༄༅།།རྩོམ་རིག་གི་རྣམ་གཞག་སྙིང་བསྡུས།

 

 

ལེའུ་དང་པོ། སྤྱི་དོན་བསྡུས་བཤད།

 

ཀ རྩོམ་རིག་གི་གོ་དོན།

མཐོང་ཐོས་དྲན་སྣང་འཚོ་བའི་མངར་སྐྱུར་དག བློ་གྲོས་རྩལ་གྱིས་འདོར་ལེན་ལེགས་སྒྲིག་གིས།

བརྗོད་པའི་ངག་གི་བཟོ་རྩལ་ཡང་ན་དེ། ཡི་གེའི་རི་མོར་འགོད་པ་རྩོམ་རིག་གོ

སྤྱི་ཚོགས་ཀྱི་འཚོ་བ་དང་མིའི་རིགས་ཀྱི་བློ་གྲོས་ལས་བྱུང་བའི་སྒྱུ་རྩལ་ངག་བཟོ་འམ་ཡི་གེའི་རི་མོ་ལ་རྩོམ་རིག་ཟེར།

ཁ། རྩོམ་རིག་གཞུང་ལུགས།

ཅི་ཞིག་འབྲི་དང་ཅི་ཕྱིར་འབྲི། ཇི་ལྟར་འབྲི་བའི་བརྒྱུད་རིམ་སོགས།

རྩོམ་འབྲིའི་ནུས་པར་དཔྱོད་པ་ཡི། རིག་པའི་གཞུང་ནི་རྩོམ་གཞུང་སྟེ།

རྩོམ་རིག་རྣམ་བཤད་ཅེས་ཀྱང་བྱ། རྩོམ་གཞུང་ཞེས་པ་ནི་རྩོམ་འབྲི་འདོད་ཀྱི་ཀུན་སློང་སྐྱེས་པ་ནས་རྩོམ་ཡོངས་སུ་གྲུབ་པའི་བར་གྱི་རྩོམ་འབྲིའི་བརྒྱུད་རིམ་ཆ་ཚང་དང༌། རྩོམ་འབྲིའི་ནུས་པར་ཞིབ་འཇུག་བྱེད་པའི་ཚན་རིག་ཅིག་ཡིན། དེ་ནི་ཡུན་རིང་རྩོམ་འབྲིའི་ལག་ལེན་ཁྲོད་ནས་བྱུང་བ་དང། གཞུང་དེ་གྲུབ་རྗེས་སླར་ཡང་རྩོམ་ཡིག་རང་ཉིད་ལ་མཛུབ་ཁྲིད་བྱེད་ཀྱི་ཡོད།

ག རྩོམ་གཞུང་གི་བརྗོད་བྱ།

ཅི་ཞིག་འབྲི་བའི་བརྗོད་བྱ་དང༌། ཅིའི་ཕྱིར་འབྲི་བའི་བརྗོད་བྱའི་སྲོག

རྩོམ་ཚུལ་བརྗོད་དོན་སྒྲིག་གཞི་སོགས། རྩོམ་རིག་གཞུང་གི་བརྗོད་བྱ་ཡིན།

ཅི་ཞིག་འབྲི་ནི་ཐོག་མའི་བསམ་གཞིགས་ཏེ། བརྗོད་བྱ་ཡིན་ལ། ཅིའི་ཕྱིར་འབྲི་ནི་རྩོམ་འབྲིའི་དགོས་དམིགས་སམ་ཉིང་དགོས་ཏེ་བརྗོད་བྱའི་གཙོ་བོ་སྲོག་ཡིན་པས་འདི་མེད་ན་རྩོམ་དེར་རིན་ཐང་མེད། སྒྲུང་དང་སྙན་དངགས་སོགས་ཀྱི་རྩོམ་ཚུལ། རྩོམ་གྱི་བརྗོད་དོན་རྒྱུ་ཆ་འཚོལ་སྡུད་དང༌། བྱུང་རིམ་དང་སྒྲིག་གཞི་འབྲེལ་ཆགས་བཀོད་མཁས། སྐད་ཆ། བཀོད་འབྲི། རྒྱས་བཤད། བཟོ་བཅོས་སོགས་ཇི་ལྟར་འབྲི་བའི་གོ་རིམ་ཆ་ཚང་བཅས་ནི་རྩོམ་གཞུང་དག་གི་བརྗོད་བྱ་གཙོ་བོ་རྣམས་ཡིན།

ང། རྩོམ་གཞུང་སྦྱོང་བའི་དགོས་དམིགས།

རང་གིས་རྩོམ་དང་གཞན་ལ་འདོམས། སྤྱི་ཚོགས་ཤེས་རིག་གོང་སྤེལ་ཕྱིར།

རྩོམ་རིག་གཞུང་ལ་འཇུག་པར་བྱ།

སོ་སོའི་རྩོམ་འབྲིའི་ཆུ་ཚད་མཐོ་རུ་བཏང་ནས་རྩོམ་རིགས་འབྲི་སྦྱོང་དང། རྩོམ་རིག་བརྩམས་ཆོས་ལ་དབྱེ་ཞིབ་ཐུབ་པ་བྱ་རྒྱུ་ནི་སྐབས་འཕྲལ་གྱི་དམིགས་ཡུལ་དང༌། རྩོམ་རིག་ནི་སྤྱི་ཚོགས་ཡོངས་ལ་ཁྱབ་ཅིང། མིའི་རིགས་ཀྱི་ལོ་རྒྱུས་འཕེལ་རྒྱས་ཐད་ལ་གལ་ཆེའི་ཕན་ནུས་ཐོན་པའི་ལག་ཆ་ཞིག་ཡིན། དེས་ཉམས་མྱོང་ཕྱོགས་བསྡུས་ཀྱིས་ལག་ལེན་གསར་པར་མཛུབ་ཁྲིད་བྱས་ནས། མིའི་རིགས་ཀྱི་འཚོ་བ་དང། ཤེས་རིག་འཕེལ་རྒྱས་ལ་ནུས་པ་ཆེན་པོ་འདོན་གྱིན་ཡོད་པས། རྩོམ་རིག་གིས་སྤྱི་ཚོགས་ལ་ཞབས་འདེགས་བསྒྲུབ་རྒྱུ་ནི་ང་ཚོའི་ཕུགས་ཀྱི་དགོས་འདུན་ཡིན།

རྩོམ་རིག་ཅེས་པ་ནི་གཟུགས་མེད་ཀྱི་ལྷ་འདྲེ་ལྟ་བུ་ཞིག་སྟེ། དེ་མིའི་སེམས་ནང་ལ་འཛུལ་ནས་སེམས་ཁམས་ལ་འགྱུར་བ་དང༌། བཟོ་བཅོས་སྣ་ཚོགས་གཏོང་ཐུབ། སྤྱིར་སྒྱུ་རྩོམ་གྱི་ངོ་བོའི་ཆ་ནས་བཟང་ངན་གྱི་ཕྱོགས་ལྷུང་མེད་ན་ཡང༌། རྩོམ་པ་པོའི་བསམ་བློ་ནི་རྩོམ་རིག་ཁ་ལོ་བ་ཡིན་པས་དེ་ལ་རག་ལས་ཡོད། རྩོམ་རིག་བཤད་འཁྲིད་བྱེད་པ་ལའང་རྩོམ་གཞུང་ལ་ནང་བྱན་ཆུབ་པ་ཞིག་དགོས་ལ། རྩོམ་གཞུང་སྦྱོང་བ་ནི་རྩོམ་པ་པོའི་ཁྲི་སྟེང་ལ་སླེབས་པའི་ཉེ་ལམ་ལྟ་བུ་ཞིག་ཀྱང་ཡིན་སྲིད།

