྲོ་གླེང་རྩམ་ཡིག་དང་གསལ་བཤད་རྩོམ་ཡིག་གཉིས་ནི་ཐོག་མར་རྩ་བའི་ལྟ་ཚུལ་དེ་སྦ་གསང་མེད་པར་བཏོན་རྗེས། དོན་དངོས་དང་རིགས་པའི་གཞུང་ལུགས་ལ་བརྟེན་ནས་རྩ་བའི་ལྟ་བ་དེར་བདེན་དཔང་བྱེད་པ་མང་ལ། དོན་བརྗོད་སྒྱུ་རྩོམ་ནང་གཙོ་བོ་མི་སྣ་དང་དོན་དག་ལ་བརྟེན་ནས་དོན་སྙིང་མཚོན་པར་བྱེད་པ་དང། རྩོམ་པ་པོའི་དགའ་སྡང་དང་ལྟ་བ་རྣམས་མི་སྣ་དང་དོན་དག་འབྲི་བའི་གོ་རིམ་ཧྲིལ་པོའི་ནང་ཁྱབ་ཡོད་ཅིང། བརྗོད་བྱ་གཙོ་བོ་མངོན་གསལ་གྱིས་སྟོན་མིན་དེ་རྩོམ་པ་པོ་རང་ཉིད་ཀྱིས་གང་ལ་གང་མཐུན་གྱིས་ཚོད་འཛིན་བྱས་ཆོག

          རྩོམ་ཡིག་ཅིག་གི་བརྗོད་བྱ་གཙོ་བོ་མངོན་པར་གསལ་བ་ཞིག་འབྲི་བ་ལ། གནད་འགག་ནི་རྩོམ་པ་པོས་འབྲི་འདོད་པའི་གནད་དོན་དེར་ངོས་འཛིན་ཡང་དག་པ་དང་གཏིང་ཟབ་མོ་ཞིག་ཡོད་དགོས། དེར་མ་ཟད། བརྗོད་བྱ་གཙོ་བོ་ཇི་ལྟར་མཚོན་བྱེད་ཀྱི་ནུས་པ་ལའང་རག་ལས་པ་ཡིན་ཏེ། དཔེར་ན། རྒྱུ་ཆ་འདེམས་པ། རྩོམ་གྱི་སྒྲིག་གཞི། ཚིག་གི་སྡེབ་སྦྱོར་སོགས་ལ་འབྲེལ་བ་ཆེན་པོ་ཡོད།

          དེ་ཡང་སྙན་གཞུང་ལས། དངོས་པོ་ཡི་ནི་ཚིག་རྣམས་ཀུན། །ཕན་ཚུན་ཕན་པར་བྱེད་པ་ཉིད། །དོན་དང་བྲལ་བའི་ཁྱད་པར་རྣམས། །མ་བྱས་གནས་སུ་བསྔགས་པ་དང། །བརྗོད་རིམ་སྟོབས་ལས་དངོས་པོ་ནི། །ཟབ་མོ་དག་ཀྱང་གསལ་བ་སྟེ། །དེ་ཀུན་དགོངས་པའི་དབང་གྱུར་ཕྱིར། །དེ་དག་དགོངས་པ་ཅན་ཞེས་རིག །ཞེས་པ་སྟེ། གཅིག་ནས་བརྩམས་ཆོས་གང་གི་བརྗོད་བྱའི་དུམ་མཚམས་མི་འདྲ་བ་རྣམས་ཕན་ཚུན་འབྲེལ་ཆགས་པ་ལྕགས་ཀྱི་ཨ་ལོང་བརྒྱུས་པའི་ལྕགས་ཐག་ལྟ་བུ་ཡིན་དགོས་ལས་རང་དབང་ཅན་ཕན་ཚུན་མི་ལྟོས་པ་ལྕགས་ཀྱི་ཐུར་མ་ལྟ་བུས་རྩོམ་རྒྱུན་གྱི་གཞུང་བསྲིངས་མི་ནུས་པར་འབྲེལ་མེད་དོན་གཞན་དུ་འགྱུར་བའི་སྐྱོན་ཆེ།

          གཉིས་ནས་བརྗོད་བྱ་གཙོ་བོ་དང་མ་འབྲེལ་བའམ་སྐབས་དོན་དང་མི་འཚམས་པའི་རིགས་རྣམས་འདོར་བ། གལ་ཏེ་དེ་ལྟ་མིན་ན་ཉ་ཉོག་མཉམ་བསྲེས་དང་ཚིག་གི་རོ་མ་མང་པོས་སླད་པར་འགྱུར་བའི་སྐྱོན་ཡོ༌།

          གསུམ་ནས་དགོངས་དོན་གཙོ་བོར་རོགས་འདེགས་དང་ནུས་པ་ཐོན་པའི་བསྔགས་འོས་བརྗོད་འོས་ཀྱི་རྗོད་གཞི་རྣམས་གདམ་གསེས་ཡང་དག་གིས་ངེས་པར་མ་ཚང་བ་མེད་པར་དངོས་ཤུགས་ཅི་རིགས་ལས་མཚོན་དགོས། དེ་འདྲ་མ་བྱུང་ན་དོན་སྙིང་གཙོ་བོ་གསལ་མི་ནུས་པའམ་སྟོན་པའི་ནུས་པ་ཉམས་ཞན་དུ་འགྱུར་བའི་སྐྱོན་ཡོང།

          བཞི་ནས་རྩོམ་ཁོག་གི་སྒྲིག་གཞིས་གཙོས་མཚོན་བྱེད་ཐབས་ལམ་ཁྱད་པར་པ་དག་ལས་དངོས་པོའི་ཆོས་ཉིད་ཟབ་མོ་དང། ཡང་ན་རྩོམ་པ་པོའི་དགོངས་པ་ཟབ་མོ་གང་ཡིན་པ་དག་ཀྱང་གསལ་རྟོགས་ཐུབ་པ་ཞིག་དགོས། དེ་འདྲ་མིན་པར་མཁས་པ་སུས་དཔྱད་ཅིང་མགོ་རྨོངས་པར་བྱེད་པའི་དོན་སྙིང་མི་གསལ་བར་འགྱུར་བའི་རྩོམ་གྱིས་སྤྱི་ཚོགས་ལ་ཕན་ནུས་སྟོན་མི་ཐུབ། དེ་དག་ཞིབ་ཏུ་སྐབས་གཞན་ཏུ་འཆད་པར་བྱའོ།

 

བཞི། བརྗོད་བྱ་གཙོ་བོ་དེ་ཚུལ་ཇི་ལྟར་བསྐྲུན་ཚུལ།

 

          ༡། དངོས་པོའི་འགལ་བ་དབྱེ་ཞིབ་བྱེད་པ་ནས་མགོ་བརྩམས་ཏེ། རྩ་བར་གྱུར་བའི་གནད་དོན་མི་འཆོར་བར་བཟུང་ནས་གནད་དོན་ཐག་གཅོད་པའི་ཐབས་ལམ་འཚོལ་དགོས།

          སྤྱིར་བཏང་དུ་བརྗོད་བྱ་གཙོ་བོ་བསྐྲུན་པའི་ཐབས་ཤེས་རྟག་བརྟན་མི་འགྱུར་བ་ཞིག་མེད་ལ། གཙོ་བོ་ནི་རྩོམ་པ་པོས་རྒྱུ་ཆ་སྒྲིག་པའི་མང་ཉུང་དང། རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོ་དམའ། རྩོམ་འབྲི་བའི་ཉམས་མྱོང་ཡོད་མེད། ཚིག་གི་སྦྱོར་བ་སྤེལ་ཚུལ་ལེགས་མིན་ལ་སོགས་པ་མི་འདྲ་བས། བརྗོད་བྱ་གཙོ་བོ་བསྐྲུན་པའི་གོ་རིམ་ཡང་མི་འདྲ་ན་ཡང། གཞི་རྩའི་ཐུན་མོང་གི་སྤྱི་འགྲོས་ཤིག་མེད་པ་ཡང་མིན།

          བརྗོད་བྱ་གཙོ་བོ་བསྐྲུན་ན་རྗོད་གཞི་ལ་དབྱེ་ཞིབ་བྱེད་པ་ནས་མགོ་བརྩམས་དགོས། ང་ཚོ་གནད་དོན་གཅིག་གམ་གནད་དོན་འགའ་ཞིག་ལ་འཕྲད་པའི་ཚེ་ཐོགམར་དངོས་པོའི་འགལ་བ་དབྱེ་ཞིབ་བྱེད་པ་ནས་མགོ་རྩོམ་དགོས། བྱ་དངོས་འགའ་ཞིག་གི་ནང་དུ་འགལ་བ་རྙོག་འཛིང་ཅན་འདུས་ཡོད་པ་དང་ཡང་ན་འགལ་བ་དེ་གབ་པའི་ཚུལ་དུ་གནས་ཡོད་སྟབས་ཞིབ་ཚགས་འི་སྒོ་ནས་དབྱེ་ཞིབ་བྱས་ན་ད་གཟོད་འགལ་བ་དེ་བཙལ་ནསརྙེད་ཐུབ། གནད་དོན་འཚོལ་ཤེས་པ་ལས། ངོས་འཛིན་དང་ཐག་གཅོད་ཡང་དག་ཅིག་བྱེད་མ་ཤེས་ན། བརྗོད་བྱ་གཙོ་བོ་སྐྲུན་མི་ཐུབ། དེ་ཡང་གསལ་བོར་བཤད་ན་བརྗོད་བྱ་གཙོ་བོ་སྐྲུན་པའི་གོ་རིམ་ནི་ཆབ་སྲིད་བསམ་བློ་ལ་ཞིབ་བཤེར་བྱེད་པའི་གོ་རིམ་ཞིག་ཀྱང་ཡིན་པར་འདོད།

          ༢།རྗོད་གཞིའི་རྒྱུ་ཆ་ལེགས་པར་གདམ་གསེས་ཐུབ་མིན་མིན་ནི་སྙིང་དོན་མཚོན་གསལ་བོར་མཚོན་ཐུབ་མིན་ལ་རག་ལས་ཡོད།

          རྩོམ་ཡིག་བྱེ་བྲག་པ་ཅིག་གི་རྒྱུ་ཆ་འཚོལ་བསྡུ་བྱས་ནས་ཚགས་སུ་ཆུད་པ་དང། བརྗོད་བྱ་གཙོ་བོའང་གཏན་ལ་འཁེལ་བའི་རྗེས་སུ། གནད་དོན་ཆེ་བ་ནི་སོ་སའི་དགོས་མཁོ་དང་བསྟུན་ནས་རྗོད་གཞིའི་རྒྱུ་ཆ་གདམ་གསེས་བྱེད་རྒྱུ་དེ་རེད། རྒྱུ་ཆ་མང་པོ་འཚོལ་སྒྲུབ་བྱེད་པ་དེ་ནི་ཕྱི་རོལ་ཡུལ་གྱི་དངོས་པོ་ལ་ངོས་འཛིན་ཚད་སྔར་ལས་ཆ་ཚང་བ་དང། ཡང་དག་པ། གཏིང་ཟབ་པ་བཅས་ཡོང་བའི་དམིགས་སྒོ་ཡིན་ལ། སེམས་རྣལ་མས་རྒྱུ་ཆ་གདམ་གསེས་བྱེད་པ་ནི། རྩོམ་ཡིག་གི་ནང་དོན་བརྟན་ཞིང་སྒུལ་རྒྱུ་མེད་པ་དང༌། ཚིག་ཉུང་ཞིང་ཡིག་ཟོར་ཡང་བའི་སྒོ་ནས་དོན་བསྡུས་ཤིང་ཕུན་སུམ་ཚོགས་པ་ཞིག་བསྟན་ཏེ། བརྗོད་བྱ་གཙོ་བོ་དེ་སྔར་ལས་ཀྱང་མངོན་པར་གསལ་བ་དང་འབུར་དུ་ཐོན་པ་ཞིག་སྟོན་པའི་ཆེད་དུའོ།