ཅ། རྩོམ་འབྲིའི་ཐོག་མའི་རྨང་གཞི།

བརྡ་སྤྲོད་སྐད་ཀྱི་ལྗགས་རིང་ཞིང༌། མཐོང་རྒྱ་ཐོས་རྒྱའིསྒོ་ཡངས་པ།

འཚོ་བའི་ཉམས་མྱོང་གསོག་མཁས་པ། འདི་དག་རྩོམ་འབྲིའི་རྨང་གཞི་ཡིན།

རྩོམ་ཡིག་ནི་སྐད་ཡིག་གིས་གྲུབ་པའི་སྒྱུ་རྩལ་ཞིག་ཡིན་པས། བརྡ་སྤྲོད་གཞུང་གི་ཡིག་སྐད་ཙམ་དུ་མ་ཟད་སྐད་ཆའི་སྒྱུ་རྩལ་ལ་བྱང་བའམ་སྐད་ཡིག་ཕུན་སུམ་ཚོགས་པ་ཞིག་ཡོང་བ་བྱེད་རྒྱུ་དེ་རྩོམ་འབྲིའི་ནུས་རྩལ་མཐོར་འདེགས་བྱེད་ཆེད་ཡིན་ཏེ། ཀོར་ཅྀསཁྱེད་ཚོས་ཡིད་གཟབ་ཀྱིས་མང་ཚོགས་ཀྱི་ཕལ་སྐད་ལ་སློབ་སྦྱོང་བྱས་ཏེ། བབ་ཆགས་ཤིང་གོ་བདེ་བ། སྙན་འཇེབས་གསོན་ཉམས་ལྡན་པའི་ཚིག་བེད་སྤྱོད་བྱ་རྒྱུར་འབད་བརྩོན་གྱིས་བརྗོད་ཚིག་གཅིག་གཉིས་ཀྱིས་ལུས་ངག་ཡིད་གསུམ་གྱི་ཁྱད་ཆོས་མཚོན་ཐུབ་པའི་གཟུགས་བརྙན་མཚོན་དགོས།ཞེས་གསུངས་པ་བཞིན། ཚིག་རྒྱན་དང་གཏམ་དཔེ་སོགས་སྐད་ཡིག་གི་རྒྱུ་ཆའི་བང་མཛོད་བསྐྲུན་རྒྱུ་དང་སྐད་ཆ་བཞུ་སྦྱང་བྱ་བ་ནི་རྩོམ་པ་པོ་ཞིག་གི་དམིགས་བསལ་ཆེད་ལས་ཀྱང་ཡིན་ཏེ། ཚའོ་ཞི་ཆིན་གྱིས། ཡིག་འབྲུ་རེ་རེ་ཁྲག་གིས་སྦག་པ་ལས། ལོ་བཅུའི་སྐྱོ་ངལ་བརྗོད་ལས་འདས་པ་ཤེས། ཞེས་དང༌། ཀྱ་ཏོ་ཡིས། ཚིག་རྐང་གཉིས་ཙམ་ལོ་ངོ་སུམ་གྱིས་གྲུབ། ཀློག་བཞིན་གདོང་ལ་དགའ་བའི་མཆི་མས་བྲན། ཞེས་གསུངས་པ་བཞིན་ནོ།

གཞན་ཡང་རྩོམ་ཡིག་ཡིག་འབྲི་ན་ནང་དོན་ཡག་པོ་ཞིག་དགོས་ལ། ནང་དོན་ནི་སྤྱི་ཚོགས་འཚོ་བ་ཡིན་པས། འཚོ་བས་དབུལ་བའི་རྩོམ་མཁན་གྱི་སྙུག་རྩེ་ནས་རྩོམ་ཡིག་བཟང་པོའི་སྐྱེས་ཤིག་ཐོན་མི་སྲིད། དེ་བས། སྐྱིད་སྡུག་གི་ཉམས་མྱོང་ཕུན་སུམ་ཚོགས་པ་གསོག་དགོས་ལ། མ་མཐར་ཡང་གཞན་གྱི་ཉམས་མྱོང་དང་མཐོང་ཐོས་ཅི་རིགས་ཟིན་ཐོར་འགོད་པའམ་ཡོད་ཚད་ལ་ཇུས་གཏོགས་བྱ་རྒྱུ་ནི་རྩོམ་འབྲི་སྦྱོང་བརྡར་གྱི་ཐོག་མའི་འཇུག་སྒོའམ་རྨང་གཞིའི་ཤེས་བྱ་ཡིན་ལ། ཇི་སྲིད་འཚོ་བའི་བར་དུ་འཇུག་དགོས་ལ་ཚར་རྒྱུ་མེད་པའི་རྩོམ་རིག་གི་འཚོ་བའང་ཡིན་ནོ།

ཆ། རྩོམ་རིགས་ཀྱི་དབྱེ་བ་གཙོ་བོ་འགའ།

སྤྱིར་ན་སྒྱུ་རྩོམ་རང་བཞིན་བརྗོད་རྩོམ་གཉིས།

མངོན་པའི་ཚུལ་ལ་ངག་རྩོམ་ཡིག་རྩོམ་གཉིས།

བརྗོད་པའི་ཚུལ་ལའང་དྲང་བརྗོད་འཁྱོག་བརྗོད་གཉིས།

རྩོམ་ཚུལ་རིགས་ལ་སྙན་དངགས་སྒྲུང་གཏམ་དང།

ལྷུག་རྩོམ་ཟློས་གར་ལེགས་བཤད་དཔྱད་བརྗོད་དང།

ལོ་རྒྱུས་གནས་འཕྲིན་ལ་སོགས་རྣམ་གྲངས་མང།

 “རྩོམ་རིག་ནི་ཚིག་གི་སྒྱུ་རྩལ་ཡིནཞེས་སྨྲ་བ་རྣམས་ཀྱིས་སྒྱུ་རྩལ་རྩོམ་རིགས་ལས་ཅིག་ཤོས་རྣམས་རྩོམ་རིག་གི་ཁོངས་སུ་མི་འདོད། ཡིན་ནའང་རང་རེའི་བོད་གངས་ཅན་ལ་མཚོན་ན་འཆད་རྩོད་རྩོམ་གསུམ་མཁས་པའི་བྱ་བ་ཡིན་ཞེས་གྲུབ་མཐའ་ལོ་རྒྱུས་སོགས་རྩོམ་མཁན་དེ་དག་གི་བརྩམས་ཆོས་ཚང་མ་རྩོམ་གྱི་རིག་པར་འདོད། རིག་གནས་བཅུའི་ནང་ལ་སྙན་དངགས་དང་ཟློས་གར་ལས་མ་བགྲངས་པ་ནི་སྐབས་དེར་སྒྲུང་སོགས་མཁས་པའི་ཆེད་ལས་གཙོ་བོར་མི་འདོད་པས་མ་བཞག་པ་ལས། དེ་དག་རྩོམ་རིག་ཏུ་མ་འདོད་པ་མིན། ཡང་ན། དེ་གཉིས་ཀྱི་ཤུགས་སུ་སྒྲུང་ཡང་གོ་འོས་ཏེ། སྤེལ་མ་ཟློས་གར་ལ་སོགས་པ་ཞེས་གསུངས་པས་སོ། སྤྱིར་ཡིན་ན་སྙན་ངག་མེ་ལོང་མ་ནི་སྒྱུ་རྩོམ་སྤྱིའི་རྣམ་གཞག་ཅིག་ཡིན་མོད། ང་ཚོའི་ལག་ལེན་ཁྲོད་དུ་སྙན་དངགས་ཁོ་ནར་གོ་བ་ཞིག་ཆགས་ཡོད།