          རྗོད་གཞིའི་རྒྱུ་ཆ་དེས་ངེས་པར་དུ་བརྗོད་བྱ་གཙོ་བོ་ལ་རོགས་འདེགས་ཞུ་དགོས་པས། རྗོད་གཞིའི་རྒྱུ་ཆ་གདམ་གསེས་བྱེད་པའི་ཚད་གཞི་ནི་རྗོད་བྱ་གཙོ་བོ་མཚོན་ཐུབ་མིན་ལ་རག་ལས་ཡོད་པ་ཞིག་རེད། གལ་ཏེ་ཁྱོད་ལ་རྙེད་པའི་རྗོད་གཞིའི་རྒྱུ་ཆ་དེ་བཇོད་བྱ་གཙོ་བོ་དང་འབྲེལ་བ་མེད་ན། དེ་ཅི་འདྲའི་རེྙད་དཀའ་ཞིང་རྩ་ཆེ་བ་ཞིག་ཡིན་ན་ཡང་རྩོམ་ཡིག་དེའི་ནང་དུ་བཀོལ་མི་རུང། གཞན་ཡང། རྩོམ་ཡིག་གང་གི་བརྗོད་བྱ་གཙོ་བོ་དང་འབྲེལ་བ་ཡོད་པའི་རྒྱུ་ཆ་ཞིག་ཡིན་ན་ཡང་ཚང་མ་བྲིས་ན་མཚར་མཚར་ལྟར་སྣང་ཡང་མགོ་ཉོག་པ་དང་རྫོབ་ཆེ་བའི་སྐྱོན་དུ་འགྱུར།

          རྩོམ་ཡིག་ཅིག་འབྲི་ཚེ་ངེས་པར་དུ་དམིགས་པ་དང་གཏད་སོ་ཞིག་ཡོད་ལ། རྩོམ་གྱི་གནད་ཀ་དེ་དམིགས་པ་དང་གཏད་སོ་དེའི་ཐོག་ཏུ་བཞག་ནས་འབུར་བརྐོས་ཀྱི་རི་མོ་དང་འདྲ་བར་མངོན་གསལ་དོད་པོ་ཞིག་ཡོང་བ་བྱེད་དགོས། དེ་འདྲ་ཡོང་བའི་རྗོད་གཞིའི་རྒྱུ་ཆ་དེ་བཅོས་མའི་སྐྱོན་གྱིས་མ་གོས་པར་བདེན་པ་ཡིན་དགོས་པ་དང། སྤྱིར་བཏང་བ་ཞིག་མ་ཡིན་པར་དཔེ་མཚོན་གྱི་ནུས་པ་ལྡན་དགོས་པ། རྙིང་པ་ཕན་མེད་ཅིག་མ་ཡིན་པར་གསར་བ་ཡིན་དགོས་པ་པ་བཅས་ཡོན་ཏན་གསུམ་འཛོམས་དགོས་རྒྱུ་གལ་ཆེ།

          བདེན་པ་ཡིན་དགོས་ཟེར་བ་ནི། དོན་དག་དེ་དངོས་ཡོད་འཚོ་བའི་ནང་དུ་བྱུང་ཟིན་པའམ་འབྱུང་བཞིན་པ་ཞིག་ཡིན་དགོས་ཤིང། དོན་དངོས་ཀྱི་དཔང་པོ་བྱེད་དགོས་ན་ཉམས་སད་ཐེག་ཐུབ་པ་ཞིག་ཡིན་དགོས། དཔེར་ན། སྙན་ཞུའི་རྩོམ་ཡིག་དང་བགྲོ་གླེང་རྩོམ་ཡིག་སོགས་ཀྱི་ནང་དུ་རྒྱུ་ཆ་བཅོས་མའམ་རྫུན་མ་བཀོལ་ན་དངོས་ཡོད་ཀྱི་འཚོ་བ་དང་ཕྱིན་གྱི་ལོག་པའི་སྡོམ་ཚིག་མ་གཏོགས་བཟོ་མི་ཐུབ་ལ། དེའི་འབྲས་བུར་ཤུགས་རྐྱེན་ངན་པ་འབྱུང་བས་ཅི་ནས་ཀྱང་གཟབ་དགོས། སྤྱི་ཚོགས་ཁྲོད་དྲང་བདེན་མ་ཡིན་པའི་རྩོམ་ཡིག་ཀྱང་མང་པོ་པོ་ཡོང་གིན་ཡོད་ན། དེ་ནི་རིགས་གཅིག་རང་ཉིད་འཚོ་བ་དངོས་ལ་ཆ་རྒྱུས་མེད་པ་དང་རྩད་གཅོད་ཞིབ་མོ་མ་བྱས་པའི་གནད་དོན་ཞིག་དང། ཅིག་ཤོས་ནི་ཆབ་སྲིད་སོགས་ཀྱི་དགོས་མཁོའི་དབང་གིས་བསམ་བཞིན་རྫུན་མ་བྲིས་པའི་བསམབློའི་གནད་དོན་ཞིག་ཡིན།

 

          ༣། རྗོད་གཞི་རང་ཉིད་ལ་ཡོད་པའི་ཁྱད་ཆོས་དང་ཕྱི་རོལ་ཡུལ་གྱི་དགོས་མཁོ་ཟུང་དུ་སྦྲེལ་ནས་བསམ་མནོ་གཏོང་དགོས།

          ཐོག་མར་རྗོད་གཞི་རང་ཉིད་ལ་གནད་དོན་གང་ཞིག་གསལ་བཤད་དང་བདེན་དཔང་ཐུབ་པའི་ནུས་པའམ་ཁྱད་ཆོས་ཅི་ཡོད་ཤེས་དགོས།རྗོད་གཞི་གང་ཞིག་ལ་ཁྱད་ཆོས་འགའ་ཞིག་འདུས་ཚེ་ལྷག་པར་ཡང་དེའི་ཁྱད་ཆོས་དང་ཕྱི་རོལ་ཡུལ་གྱི་དགོས་མཁོ་གཉིས་ཟུང་དུ་སྦྲེལ་ནས་བསམ་གཞིགས་ནན་མོ་གཏོང་དགོས། གལ་སྲིད་དེའི་ཁྱད་ཆོས་ཤིག་གིས་ཁ་ཚ་དགོས་གཏུགས་ཀྱི་སྤྱི་ཚོགས་ཀྱི་གནད་དོན་ཞིག་ཐག་གཅོད་དམ། རྒྱ་ཆེའི་མི་མང་གི་སེམས་ཁྲལ་བྱེད་པའི་གནད་དོན་གང་ཞིག་ལ་ལན་འདེབས་ཐུབ་པ་ཡིན་ན་ཁྱད་ཆོས་དེར་དམིགས་ཏེ་བརྗོད་བྱ་སྐྲུན་ཚེ། རྩོམ་ཡིག་གི་སྤྱི་ཚོགས་ཕན་ནུས་གང་འཚམ་ཐོན་ངེས། དེ་ལྟར་ཟུང་སྦྲེལ་གྱིས་བརྗོད་བྱ་གཙོ་བོའི་ཁ་གཏད་ཀྱི་རང་བཞིན་དང་འཐབ་འཛིང་གི་རང་བཞིན་ཤུགས་ཇེ་ཆེར་གཏོང་རྒྱུ་ནི་གལ་ཆེའོ།

          དེས་ན། རྗོད་གཞི་རང་ཉིད་ཀྱི་ཁྱད་ཆོས་ལ་མི་བལྟ་བར། བརྗོད་བྱ་གཙོ་བོ་དེ་གནད་དོན་གལ་ཆེན་དང་བྱ་བ་ལྟེ་བའི་ཐོག་ཏུ་འཇོག་པའི་རྩོམ་སྲོལ་དེ་འདོར་དགོས།

          ཡིན་ཡང༌། ཕྱི་རོལ་ཡུལ་གྱི་གནད་དོན་སྣ་མང་རྙོག་འཛིང་ཆེ་བས། དེར་སྟབས་བདེ་དང་གུ་དོག་གི་གོ་བ་ཞིག་ལེན་མི་རུང༌། གལ་སྲིད་སྤྱི་ཚོགས་མདུན་དུ་སྤེལ་བར་དགེ་མཚན་ལྡན་པ་ཞིག་ཡིན་ན་ངེས་པར་རྩོམ་ཡིག་དེ་ཁས་ལེན་དགོས་ཏེ། སྤྱི་ཚོགས་ཀྱི་དགོས་མཁོ་ཟེར་བ་ནི་ཕྱོག་སམང་པོར་ཁྱབ་ཡོད་པ་དང༌། གནད་དོན་ཆེ་ཆུང་ཚང་མ་ཐག་གཅོད་བྱེད་དགོས་པས་སོ།

          རྗོད་གཞི་རང་ཉིད་ལ་ཡོད་པའི་ཁྱད་ཆོས་ལ་མི་ལྟ་བར། བརྗོད་བྱ་གཙོ་བོ་དེ་གནད་དོན་གལ་ཆེན་དང་བྱ་བ་ལྟ་བའི་ཐོག་ཏུ་འཇོག་པའི་རྩོམ་སྲོལ་དེ་ངེས་པར་དུ་འདོར་དགོས། ཕྱོགས་གཞན་ཞིག་ནས་བཤད་ན། བརྗོད་བྱ་གཙོ་བོ་བསྐྲུན་སྐབས། སྤྱི་ཚོགས་ཀྱི་དགོས་མཁོ་དང་གནད་དོན་གལ་ཆེན་རྣམས་ལ་ལན་འདེབས་པའམ་ཐག་གཅོད་པའི་ཆ་དེ་ལའང་ངེས་པར་དུ་དོ་སྣང་བྱེད་དགོས།

          མདོར་ན། གང་ལ་གང་མཐུན་དང་སྐབས་ལ་སྐབས་བསྟུན་གྱི་སྒོ་ནས་བརྗོད་བྱ་གཙོ་བོ་བསྐྲུན་དགོས་པ་ལས་ཧོད་རྒྱུགས་དང་སྣང་ཆུང་གཏན་ནས་བྱེད་མི་རུང།

          ༤། རིགས་འདྲ་བའི་རྩོམ་ཡིག་དང་ཞིབ་བསྡུར་བྱས་ནས་དོན་གསར་བ་སྟོན་པ་ལ་འབད་དགོས།

དོན་སྙིང་ཤིན་ཏུ་ཆེ་བའི་བརྗོད་བྱ་གཙོ་བོ་དེས། དངོས་ཡོད་འཚོ་བའི་ནང་ཐག་མ་བཅད་པ་དང་བཅད་ཀྱང་དེ་ཙམ་མི་ལེགས་པའི་གནད་དོན་རྣམས་སླར་ཡང་ཐག་གཅོད་རྒྱུ་དེ་རེད། གལ་ཏེ་རིགས་འདྲ་བའི་རྩོམ་ཡིག་གཞན་དག་ལས་གཏིང་ཇེ་ཟབ་དང་བག་ཇེ་ཞིབ། གནད་ཇེ་ཆེར་གཏོང་ཐུབ་པར་འབད་དགོས། དེ་འདྲ་མིན་ན་མ་བྲིས་ན་བཟང།

          ལྷག་པར་ཞིབ་འཇུག་སྐོར་གྱི་རྩོམ་ཡིག་ཡིན་ན། གཞན་གྱི་སྡོམ་ཚིག་བསྐྱར་བཟློས་བྱེད་པར་རིན་ཐང་གང་ཡང་མེད་ལ། གཞན་དུ་ན་གཞན་གྱི་ངལ་རྩོལ་འབྲས་བུ་བདག་གིར་འཛིན་པའི་ངན་གཤིས་ཀྱང་གོམས་འགྲོ་བས་རིག་པའི་ཆོམ་པོ་ནམ་ཡང་བྱེད་མི་རུང། ཡིན་ན་ཡང། དོན་གྱི་བྱུང་རིམ་བརྗོད་པའི་རྩོམ་ཡིག་དང། བགྲོ་གླེང་གི་རྩོམ་ཡིག་སྤྱིར་བཏང་བ་རྣམས་དང། ཁྱབ་ཁོངས་ཆ་ཤས་པའི་ནང་དུ་ཤུགས་རྐྱེན་འབྱུང་བའི་རྩོམ་ཡིག་རྣམས་ལ་རེ་རེ་ནས་དོན་གསར་བ་ཞིག་སྟོན་རྒྱུ་ནི་ཧ་ཅང་དཀའ་བའི་གནས་ཡིན་ལ། དེ་ལྟ་བུའི་བླང་བྱ་འདོན་པའི་དགོས་པའང་ཆེན་པོ་མེད། དེ་ནི་རྩོམ་པ་པོ་ཚོར་འབད་བརྩོན་བྱེད་པའི་ཁ་ཕྱོགས་དང། ཚད་གཞི་མཐོ་བའི་རེ་བ་ཞིག་བཏོན་པ་ཡིན་ནོ།