དེས་ན་སྒྱུ་རྩལ་རང་བཞིན་གྱི་རྩོམ་རིགས་དང༌། རང་བཞིན་བརྗོད་པའི་རྩོམ་རིགས་གཉིས་སུ་འབྱེད་དགོས་སྙམ། ཡང༌། སྒྲ་གདངས་བརྒྱུད་ནས་མངོན་པའི་ངག་རྩོམ་དང༌། གཟུགས་བརྙན་བརྒྱུད་ནས་མངོན་པའི་ཡིག་རྩོམ་མམ་རྩོམ་ཡིག་གཉིས་དང༌། ཡང༌། བརྗོད་བྱ་སྟོན་ཚུལ་གྱི་ཆ་ནས་དྲང་བརྗོད་དང་འཁྱོག་བརྗོད་ཀྱི་བརྗོད་ཚུལ་གཉིས། ཡང༌། ཕྱི་རྗོད་བྱེད་ཚིག་སྦྱོར་གྱི་རྣམ་པ་ཁོ་ནའི་ཆ་ནས་བཅད་ལྷུག་སྤེལ་གསུམ་དང༌། ནང་བརྗོད་བྱེད་དོན་གྱི་ཚུལ་ལས་ཟློས་གར་སོགས་བལྟ་བྱའི་རྩོམ་རིགས་དང་སྒྲུང་སོགས་མཉན་བྱའི་རྩོམ་རིགས་བཅས་དབྱེ་སྟངས་མང༌།

ཇ། རྩོམ་རིགས་སྤྱིའི་རྩོམ་ལུགས།

ཐོག་མའི་རྩོམ་གཞི་བརྗོད་གཞི་གདམ་གསེས་དང༌། བར་དུ་རྩོམ་པའི་ཐབས་ཚུལ་གོ་རིམ་དང།

མཐའ་མར་བྲིས་ཟིན་ཡང་ཡང་བཟོ་བཅོས་གསུམ། ཕལ་ཆེར་རྩོམ་རིགས་སྤྱི་ཡི་རྩོམ་ལུགས་ཡིན།

སྤྱིར་སྒྱུ་རྩོམ་ལ་སྒྲིག་སྲོལ་ངེས་ཅན་ཞིག་མེད་ལ་ཡོད་ཀྱང་མི་འོས་མོད། ཐུན་མོང་གི་སྤྱི་སྲོལ་ལྟ་བུ་ཞིག་མེད་པའང་མིན་ཏེ། རྩོམ་འབྲིའི་ཐོག་མར་རྩོམ་ཡིག་གི་མ་གཞིའི་རྒྱུ་ཆ་རྣམས་གདམས་གསེས་བྱེད་དགོས་པ་མ་ཟད། བརྗོད་བྱའི་གཞི་རྩ་སྲོག་དེ་ངེས་པར་གཏན་འཁེལ་གྱིས་རྩོམ་ཡིག་ཧྲིལ་པོའི་གཞི་རྐང་བྱེད་དགོས། དེ་ནས་རྩོམ་ལུས་དང་མཚོན་ཚུལ་ཐབས་ལམ། སྔ་ཕྱིའི་གོ་རིམ་སོགས་ལ་བསམ་བློའི་བཀོད་སྒྲིག་ཆ་ཚང་ཞིག་གམ་ཟིན་ཐོ་རགས་པ་ཞིག་བཏབ་རྗེས། གཞི་ནས་ཤར་མར་འབྲི་བ་དང༌། སླར་ཡང་བཟོ་བཅོས་གང་ལེགས་བྱེད་དགོས། ཐོལ་བྱུང་ཚོར་མཚོན་སྙན་ཚིག་མ་ཡིན་པབཟོ་བཅོས་ནི་རྩོམ་ཡིག་སྤུས་ཚད་ཇེ་ལེགས་སུ་གཏོང་བའི་ཐབས་ཚུལ་གལ་ཆེན་ཞིག་ཡིན།

ཉ། རྩོམ་གཞུང་ཁྲིད་ཐབས།

རྩོམ་གྱི་གྲུབ་ཆ་རེ་རེ་ལ། མཁས་པའི་གསུང་གི་ལུང་འདྲེན་དང།

དཔེ་འོས་རྩོམ་གྱི་མཚན་གཞི་བཅས། རྩོམ་གྱི་རིག་པ་བཤད་ཁྲིད་བྱེད།

སྙན་ངག་མེ་ལོང་མ་ཁྲིད་བདེ་ལ་གོ་སླ་བ་ཞིག་ཡོད་པ་ནི་རྒྱན་ཐམས་ཅད་ལ་མཚན་གཞིའི་དཔེ་མཚོན་བཀོད་པས་ཡིན། དེ་བཞིན་སྒྲུང་རྩོམ་སོགས་ལའང་གཞུང་བཤད་རྐྱང་པ་ལས་དཔེ་མཚོན་རྩོམ་ཡིག་དངོས་དང་སྦྲགས་ན་བློ་སྒོ་འབྱེད་པའི་ལྡེ་མིག་དངོས་ཡིན་ནོ།

 

ལེའུ་གཉིས་པ། རྩོམ་རིག་གི་གྲུབ་ཆ་གཙོ་བོ་འགའ་བཤད་པ།

 

གཅིག བརྗོད་གཞི་བཤད་པ།

 

༡། བརྗོད་གཞིའི་གོ་དོན།

རྩོམ་ཡིག་གང་གི་དངོས་ཤུགས་ལས། བསྟན་པའི་བརྗོད་བྱའི་གཙོ་དོན་ནི།

བརྗོད་གཞི་འམ་བརྗོད་དོན་གཙོ་བོ་སྟེ། རྩོམ་གྱི་གྲུབ་ཆའི་བླ་སྲོག་ཡིན།

སྙན་ངག་མེ་ལོང་མར། སྙན་ངག་མཁན་བསམ་དགོངས་པ་སྟེ། ཞེས་གསུངས་པ་བཞིན། བརྗོད་གཞི་ཞེས་པ་ནི་རྩོམ་ཡིག་གང་གི་ནང༌། བསྟན་བྱའི་གཙོ་བོ་དེ་ལ་ཟེར།

          དེ་ཡང་གོ་བདེར་བཤད་ན། རྩོམ་པ་པོའི་རྩོམ་འབྲིའི་དགོས་དམིགས་ཏེ། བསམ་ཚུལ་ཞིག་བསྒྲགས་འདོད་པ་དང། ཡང་ན་དོན་ཞིག་ངོ་སྤྲོད་པར་འདོད་པ། ཡང་ན་ལྟ་སྤྱོད་གང་ཞིག་ལ་ཐེར་འདོན་བྱེད་འདོད་པ། ཡང་ན་ཉམས་མྱོང་གང་ཞིག་སྤེལ་འདོད་པ། ཡང་ན་བརྩེ་དུང་ཞིག་མཚོན་པར་འདོད་པ་སོགས། མདོར་ན་དོན་གང་ཞིག་གསལ་བཤད་བྱེད་པ་འམ། ལྟ་ཚུལ་གང་ཞིག་མངོན་པར་བྱེད་པ། བསམ་འཆར་གང་ཞིག་མཚོན་པར་བྱེད་པ། ངོས་འཛིན་གང་ཞིག་ངོ་སྤྲོད་བྱེད་འདོད་པ་སོགས་ཡིན།