          མདོར་བསྡུས་ནས་བཤད་ན། བརྗོད་བྱ་གཙོ་བོ་སྐྲུན་རྒྱུ་ནི་ཐེངས་གཅིག་གམ་ལས་སླ་མོར་འགྲུབ་ཐུབ་པ་ཞིག་མིན་པར་རྩོམ་ཡིག་གིརྒྱུ་ཆ་འཚོལ་སྡུད་བྱེད་པའི་གོ་རིམ་ནང་མགོ་རྩོམ་པ་ཞིག་དང༌། རྩད་གཅོད་དང་ལག་ལེན་བྱེད་པའི་ཞོར་ལ་དབྱེ་ཞིབ་དང་བརྟག་དཔྱད་བྱས་ནས་ཚད་ངེས་ཅན་ཞིག་ལ་ཐོན་ན། རྒྱུ་ཆ་འདང་ངེས་པ་ཞིག་དང་བསམ་བློ་གཏིང་ཟབ་པ་ཞིག་ཕོག་ཚེ་ད་གཟོད་ཤོག་བུ་དཀར་པོའི་ཐོག་ལ་ནག་ཆུང་ཡི་གེ་འབྲི་བའི་མགོ་བརྩམ་པར་བྱའོ།

 

          གོང་གི་དོན་ཚན་དེ་དག་རྩོམ་གྱི་རྒྱུ་ཆ་གཞི་རྩའི་ཐོག་ཆ་ཚང་བ་ཞིག་ཡོད་ལ། རྩོམ་ཡིག་འབྲི་ཆོག་ཆོག་ཡིན་པའི་རྩོམ་འབྲི་བ་རྣམས་ལ་དམིགས་ནས་བཤད་པ་ཡིན། དེ་དག་ནི་རྩོམ་པའི་རྩ་དོན་ཞིག་དང་ཐབས་ཤེས་ཤིག་ཀྱང་ཡིན་པས་ངེས་པར་བརྩི་སྲུང་བྱེད་དགོས་པ་ཞིག་ཡིན།

          རྩོམ་པར་འཇུག་པའི་ལས་དང་པོ་བ་རྣམས་ལ་ཆ་མཚོན་ན། ཐོག་མར་བརྗོད་བྱ་རྐྱང་བ་སྟོན་བདེ་བའི་རྩོམ་ཐུང་ཐུང་འབྲི་བ་ནས་མགོ་བརྩམས་ན་ལེགས། གལ་སྲིད་བགྲོ་གླེངརྩོམ་ཡིག་འབྲི་ཚུལ་སྦྱོང་འདོད་ན། ཉིན་རྒྱུན་འཚོ་བའི་ནང་འཕྲད་པའི་གནད་དོན་ཆུང་ཆུང་ཞིག་འབྲི་བའམ། ཡང་ན་གནད་དོན་ཆེ་བའི་ནང་གི་གནད་དོན་བྱེ་བྲག་པ་ཞིག་བྲིས་ན་ཡང་ཆོག

དོན་བརྗོད་རྩོམ་ཡིག་འབྲི་ཚུལ་སྦྱོང་ན། དོན་དག་གཅིག་གམ། མི་གཅིག ཡང་ན་ཆ་ཤས་གཅིག་བཅས་འབྲི་རྒྱུ་དང། རྩོམ་མགོ་ཆུང་ས་ནས་བཙུགས་ན་བཟང། ལ་ལས་ཞུགས་མ་ཐག་ནས་རྩོམ་ལེགས་ཤིང་དོན་མང་བའི་རྩོམ་འབྲི་བ་ལ་རྔམ་ཧམ་བྱེད་ཀྱང་དེ་ནི་ལག་པ་རིང་འདོད་ཀྱི་ཕུ་རུང་ཐུང་བ་དང་ཟ་མ་ཟ་འདོད་ཀྱི་ཕོ་བ་ཆུང་བའི་དཔེ་ལྟར་རང་གི་རེ་བའི་ལྡོག་ཕྱོགས་སུ་འགྱུར་ངེས། དེ་ལྟར་བགྱིད་པ་ལས་གླ་བོ་བརྒྱ་རྨས་པ་ལས་རི་བོང་གཅིག་བསད་ན་དགའ་བའི་དཔེ་ལྟར་རྩོམ་ཡིག་གཅིག་གིས་གནད་དོན་གཅིག་ཐག་གཅོད་བྱས་ན་བཟང་ངོ།

 

ལེའུ་གསུམ་པ། རྩོམ་རིག་གི་སྣང་བརྙན་མདོར་བསྟན་པ།

 

          སྤྱིར་སྣང་བརྙན་ཞེས་པའི་ཐ་སྙད་འདི་མིག་གིས་མཐོང་བ་ཙམ་དང། གཟུགས་བརྙན། ཕྱི་ཚུལ་མཛེས་པ། སྐུ་འདྲ་སོགས་དོན་མང་པོ་ལ་འཇུག་པའི་སྐབས་ཡོད་ཀྱང། འདིར་ནི་རྩོམ་རིག་སྒྱུ་རྩལ་གྱི་ཐ་སྙད་ཅིག་ཡིན་ཏེ། གོ་དོན་ནི་རྩོམ་རིག་སྒྱུ་རྩལ་གྱི་བརྩམ་བྱའི་ནང་དུ་འབྱུང་བའི་བསམ་བློའི་ནང་དོན་ངེས་ཅན་ཞིག་དང༌། གཞན་གྱི་ཡིད་འགུག་ཐུབ་པའི་སྒྱུ་རྩལ་གྱི་ཉམས་འགྱུར་ངེས་ཅན་ཡོད་པའི་དཔེ་རིས་གསོན་ཉམས་དང་ལྡན་པ་ཞིག་ཡིན། དེའི་ནང་དུ་འགྲོ་བ་མི་ཡི་སྣང་བརྙན་དང༌། འཚོ་བའི་གནས་ཚུལ། རང་བྱུང་ཁམས་ཀྱི་དངོས་པོ་གང་ཡང་རུང་བའི་སྣང་བརྙན་སོགས་འདུས་སྟབས། དེ་ལ་སྒྱུ་རྩལ་གྱི་སྣང་བརྙན་ཞེས་ཀྱང་བྱ།