           “གཙོ་དོན་ནི་རྩོམ་རིག་གི་རྣམ་ཤེས་ཡིནཞེས་གྲགས་པ་ལྟར། རྩོམ་ཡིག་ཅིག་གི་རིན་ཐང་གཙོ་བོ་དེ་བརྗོད་གཞི་ཡང་དག་དང་དོན་སྙིང་ལྡན་མིན་ལ་ཐུག་ཡོད། ཡང་དག་ཅེས་པ་ནི་ཕྱི་རོལ་ཡུལ་གྱི་བྱ་དངོས་ཀྱིས་ངོ་བོ་དང་ཆོས་ཉིད་མཚོན་ཐུབ་པ་ཞིག་དང། དོན་སྙིང་ལྡན་པ་ནི་མི་རྣམས་ལ་སློབ་གསོ་དང་སྐུལ་སློང་བཟང་པོ་ཞིག་ཐེབས་སུ་འཇུག་པ་དང༌། ཤེས་བྱ་གསར་པ་དང་ནུས་རྩལ་སོགས་འདོན་སྤྲོད་ཐུབ་པ་ཞིག་ལ་ཟེར། དེས་ན་བརྗོད་གཞི་ནི་རྩོམ་རིག་ལ་བཀོད་འདོམས་བྱེད་པའི་བླ་སྲོག་ཡིན་ཏེ། རྩོམ་ཡིག་ཅིག་གི་བརྗོད་བྱ་སྤྱིའམ་ཐོག་མཐའ་བར་གསུམ་ལ་ཁྱབ་པའི་བསམ་བློའི་སྙིང་བཅུད་ཅིག་ཡིན། གལ་ཏེ་བརྗོད་གཞི་སྟོང་བའི་རྩོམ་ནི་བེམ་རོ་དང་འདྲ་སྟེ། དོན་གྲུབ་རྒྱལ་གྱིས། “བེམ་པོའི་ལུས་ལ་སྲོག་ཞུགས་ཚེ། རྣམ་པར་ཤེས་པའི་མཚན་ཉིད་ལྡན། བརྗོད་བྱེད་ཚིག་ལ་དོན་སྟོང་ཚེ། སྲོག་མེད་རྩོམ་གྱི་བེམ་པོ་ཉིད།ཅེས་པ་ལྟར་རོ།

༢། བརྗོད་གཞི་ཇི་ལྟར་བྱུང་ཚུལ།

          གོར་ཅིས། “བརྗོད་གཞི་ནི་རྩོམ་པ་པོའི་ཉམས་མྱོང་ནང་ནས་བྱུང་བ་དང༌། འཚོ་བའི་ཤུགས་ཀྱིས་བསྟན་པའི་བསམ་བློ་ཞིག་རེདཅེས་གསུངས་པ་བཞིན། འཚོ་བ་དངོས་ཀྱི་མྱོང་ཚོར་སྣ་ཚོགས་པའི་བག་ཆགས་ཆེ་ཤོས་རྣམས་ཀྱིས་གསར་རྩོམ་གྱི་ལས་ཀར་འཇུག་པའི་ཀུན་སློང་བསྐྱེད་ཅིང། དེ་ནས་སླར་ཡང་འཚོ་བ་ལ་ཟབ་འཇུག་གིས་རང་གི་ལྟ་བ་མཚོན་པའི་བརྗོད་གཞི་གཏན་འཁེལ་གྱིས་དངོས་སུ་རྩོམ་འབྲྀའི་ལས་ལ་འཇུག་དགོས།

          དེ་བས་ན། དེ་ནི་འཚོ་བ་དངོས་ལས་ཚད་མཐོ་བ་དང། གཅིག་སྡུད་ཀྱི་རང་བཞིན་ལྡན་པའི་འཚོ་བའི་སྙིང་པོ་ཞིག་ཀྱང་ཡིན་པས། བརྗོད་གཞིར་ཕྱི་རོལ་ཡུལ་དང་རང་ངོས་ཀྱི་རྒྱུ་རྐྱེན་གཉིས་ཚང་དགོས་ཏེ། དང་པོ་ནི་འཚོ་བ་དངོས་དང་རྩོམ་གྱི་རྒྱུ་ཆའི་ནང་དོན་གནད་བཏུས་དག་དང༌། གཉིས་པ་ནི། རང་གི་འཇིག་རྟེན་ལྟ་ཚུལ་དང་བསམ་བློའི་འཁྱེར་སོ་རྣམས་ལ་ཟེར།

          མདོར་ན། དོན་དངོས་ཀྱི་འཚོ་བ་དང་རྩོམ་པ་པོའི་བསམ་བློས་ལས་སྣོན་གཉིས་ལས་བྱུང་བའི་ཐོན་དངོས་ཤིག་ཡིན། འཚོ་བའི་གཞི་རྟེན་གང་ཡང་མེད་པའི་རྩོམ་ཡིག་མེད་ཅེས་ཟེར། དེ་བས་འདིར་ཡང་རང་གྲོལ་གྱིས། “འཚོ་བའི་རླུང་གིས་མ་གཡོས་པའི། རྩོམ་གྱི་མཚོ་མོའི་རླབས་ཕྲེང་ནི། བརྒྱ་ལམ་ཙམ་ན་མཆིས་སྲིད་ཀྱང། ཝུ་བ་བཞིན་དུ་ག་ལ་རྟགཅེས་སྨྲས་པ་ལྟར་རོ།

༣། བརྗོད་གཞི་ཇི་ལྟར་མཚོན་ཚུལ།

           “བརྗོད་དོན་གཙོ་བོ་ནི་སྤྱི་ཚོགས་ཀྱི་འཚོ་བ་མངོན་པར་མཚོན་པའམ། སྒྱུ་རྩལ་གྱི་གཟུགས་བརྙན་གསར་བཟོ་བྱེད་པ་ཞིག་གི་ཐོག་ནས་མཚོན།ཞེས་པ་ལྟར་རྩོམ་རིག་ནི་དོན་དངོས་ཀྱི་འཚོ་བ་ངེས་ཅན་ཞིག་རྩོམ་པ་པོའི་སེམས་སུ་ཚུར་སྣང་བའི་ཐོན་དངོས་ཤིག་ཡིན་ལ། བརྗོད་གཞི་ནི་སྣང་ཚུལ་གྱི་ཐོན་དངོས་དེ་ལ་ལས་སྣོན་གྱིས་སྒྱུ་རྩལ་གྱི་གཟུགས་བརྙན་སྣ་ཚོགས་ལ་བརྟེན་ནས་མཚོན་པར་བྱེད་དགོས། བརྗོད་གཞིའི་གྲུབ་ཆ་འདིས་རྩོམ་གྱི་གྲུབ་ཆ་གཞན་རྣམས་ལ་ཚོད་འཛིན་བྱེད་ཅིང། གྲུབ་ཆ་གཞན་རྣམས་ནི་གཙོ་བོ་བརྗོད་གཞི་མཚོན་ཕྱིར་དུ་བཀོད་སྒྲིག་བྱེད་དགོས། དེ་བས་སྒྱུ་རྩལ་གྱི་བསམ་གཞིགས་ནི་བརྗོད་གཞི་མཚོན་བྱེད་ཅིག་ཀྱང་ཡིན།

          སྒྲུང་རྩོམ་གྱི་བརྗོད་གཞི་ནི་གཙོ་བོ་བྱུང་རིམ་དང་མི་སྣའི་གཟུགས་བརྙན་བཀོད་བྲིས་ལས་རང་ཤུགས་སུ་ཐོན་པ་ཞིག་ལས་རྩོམ་མཁན་གྱིས་གསལ་བཤད་བྱེད་པ་ཞིག་མིན་པར་བཤད། དེ་ཡང་ཨེན་ཀེ་སིསབརྗོད་གཞི་ནི་ཡུལ་དུས་དང་བྱུང་རིམ་ནང་དུ་རང་ཤུགས་སུ་ཐོན་པ་ཞིག་ཡིན།ཞེས་དང། ལི་ཨང་སའི་མི་ལི་ཨན་གྱིསརྩོམ་པ་པོ་མང་པོ་ཞིག་གིས། སྒྲུང་གཏམ་ནི་རྩོམ་པ་པོས་དོན་ཆེན་དྲིལ་བསྒྲགས་བྱེད་པ་མིན་པས། རྩོམ་པ་པོའི་ངོས་ནས་དོན་ཆེན་ལ་དཔྱད་འཇོག་བྱེད་རྒྱུ་མེད་པར། མི་སྣ་ཞིག་ལ་བརྟེན་ནས། དོན་ཆེན་ལ་དཔྱད་འཇོག་བྱེད་དགོས་པའི་བཞེད་དགོངས་གནང་གི་ཡོད།ཅེས་གསུངས།

          མཚོན་ཐབས་གཙོ་བོ་ཞིག་ནི། ཐོག་མར་རྩོམ་འབྲིའི་དགོས་དམིགས་ངེས་ཅན་ཞིག་གིས་གཞི་བཏིང་ནས་རྩོམ་འབྲིའི་རྒྱུ་ཆ་གང་ལེགས་གདམ་རྒྱུ་དེ་ཡིན། རྩོམ་གཞི་ཡག་པོ་ཞིག་མེད་ན། བརྗོད་གཞི་ཁ་གསལ་གཏིང་ཟབ་ཅིག་མཚོན་མི་ཐུབ། བྱེ་བྲག་ཏུ་ཐད་ཀར་མངོན་པར་བྱེད་པ་དང། གབ་པའི་ཚུལ་གྱིས་མཚོན་ཚུལ་གཉིས་ཡོད། དང་པོ་ནི་ཁ་གསལ་གོ་བདེའི་རྩོམ་ཡིག་གླེང་གཞི་ལྟ་བུ་སོགས་དང། ཅིག་ཤོས་ནི་བསམ་གཞིགས་གང་འཚམས་བྱེད་དགོས་པ་བརྗོད་གཞི་ལྐོག་གྱུར་རམ་གབ་པའི་ཚུལ་གྱིས་མཚོན་པའི་སྙན་དངགས་དང༌། སྒྲུང་རྩོམ་སོགས་སྒྱུ་རྩལ་རྩོམ་རིག་ཕལ་ཆེའི་རིགས་ཡིན། སྤྱིར་རྩོམ་ཡིག་ཅིག་གི་བརྗོད་གཞི་དེ་ཐད་ཀར་གསལ་པོར་སྟོན་པ་ལས་སྒྱུ་རྩལ་ཐབས་ལམ་གྱི་རྒྱབ་ཏུ་གབ་ནས་ཡོད་ན། རྩོམ་གྱི་སྒྱུ་རྩལ་རང་བཞིན་དང་ནུས་པ་དེ་བས་ཤུགས་ཆེ་བར་ངོས་འཛིན་བྱེད།

          དེ་མཚུངས་ལས་དང་པོ་བ་ཚོས་སྐབས་འདིར་སྐྱོན་འགའ་རེར་ངེས་པར་གཟབ་དགོས་ཏེ། རང་གྲོལ་གྱིས། “དོན་མེད་ཚིག་གི་ཤིང་སྐམ་ལ། མདོ་མེད་ལོ་འདབ་བརྒྱ་བཏགས་པ། གཞན་ཕན་མེ་ཏོག་ལྟར་སྣང་ཡང། འབྲས་བུ་སྨིན་པ་སྲིད་ན་མེད།” ཅེས་གསུངས་པ་བཞིན་དོན་སྟོང་གི་བསྟོད་པ་དང༌། བཅོས་མའི་བརྩེ་དུང་སོགས་སྟོན་པར་ཚིག་རྒྱན་ཁོ་ན་ཧུར་ལེན་པའི་སྐྱོན་དང༌། གཞན་ཡང༌། རྗེ་ཤེས་རབ་རྒྱ་མཚོས། “ཚིག་མེད་དོན་ནི་བྱིས་པའི་གནའ་གཏམ་སྟེ། །དོན་མེད་ཚིག་སྤྱི་ནེ་ཙོའི་མ་ཎི་ཡིན། །ཚིག་དོན་ཕན་ཚུན་གྲོགས་སུ་བསྡེབས་པ་ཡིས། །སྐབས་ཀྱི་གནད་ལ་སྤོབས་པ་དགེ་པར་མཛོད།།ཅེས་གསུངས་པ་བཞིན། བརྗོད་གཞི་དང་འབྲེལ་མེད་ཀྱི་ཚིག་ཚོགས་དང༌། བསྐྱར་ཟློས་གནད་ལ་མི་འཁེལ་བའི་ཚིག་སྐམ་ལ་སོགས་སྐད་ཆའི་སྒྱུ་རྩལ་མེད་པའི་ཚིག་རོ་དག་ལ་བརྗོད་བྱ་ཅི་ཡོད་ཀྱང་དེ་ནི་ཚིག་མེད་དོན་གྱི་བྱིས་པའི་གནའ་གཏམ་དང་འདྲ་བས་སྤང་དགོས།

          ཡང༌། ཚིག་སྦྱོར་མཛེས་པ་གཙོ་བོར་བྱས་ནས་བརྗོད་དོན་བརླགས་པའམ། བརྗོད་དོན་དངོས་གཞི་མི་གསལ་བའི་རྩོམ་ནི་དོན་མེད་ཚིག་སྤྱི་ནེ་ཙོའི་མ་ཎི་དང་འདྲ་ཞིང༌། ཕྱི་རྫིག་ནང་སྟོང་གི་སྐྱོན་དེར་གཟབ་དགོས། ཡང་ཚིག་དོན་ཙམ་ལེགས་ཀྱང་བརྗོད་བྱ་མང་ལ་རྗོད་བྱེད་གཅིག་ཏུ་མེད་པས་ཀློག་མཁན་གྱིས་བརྗོད་དོན་རྣམས་ལས་བརྗོད་གཞི་རྟོགས་མི་ཐུབ་པ་ནི་བརྗོད་གཞི་གཅིག་སྡུད་མེད་པའི་སྐྱོན་ཡིན།

          གཞན་ཡང། ཚིག་དོན་གཉིས་ཆ་མི་ལེགས་པའམ། བརྗོད་བྱ་སྣ་ཚོགས་འབྲེལ་མ་འབྲེལ་མཉམ་བསྲེས་ཀྱིས་བརྗོད་གཞི་གང་ཡང་སྟོན་རྒྱུ་མེད་པའི་སྐྱོན་བཅས་བཞི་པོ་དེ་ནི། བརྗོད་གཞི་ཁ་གསལ་གཏིང་ཟབ་མཚོན་བྱེད་ཀྱི་གེགས་སུ་ཆེ་བས་ངེས་པར་དུ་གཟབ་དགོས་ཏེ། མེ་ལོང་མར་ཡང༌། དངོས་པོ་ཡི་ནི་ཚིག་རྣམས་ཀུན། །ཕན་ཚུན་ཕན་པར་བྱེད་པ་ཉིད། །དོན་དང་བྲལ་བའི་ཁྱད་པར་རྣམས། །མ་བྱས་གནས་སུ་བསྔགས་པ་དང༌། བརྗོད་རིམ་སྟོབས་ལས་དངོས་པོ་ནི། ཟབ་མོ་དག་ཀྱང་གསལ་བ་སྟེ། ཞེས་གསུངས་པ་ལྟར་རོ།