          སྐབས་འདིར་སྣང་བརྙན་ཟེར་བ་ནི་གཙོ་བོ་འགྲོ་བ་མི་ཡི་སྣང་བརྙན་ལ་བསྟན་པ་ཡིན་ཏེ། རང་རེའི་འགྲོ་བ་མི་ཡི་རིགས་ནི་འཚོ་བའི་བདག་པོ་ཡིན་པ་དང༌། རྩོམ་རིག་སྒྱུ་རྩལ་ནི་འཚོ་བ་དངོས་མཚོན་པར་བྱེད་པའི་རིག་རྩལ་གྱི་རྣམ་པ་ཞིག་ཡིན་པས། མི་ནི་རྩོམ་རིག་སྒྱུ་རྩལ་གྱི་བརྗོད་བྱ་གཙོ་བོར་གྱུར་པ་དང༌། བརྗོད་བྱ་དེ་ལེགས་པར་སྟོན་དགོས་ན་རྩོམ་རིག་སྒྱུ་རྩལ་གྱི་བརྩམ་བྱའི་ནང་དུ་ཅིས་ཀྱང་མིའི་སྣང་བརྙན་གསོན་ཉམས་དང་ལྡན་པ་མང་པོ་གསར་དུ་སྐྲུན་དགོས།

          རྩོམ་རིག་སྒྱུ་རྩལ་གྱི་བརྩམ་བྱའི་ནང་གི་སྣང་བརྙན་གང་ཞིག་ཡིན་ཡང་ན་ཡང༌། རྩོམ་པ་པོའི་ལྟ་བ་དང་དགའ་སྡང་སོགས་རྣམ་འགྱུར་ངེས་ཅན་དང་འབྲེལ་ཡོད་ལ། རྩོམ་པ་པོའི་ལངས་ཕྱོགས་དང༌། འཇིག་རྟེན་ལྟ་ཚུལ། འཚོ་བའི་ཉམས་མྱོང༌། རིག་གནས་ཀྱི་ཆུ་ཚད་ལ་སོགས་པར་འབྲེལ་བ་དམ་པོ་ཡོད་པསརྩོམ་པ་པོའི་བསམ་པའི་ཕྱོགས་ལྷུང་གིས་དྲི་མས་མ་གོས་པའི་སྒྱུ་རྩལ་གྱི་སྣང་བརྙན་ཟེར་བ་ཞིག་གཏན་ནས་མེད། དེའི་ཕྱིར། ང་ཚོས་ངེས་པར་དུ་རིག་རྩལ་གྱིས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱ་དགོས།

          ཨུ་རུ་སུའི་རླབས་ཆེན་གྱི་རྩོམ་པ་པོ་ཀོ་ཨེར་ཅི་ཡིས་རྩོམ་རིག་ནི་རྒྱུ་རྐྱེན་གལ་ཆེན་གསུམ་ལས་གྲུབ་པ་ཡིན་གསུངས་པ་དང༌། “རྩོམ་རིག་གི་རྒྱུ་རྐྱེན་གལ་ཆེན་དང་པོ་ནི་སྐད་ཆ་ཡིན་པ་དང༌། སྐད་ཆ་ནི་རྩོམ་རིག་གི་ཡོད་བྱད་གཙོ་བོ་ཡིན་ལ། སྐད་ཆ་དང་དོན་དངོས་སྣ་ཚོགས་པ་དང༌། འཚོ་བའི་སྣང་ཚུལ་རབ་དང་རིམ་པ་རྣམས་ལྷན་དུ་འདུས་ཏེ་རྩོམ་རིག་གི་རྒྱུ་ཆ་གྲུབ་པ་ཡིནགསུངས། རྗོད་བྱེད་ཀྱི་ཚིག་གལ་ཆེ་ཚུལ་དང་དེ་ལ་དང་དོད་བྱེད་དགོས་པའི་སྐོར་ལ་རང་རེའི་བོད་ཀྱི་མཁས་པ་རིམ་བྱོན་རྣམས་ཀྱིས་ཀྱང་གསུང་དྲི་མ་མེད་པའི་བསླབ་བྱ་མང་པོ་གནང་ཡོད་ལ། དེ་ཡང་ཐོག་མར་མིང་ལ་སྦྱོང་བ་དང༌། མིང་གི་ཚོགས་པ་ལ་བརྟེན་ནས་ཚིག ཚིག་གི་ཚོགས་པ་ལ་བརྟེན་ནས་བརྗོད་པ་གྲུབ་པར་གསུངས་པ་ལྟར། ཡི་གེའི་སྦྱོར་བ་བྱང་ཆུབ་པར་བྱེད་པ་ནི་གནད་ཀྱི་དམ་པ་ཡིན། ཡིན་ན་ཡང༌། ཧ་ཅང་མངོན་བརྗོད་བརྡ་ཚིག་དམ་པོ་ཡིས། །ཀུན་ནས་བཅིངས་པའི་གླེགས་བམ་གྲངས་མང་ཡང༌། །ཡི་དྭགས་ཕྱུག་པོའི་ནོར་གྱི་ཕུང་བོ་ལྟར། །སུ་ལའང་ཕན་པ་མེད་པ་ཉིད་དང་མཚུངས། །ཞེས་གསུངས་པ་ལྟར། རྩོམ་འབྲི་བའི་དུས་སུ་ཧ་ཅང་གོ་དཀའ་བའི་མངོན་བརྗོད་དང༌། ཡང་ན་རང་གིས་གོ་བ་མ་ལོན་པའམ་གོ་བ་བཟང་པོ་ལེན་མི་ཐུབ་པའི་གཞན་གྱི་ཚིག་ཟུར་ཙམ་འཆོས་པ་དང༌། མ་བཅོས་པར་གཞན་ནས་བླངས་ཏེ་འགོད་པ་སོགས་མི་བྱེད་པར། གོ་སླ་ཞིང་བདེ་བ་ཞིག་བྱས་ན་ཕན་པ་ཆེ། དཔེ་དེ་བཞིན་དུ། སྐོར་ཚོགས་མང་པོའི་ཚིག་གི་རྒྱ་ཆེ་བ་དང༌། གོ་ཡང་སླ་ལ་འགྲེལ་ཡང་ཆགས་པ་ཞིག་ཡིན་ན་ཡང༌། བརྗོད་བྱའི་དོན་གྱིས་སྟོང་བ་ཞིག་ཡིན་ན། དེ་ནི་མ་ནིང་གཟུགས་མཛེས་རྒྱན་གྱིས་སྤྲས་པ་ལྟར། །མཐོང་ན་མཚར་ཀྱང་འདོད་པའི་དོན་མི་འགྲུབ། །ཅེས་པའི་ཟླ་ལ་འགྱུར་ངེས་རེད།