༤། བརྗོད་བྱའི་རེ་འདུན་ནམ་བླངས་བྱ་བཞི།

          ༡ ཁ་གསལ་དགོས་པ་སྟེ། རྩོམ་མགོ་མ་བཙུགས་གོང་ནས་རྩོམ་འབྲིའི་དམིགས་ཡུལ་ལམ་རང་གི་ལྟ་བ་གཏན་འཁེལ་དགོས་པ་མ་ཟད། དཔྱད་བརྗོད་རྩོམ་ཡིག་ནང་དུ་ལྟ་ཚུལ་རྣམས་ཁ་གསལ་འབྲི་དགོས། སྒྱུ་རྩོམ་རིགས་ལའང་དངོས་ཤུགས་ཅི་རིགས་ནས་གསལ་ཐུབ་པ་ཞིག་དགོས།

          ༢ གཅིག་སྡུད་དགོས་པ་སྟེ། རྩོམ་ཡིག་ཅིག་གི་ནང་དུ་བརྗོད་གཞི་གཉིས་སོགས་ཡོད་ཆོག་ཀྱང། དེ་རྣམས་ཀྱང་གཅྀག་སྡུད་ཀྱིས་བརྗོད་བྱའི་སྙིང་པོ་གང་ཞིག་སྟོན་ཐུབ་པར་གཞོལ་དགོས། གལ་ཏེ་བརྗོད་གཞི་དུ་མ་ཡོད་ལ་གཅིག་སྡུད་མེད་ན་བརྗོད་གཞི་གང་ཡང་མེད་པའི་རྩོམ་ཡིག་ཅིག་ཆགས་སྲིད། སྤྱིར་ལྷུག་རྩོམ་དང་སྒྲུང་ཐུང་སོགས་རྩོམ་ཡིག་ཐུང་གྲས་ལ་བརྗོད་གཞི་གཅིག་ལས་མེད་ན་ལེགས།

          ༣ གཏིང་ཟབ་དགོས་པ་སྟེ། རྩོམ་གྱི་བསྟན་བྱའི་གཙོ་དོན་དེར་ངོས་འཛིན་གཏིང་ཟབ་དང། དབྱེ་ཞིབ་གནད་འཁེལ་བྱས་ནས་ཕྱི་ཚུལ་གྱི་རྣམ་པ་འདྲ་མིན་ཐོག་ནས་བྱ་དངོས་དེ་གསལ་རྟོགས་ཡོང་བར་བྱེད་པའི་བརྗོད་གཞི་ཡང་དག་ཅིང་དོན་སྙིང་ལྡན་པ་དགོས།

          ༤ དཔེ་གསར་དགོས་པ་སྟེ། གཞན་གྱི་ལད་ཟློས་མ་ཡིན་པའི་དཔེ་མཚོན་གསར་པའི་རང་བཞིན་ལྡན་དགོས། དེ་ནི་ཉི་ཟླ་པད་མ་སོགས་སླར་ཡང་དཔེར་འགོད་མི་འོས་པའི་དོན་མིན་པར་ཚིག་གི་རྒྱན་ནམ་སྐད་ཆའི་ཐབས་རྩལ་གསར་བ་དགོས་པའི་དོན་ཡིན། དེ་དག་གི་སྡོམ་ནི།

འཚོ་བ་དངོས་དང་སྒྱུ་རྩལ་གྱི། གཟུགས་བརྙན་བསྡེབས་ལས་མངོན་པར་མཚོན།

ཕྱི་རྫིག་ནང་འགལ་ཚིག་རོ་མང། བརྗོད་སྙིང་གཅིག་སྡུད་མེད་པ་དང།

བརྗོད་གཞི་མེད་པའི་སྐྱོན་བཞི་སྤོངས། ཁ་གསལ་གཅིག་སྡུད་གཏིང་ཟབ་དང༌།

དཔེ་གསར་བཅས་ནི་བླང་བྱ་བའོ། །

གཉིས། རྩོམ་གཞི་བཤད་པ།

 

༡ རྩོམ་གཞིའི་གོ་དོན།

བརྗོད་གཞི་མཚོན་ཕྱིར་ཉེར་མཁོ་བའི། བརྗོད་བྱ་རྣམས་ནི་རྩོམ་གཞི་སྟེ།

དངོས་གཞི་བརྒྱུད་གཞི་གཉིས་སུ་དབྱེ། དེ་ཡང་འཚོ་བའི་མཚོ་ལས་བྱུང།

 “རྩོམ་གཞི་ཞེས་པ་ནི་རྩོམ་པ་པོས་གདོད་མའི་དཔྱད་གཞིར་བླང་དོར་ཅི་རིགས་བྱས་ཐོག དེའི་ནང་ནས་བརྗོད་དོན་གཙོ་བོ་མཚོན་བྱེད་དུ་མཁོ་བ་རྣམས། འདེམས་ལེན་གྱིས་རྩོམ་ཡིག་ནང་དངོས་སུ་འགོད་རྒྱུའི་གཞི་དེར་ཟེར།ཅེས་པ་བཞིན་རྩོམ་ཡིག་ནང་ཡི་གེར་ཕབ་པའམ་བྲི་རྒྱུའི་རྩོམ་ཡིག་འབྲི་རྒྱུའི་གཞི་འཛིན་སའི་བརྗོད་བྱ་རྣམས་སོ།

          རྩོམ་གཞིར་དངོས་གཞི་དང་བརྒྱུད་གཞི་གཉིས་ཏེ། གཅིག་ནི་རང་ཉིད་དངོས་ཀྱིས་འཚོ་བའི་ལག་ལེན་ལས་བྱུང་བའི་ཉམས་མྱོང་ཚོར་འདུ་དང༌། རྒྱུས་ལོན་བྱས་པའི་མི་དང་བྱ་དངོས་སོགས་ནི་དངོས་གཞིའི་རྩོམ་གཞི་སྟེ། དཔེར་ན། <<མི་དབང་རྟོགས་བརྗོད>>ལྟ་བུ་དང་རང་རྣམ་ལ་སོགས་པའོ།

          ཅིག་ཤོས་ནི་སྔོན་བྱུང་གི་གཏམ་རྒྱུད་དང་ལོ་རྒྱུས། དེབ་ནང་མཐོང་བའི་ཤེས་རྟོགས་དང། ངག་ལམ་ནས་རྒྱུས་ལོན་བྱུང་བའི་མི་སྣ་དང་བྱ་དངོས་སོགས་ནི་བརྒྱུད་གཞི་རྩོམ་གཞི་སྟེ། དཔེར་ན།<<མི་ལ་རས་པའི་རྣམ་ཐར>>ལྟ་བུའོ། དེས་ན་རྩོམ་གཞི་ནི་རྩོམ་པ་པོས་རྩོམ་འབྲིའི་ཐོག་མའི་དཔྱད་གཞི་སྟེ་འཚོ་བ་དངོས་བཤུ་འབྲི་བྱས་པའི་གདོད་མའི་རྒྱུ་ཆ་སྣ་ཚོགས་ལ་འདོར་ལེན་ལས་སྣོན་གྱིས་གྲུབ་པ་ཞིག་ཡིན་པས། རྩོམ་གཞིའི་འབྱུང་ཁུངས་ཀྱང་སྤྱི་ཚོགས་ཀྱི་འཚོ་བ་དངོས་ལས་མ་འདས་སོ།

          བརྗོད་གཞི་མཚོན་བྱེད་ལ་རྩོམ་གཞི་ངེས་པར་དགོས་ཤིང། དེ་ཡང་ཅི་ཙམ་མང་བ་དང་ཞིབ་ཚགས་པ། དཔེ་གསར་གྱི་རང་བཞིན་བཅས་དང་ལྡན་ན་རྩོམ་ཡིག་གང་ཞིག་གསོན་ཉམས་དང་ལྡན་པ་ཡོང་ཐུབ། གལ་ཏེ་རྩོམ་གཞི་མེད་ན་རྩོམ་འབྲི་བྱ་བ་ཡང་མེད་པས་རྩོམ་ཡིག་ལེགས་ཉེས་དེ་ཡང་སྨྱུ་གུ་འགུལ་རྗེས་མ་ཡིན་པར་སྨྱུག་རྩེ་མ་བཙུགས་གོང་གི་རྩོམ་གཞི་ལ་རག་ལུས་ཡོད། དེ་བས་རྩོམ་གཞི་མང་པོ་འཚོལ་དགོས་པ་ནི་རྩོམ་པ་པོའི་རྩ་བའི་ཆ་རྐྱེན་ཞིག་ཡིན། དཔེར་ན། མ་ཁེ་སིས། <<མ་རྩའི་རྣམ་དཔྱད>>འབྲི་བར་བརྟག་དཔྱད་ཞིབ་ཕྲ་མཛད་པ་མ་ཟད། གནད་བསྡུས་ཀྱི་དེབ་གྲངས་ཆིག་སྟོང་བརྒྱ་ལྷག་བྲིས་མྱོང་ཟེར་ལ། ཐོ་སི་ཐད་ཀྱིས་<<དམག་འཁྲུག་དང་ཞི་བད>>ཞེས་པ་འབྲི་པར། ལོ་རྒྱུས་གསུང་རྩོམ་བདུན་བརྒྱ་ལྷག་དཔྱད་གཞི་བྱས་ཟེར་རོ།

༢། རྩོམ་གཞི་འཚོལ་སྡུད་དང་འདེམས་སྒྲུག

          སྤྱི་ཚོགས་འཚོ་བ་ཧ་ཅང་རྒྱ་ཆེ་བས་རྩོམ་པ་པོ་ཞིག་གིས་རྩོམ་གཞི་འཚོལ་སྡུད་བྱེད་པ་ནི། དུས་ཐུང་ངང་ཐུང་གིས་ལས་སླ་པོར་རྙེད་ཐུབ་པ་ཞིག་མིན་པར། གསེར་སྒྲུབ་པ་བཞིན་ཡུན་བསྲིངས་ཏེ་འབད་བརྩོན་བྱེད་དགོས་པའི་ཐབས་ལམ་འགའ་ཡོད།

ཀ འཚོ་བར་ལྟ་ཞིབ་ཟབ་མོ་བྱེད་པ།

          དེ་ནི་སྤྱི་ཚོགས་ཀྱི་དོན་དངོས་ལས་འགུལ་ནང་རྩོམ་པ་པོ་དངོས་སུ་ཞུགས་ནས་ལྟ་ཞིབ་བྱེད་དགོས་པ་དེ་ཡིན།

ཁ། འཚོ་བར་དབྱེ་ཞིབ་བྱེད་མཁས་པ།

          ལྟ་ཞིབ་ཙམ་གྱིས་མི་ཆོག་པར་བརྟག་དཔྱད་དང་དབྱེ་ཞིབ་གཏིང་ཟབ་བྱེད་ཐུབ་པ་དགོས། དེ་ལྟར་མ་ནུས་ན། སྨན་རྩ྄་མང་པོ་ཡོད་ཀྱང་སྡེབ་སྦྱོར་བྱས་ཚེ་ནད་གང་ཞིག་ལ་ཕན་པ་མི་རྟོགས་པ་བཞིན་དུ་འགྱུར།

ག དྲན་ཐོར་འགོད་དགོས།

          འཚོ་བར་ཞིབ་ལྟ་དང་བརྟག་དཔྱད་བྱས་པའི་དོན་གནད་སོགས་ཟིན་བྲིས་བཏབ་ནས་རྩོམ་གྱི་རྒྱུ་ཆ་གང་མང་གསོག་དགོས།

༣ རྩོམ་གཞི་འདེམས་པ།

          དེ་ནི་རང་ཉིད་ཀྱིས་རྟག་པར་སྤྱི་ཚོགས་འཚོ་བར་བརྟག་དཔྱད་དང་དེ་ལས་འཚོལ་སྡུད་བྱས་པའི་རྒྱུ་ཆ་རྣམས་ལས་བདམས་ཏེ། རྩོམ་ཡིག་ནང་དུ་འགོད་པ་དེ་ལ་ཟེར། རྩོམ་གཞི་འདེམས་བཀོད་ཐད་དོ་སྣང་བྱེད་དགོས་པ་འགའ་ཡོད།

          ཀ བརྗོད་གཞི་འམ་རྩོམ་ཡིག་གི་དགོས་མཁོ་ལ་དམིགས་ནས་འདེམས་པ་ནི་རྩོམ་གཞི་འདེམས་སྒུག་གི་རྩ་བའི་བླང་བྱ་ཡིན།

          ཁ དཔེར་མཚོན་འོས་པའི་རང་བཞིན་ཅནའདེམས་དགོས། དེ་ནི་བྱ་དངོས་ཀྱི་ངོ་བོ་གཏིང་ཟབ་དང་ཇི་བཞིན་མཚོན་པ་དང༌། ཚབ་བྱེད་ཀྱི་རང་བཞིན་དང་ཡོངས་ཁྱབ་ཀྱི་རང་བཞིན་ལྡན་དགོས་ལ། བློ་འགུག་གི་ནུས་པ་ཤུགས་ཆེན་ལྡན་ཡོད་པ་བཅས་ལ་ཟེར། དེ་བས་འདི་ལ་བཞི་ལས།

          ཀ ཕྱི་རོལ་ཡུལ་གྱི་བྱ་དངོས་དང་དེའི་འཕེལ་རྒྱས་ཆོས་ཉིད་དང་ནང་གི་འབྲེལ་བ་ཇི་བཞིན་མཚོན་པར་བྱེད་པ་དེ་ཡིན།

          ཁ། སྤྱི་ཚོགས་ཀྱི་འཚོ་བ་ཡོད་དོ་ཅོག་རྩོམ་དུ་འགོད་མི་ནུས་ཤིང། འགོད་ནའང་ཕན་ནུས་དེ་ཙམ་མི་ཐོན་ན་འཚོ་བའི་ནང་ནས་ཚབ་བྱེད་ནུས་པའི་རྩོམ་གཞི་གདམ་རྒྱུ་དེར་ཟེར།

          ག འཚོ་བའི་ཁྲོད་དུ་ཁྱབ་ཆེ་ཞིང་ཡོངས་ཁྱབ་ཏུ་གནས་པའི་རྩོམ་གཞི་གདམ་རྒྱུ་དེར་ཟེར།

          ང༌། མི་རྣམས་ལ་སྟོབས་ཤུགས་དང་སྤྲོ་སྣང༌། སློབ་གསོ་སོགས་ཀྱི་ཕན་ནུས་ཐོན་པའི་སྒོ་ནས་ཡིད་ཀྱི་དྭང་བ་འདྲེན་ཐུབ་པའི་རྩོམ་གཞི་འདེམས་པ་ལ་ཟེར།