          དེར་བརྟེན། ཀོ་ཨེར་ཅི་ཡིས། “རྩོམ་རིག་གི་གལ་ཆེན་རྒྱུ་རྐྱེན་གཉིས་པ་ནི་བརྗོད་བྱའི་དོན་གྱི་སྙིང་བོ་ཡིན་ཏེ། བརྗོད་བྱའི་དོན་གྱི་སྙིང་བོ་ནི་རྩོམ་པ་པོའི་ཉམས་མྱོང་ལས་བྱུང་བ་དང༌། འཚོ་བས་རྩོམ་པ་པོ་ལ་བརྡ་ལྐོག་གྱུར་པ་ཞིག་བསྟན་པའི་བསམ་བློ་ཡིན་མོད། འོན་ཀྱང་བསམ་བློ་དེ་རྩོམ་པ་པོའི་ཡིད་ལ་འཁོར་ཀྱང་ད་དུང་མ་གྲུབ་པར་སྣང་བརྙན་ལ་བརྟེན་ནས་མཚོན་པར་བྱེད་དགོས་ཙ་ན། དེས་རྩོམ་པ་པོའི་སེམས་ཀྱི་འདུན་པ་ཞིག་བསྐུལ་ཏེ-དེ་ལ་གཟུགས་དབྱིབས་ཤིག་ཡོད་པར་གྱུར་པ་རེད། ”ཅེས་གསུངས།

          འོ་ན་རྗོད་བྱེད་ཀྱི་ཚིག་དང་བརྗོད་བྱའི་དོན་ཡོད་པ་ཙམ་གྱིས་ཆོག་གམ་ཞེ་ན། མི་ཆོག་སྟེ། རྩོམ་རིག་སྒྱུ་རྩལ་གྱི་བརྗོད་བྱའི་དོན་ནི་རྗོད་བྱེད་ཀྱི་ཚིག་ལ་རག་ལས་ཀྱང༌། བྱུང་བ་དེ་དག་ལ་གོ་རིམ་ཞིག་ཅི་ནས་ཀྱང་མཆིས་སྲིད་པས། དེའང་ཤིན་ཏུ་གལ་ཆེན་པོ་ཞིག་རེད། ཀོ་ཨེར་ཅི་ན་རེ། “རྩོམ་རིག་གི་རྒྱུ་རྐྱེན་གལ་ཆེན་གསུམ་པ་ནི་གོ་རིམ་ཡིན་ཏེ། གསལ་པོར་བཤད་ན། མི་ཕན་ཚུན་བར་གྱི་འབྲེལ་བ་དང༌། འགལ་བ། གདུང་སེམས་སྐྱེས་པ། ཞེ་ལོག་པ། ཕན་ཚུན་བར་གྱི་སྤྱིར་བཏང་གི་འབྲེལ་བ་སྟེ་-གཤིས་རྒྱུད་དང་དཔེ་མཚོན་རིགས་ཤིག་འཚར་ལོངས་དང་ཆགས་ནས་གྲུབ་པའི་ལོ་རྒྱུས་ཤིག་རེད།

          གོང་གསལ་གྱི་རྒྱུ་རྐྱེན་གསུམ་པོ་དེ་ནི་མིའི་སྣང་བརྙན་གསར་དུ་སྐྲུན་པ་ལ་འབྲེལ་བ་ཆེན་པོ་ཡོད་པས་འདིར་ལུང་དྲངས་པ་ཡིན།

          རྩོམ་རིག་ནི་སྤྱི་ཚོགས་ཀྱི་འདུ་ཤེས་འཛིན་སྟངས་དམིགས་བསལ་ཅན་ཞིག་ཡིན་པ་དང༌། སྤྱི་ཚོགས་ཀྱི་འཚོ་བ་ངེས་ཅན་ཞིག་རྩོམ་པ་པོའི་ཡིད་ལ་སྣང་བའི་ཐོན་དངོས་ཤིག་རེད། དེ་ནི་རི་མོ་འབྲི་བ་དང༌། འབུར་རིས་བརྐོ་བ། རོལ་མོ། ཞབས་བྲོ་སོགས་དང་མི་འདྲ་བར་སྐད་ཆ་ལ་བརྟེན་ནས་སྣང་བརྙན་གསར་སྐྲུན་བྱེད་པ་ཞིག་ཡིན། དེར་བརྟེན་རྩོམ་རིག་གི་སྣང་བརྙན་གསར་སྐྲུན་བྱེད་པ་ལ་དུས་ཚོད་དང༌། ཕྱི་རོལ་ཡུལ་དང་རང་སྣང་ལ་སོགས་པའི་ཆ་རྐྱེན་གྱིས་ཚོད་འཛིན་བྱེད་མི་དགོས་སྟབས། སྒྱུ་རྩལ་གཞན་དག་དང་བསྡུར་ན་རང་དབང་ཆེན་པོ་ཡོད་པ་ཞིག་རེད། རྩོམ་རིག་གིས་སྤྱི་ཚོགས་ཀྱི་སྣང་ཚུལ་མཐའ་དག་མཚོན་པར་བྱེད་ནུས་པ་དང༌། དངོས་པོ་དང་བསམ་བློ། ཕྱི་ལུས་ཀྱི་རྣམ་པ་དང་ནང་སེམས་ཀྱི་འགྱུར་བ་ལ་སོགས་པ་རྣམས་ཐད་ཀར་མཚོན་ཐུབ། ཡིན་ན་ཡང༌། རྩོམ་རིག་གི་སྣང་བརྙན་དེ་མི་རྣམས་ཀྱིས་ངོས་འཛིན་བྱེད་སྐབས། རི་མོ་དང་འདྲ་བར་མིག་གི་ཚོར་བ་ལ་བརྟེན་པ་མ་ཡིན་པར་ཡིད་ཀྱི་འདུ་ཤེས་ལ་བརྟེན་དགོས།

          འོ་ན། རྩོམ་རིག་སྒྱུ་རྩལ་གྱི་སྣང་བརྙན་ཟེར་བ་དེ་འཚོ་བ་དངོས་ཀྱི་འདྲ་བཤུས་ཙམ་དང༌། རི་མོ་མཁན་གྱིས་མི་ཞིག་གི་གཟུགས་ཀྱི་ཆ་བྱད་ཇི་མ་ཇི་བཞིན་དུ་བྲིས་པ་ལྟ་བུ་ཞིག་ཨེ་ཡིན་ཞེ་ན། དེའང་མ་ཡིན། ཧཕ་རན་རྩོམ་པ་པོ་སྐད་གྲགས་ཅན་པཱ་ཨེར་ཀྲ་ཁི་ན་རེ།མཛེས་ཤིང་ཡིད་དུ་འོང་བའི་སྣང་བརྙན་ཞིག་གསར་དུ་སྐྲུན་ན། ཕྱི་མོ་འདིའི་ལག་པ་དང༌། དེའི་རྐང་བ། འདིའི་བྲང་ཀ་དང་དེའི་པྲག་པ་སོགས་ནས་དཔེ་ལེན་དགོས། སྒྱུ་རྩལ་མཁན་གྱི་ལས་འགན་ནི་གསར་དུ་བསྐྲུན་པའི་མིའི་བེམ་པོ་དེའི་ནང་སྲོག་ཞུགས་སུ་བཅུག་སྟེ། བྲིས་པའི་རི་མོ་དེ་དངོས་ཡོད་ཅིག་ཏུ་འགྱུར་བར་བྱེད་རྒྱུ་དེ་ཡིན། གལ་སྲིད་ཁོས་དངོས་ཡོད་ཀྱི་བུ་མོ་ཞིག་གི་དབྱིབས་འདྲ་བཤུ་བྱེད་འདོད་པ་ཡིན་ན། ཁོའི་རྩོམ་ཡིག་དེ་ལ་མི་རྣམས་དགའ་བ་བསྐྱེད་མི་སྲིདཔར། ཀློག་པ་པོ་རྣམས་ཀྱིཆེད་དུ་རྒྱན་བཏགས་པའི་དངོས་ཡོདདེ་ཡངལོགས་ཤིག་ལ་འདོརརྐྱང་རེད། ཀྲུང་གོའི་རླབས་ཆེན་གྱི་རྩོམ་པ་པོ་ལུའུ་ཞུན་གྱིས་རང་གིས་བརྩམས་པའི་སྒྲུང་ཐུང་ནང་གི་མིའི་སྣང་བརྙན་གསར་སྐྲུན་བྱས་པའི་སྐོར་གླེང་སྐབས། “མིའི་ཕྱི་མོ་ཡང་དེ་དང་འདྲ་བར་བསམ་བཞིན་དུ་མི་གཅིག་བཀོལ་བ་ནི་མེད་པར། ནམ་ཡིན་ཡང་ཁ་ནི་ཀྲེ་ཅང་དང༌། གདོང་ནི་པེ་ཅིན། གོས་ནི་ཧྲན་ཞིས་ནས་བླངས་ཏེ་དེ་རྣམས་བསྡུ་བསྒྲིག་བྱས་པ་ཞིག་ཡིནཞེས་གསུངས།

          དེས་ན། མིའི་སྣང་བརྙན་ནི་ཕྱོགས་ཐམས་ཅད་ཀྱི་སྙིང་པོ་དང་ལེགས་ཆ་རྣམས་བསྡུས་ནས་བྱུང་བ་ཞིག་ཡིན་ལ། རྩོམ་པ་པོས་རྩོམ་ཡིག་གི་བརྗོད་བྱ་དང་དགོས་པ་ངེས་ཅན་ཞིག་ལ་གཞིགས་ནས་གསར་དུ་བསྐྲུན་པ་ཞིག་ཡིན་ནོ། །

༄༅།།རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག །མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ། །མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག །ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།

     ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ<<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། ༢༠༠༩་༡༡་༡༦།

 

   བོད་དོན་གསར་འགྱུར་རྩོམ་གསར་སོགས། དེ་རིང་སྒོ་བྱང་ངོས་ལ་གཟིགས། གལ་ཆེའི་བཀའ་སློབ་ཡིག་ཆ་སོགས། རིན་ཆེན་གསང་བའི་གཏེར་ལས་བཞེས། སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར། ལན་ཅིག་ཕེབས་དང་རྒྱང་རིང་གྲོགས། ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

      སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

ཕྱག་ན་པད་མོའི་བཞད་སྒྲ་རེས། སྐྱེ་དགུ་འི་སེམས་ལ་བདེ་བ་སྦྲུམ།

 

དམངས་གྲོས་འཁོར་ལོ་རྩིབས་སྟོང་པས། དམར་པོའི་སྲིད་མཚང་གནམ་ལ་དྲངས།

 

རང་དབང་བླ་མེད་གདུགས་ཁྱིམ་ན། རང་མོས་འཚོ་བའི་དགའ་སྟོན་མང།

བདེན་དོན་མི་ནུབ་རྒྱལ་མཚན་ནི། ཆིག་སྒྲིལ་དཔུང་པས་དམ་དུ་བསྒྲེངས།

མདོ་སྨད་གཏེར་གྱི་བུམ་བཟང་ན། སྣ་ཚོགས་སྨན་གྱི་དྲི་བསུང་འཐུལ

སྙུག་ཚོགས་དུང་དཀར་རང་གྲགས་ནི། སུ་ཡིས་འབུད་ལ་རང་དབང་ཉིད།  

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི། མཛའ་མཐུན་དཔལ་བེའུས་ཀུན་ནས་སྦྲེལ།

ཀྲུང་གོའི་བོད་ཡིན་ནམ།

ཨེ་ཤེ་ཡ༌རླུང་འཕྲིན།

 

རྒྱལ་སྤྱིའི་སྐད་ཡིག་སློབ་གླིང།

རྒྱལ་སྤྱིའི་སྙུག་ཚོགས་ལ་ཞུགས་ན་གཟི་བརྗིད་ལྡན།