༣། དངོས་འབྲེལ་གནད་འཁེལ་ཡིན་པའི་རྩོམ་གཞི་གདམ་དགོས་པ།

          དེ་ཡང་རྩོམ་གཞི་དེ་ཕྱི་རོལ་བྱ་དངོས་དང་མཐུན་པ་མ་ཟད། ད་དུང་དེས་བྱ་དངོས་ཀྱི་ངོ་བོ་དང་འཕེལ་ཕྱོགས་གཙོ་བོའི་རྣམ་པ་མཚོན་ཐུབ་པ་ཞིག་ལ་དངོས་འབྲེལ་གྱི་རྩོམ་གཞི་ཟེར།

          དངོས་འབྲེལ་ཟེར་བ་དེར་གོ་དོན་གཉིས་ཡོད་དེ། གཅིག་ནི་རྫུན་མ་དང་རང་བཟོ་བྱས་པ་མ་ཡིན་པ་དང་དོན་ལ་གནས་ཤིང་ཡང་དག་པར་གོ་རྒྱུ་དང༌། གཉིས་ནི་རྩོམ་གཞི་དེ་གློ་བུར་དུ་བྱུང་བ་ཞིག་དང་བྱེ་བྲག་གི་འཆར་སྣང་མ་ཡིན་པར་དེས་ཕྱི་རོལ་བྱ་དངོས་ཀྱི་ངོ་བོ་ངེས་གཏན་ཞིག་མཚོན་ཐུབ་དགོས།

          གནད་འཁེལ་ཞེས་པ་ནི་རྩོམ་གཞི་དེ་ངེས་པར་དུ་ཁུངས་བཙུན་ཞིང་དོན་ཐོག་ལ་གནས་པ་དེ་ཡིན། དེ་ནང་རྩོམ་གཞི་རྣམས་ཀྱི་གོ་རིམ་དང༌། ཕྲ་ཞིབ་གང་ཞིག་བརྟག་དཔྱད་བྱེད་པ་བཅས་ཀྱང་གཏན་འཁེལ་བྱས་རྗེས་ད་གཟོད་རྩོམ་གཞིའི་ལས་འགན་རྫོགས་པ་ཡིན།

དེ་དག་གི་སྡོམ་ནི།

རྟག་ཏུ་ངང་རྒྱུད་རིང་པོས་གཟབ་ནན་གྱིས། འཚོ་བར་ཞིབ་ལྟ་དབྱེ་ཞིབ་བྱེད་མཁས་པ།

མཐོང་ཐོས་མྱོང་སོགས་དྲན་ཐོར་འགོད་པ་བཅས། རྩོམ་གཞི་དབང་ཕྱུག་གོ་འཕང་འཐོབ་པའི་ལམ།

བརྗོད་གཞིར་དམིགས་ནས་དངོས་འབྲེལ་གནད་འཁེལ་དང། དཔེ་མཚོན་རང་བཞིན་ལྡན་པ་གདམ་པར་བྱ།

དེ་ཡང་གོ་རིམ་ཕྲ་རགས་གཏམ་འཁེལ་རྗེས། ད་གཟོད་རྩོམ་གྱི་གཞི་ནི་བཏིང་བ་ལགས།།

 

གསུམ། སྒྲིག་གཞི་བཤད་པ།

 

༡། སྒྲིག་གཞིའི་གོ་དོན།

རྩོམ་གྱི་མགོ་མཇུག་བར་གསུམ་སོགས། ཇི་ལྟར་འབྲི་བའི་གོ་རིམ་གྱི།

རྩོམ་ཐབས་རྣམས་ནི་སྒྲིག་གཞི་སྟེ། རྩོམ་ཚུལ་ཀུན་གྱི་གཞི་རྩའི་ཐབས།

 “སྒྲིག་གཞི་ནི་རྩོམ་ཡིག་གི་གནད་དོན་གྱི་འགོ་རྩ་སྒྲིག་ལུགས་དང་རིམ་པ་སྒྲིག་སྟངས་ལ་བརྗོད་པ་ཡིན།ཡང་ན། རྩོམ་གཞི་རྣམས་བེད་སྤྱོད་ཇི་ལྟར་གཏོང་བའི་ཐབས་ཚུལ་རྣམས་ལ་རྩོམ་གྱི་སྒྲིག་གཞི་ཞེས་ཟེར། དེ་ཡང་གསལ་པོར་བཤད་ན། རང་གིས་འཚོལ་སྡུད་བྱས་པའི་རྩོམ་གཞི་རྣམས་ལ་བརྟེན་ནས་རྩོམ་ཡིག་དེ་རྩོམ་ཚུལ་གང་འདྲ་བྱས་ནས་བརྩམ་རྒྱུ་དང་འགོ་ཇི་ལྟར་འཛུགས་རྒྱུ། གཞུང་ཇི་ལྟར་བསྲིང་ཚུལ་ཕྱི་དུམ་མཚམས་དང་ནང་ལེའུ་རྒྱས་བསྡུས། ཡུལ་ལྗོངས་དང་མི་སྣ་ཞིབ་འབྲི་སོགས་བར་མཚམས་གང་དུ་འགོད་པ་སོགས་ཀྱི་འཆར་འགོད།མཇུག་ཇི་ལྟར་སྡུད་ཚུལ་བཅས་ནི་རྩོམ་གྱི་སྒྲིག་གཞི་སྟེ། རྩོམ་ཚུལ་ཀུན་ལ་རྩོམ་ཐབས་འདི་ཉིད་མེད་དུ་མི་རུང་བ་ཡིན། དེ་ཡང་འཇར་པན་གྱི་རྩོམ་པ་པོ་མཁས་པ་ཞོའོ་ལཱིན་ཏའོ་ཞིར་གྱིསརྩ་རིམ་ཞེས་པའི་ཡིག་འབྲུ་གཉིས་ཀྱི་གོ་དོན་ནི། ཁང་པ་རྒྱག་པ་དང་འདྲ་བས། རང་གི་རྒྱུ་ཆ་རྣམས་ཇི་འདྲའི་སྤུས་དག་པ་དང༌། གང་འདྲའི་དམིགས་ཚད་མཐོ་ན་ཡང༌། གལ་ཏེ་ལེགས་པོ་ཞིག་མ་བརྒྱབ་ན་ཕན་ཚུན་འཁྱོག་ན་མཐའ་འབྲས་བེད་མེད་དུ་འགྲོའོ།ཞེས་གསུངས།

མདོར་ན། སྒྲིག་གཞི་ནི་རྩོམ་ཡིག་གཅིག་ཏུ་འགྲུབ་མིན་གྱི་རྩ་བའི་གྲུབ་ཆ་ཞིག་ཡིན་ལ། སྒྲིག་གཞི་མེདཔའི་་རྩོམ་ཡིག་ཅིག་མེད། དེ་བས་སྒྲིག་གཞིའི་བསམ་གཞིགས་ཇི་འདྲ་ལེགས་ན་རྩོམ་གྱི་ཉམས་ཀྱང་དེ་ཙམ་གྱིས་ལེགས་པ་མ་ཟད། བརྗོད་གཞི་ལེགས་པོ་ཞིག་མཚོན་ཐུབ་པའི་ཕན་ཐོགས་ཡོད།

༢། སྒྲིག་གཞིའི་རྩ་དོན།

བརྗོད་གཞིའི་དགོས་མཁོ་དང་བསྟུན་ལ། བྱ་དངོས་འཕེལ་རྒྱས་དང་མཐུན་པ།

རྩོམ་ཚུལ་མི་འདྲའི་ཁྱད་ཆོས་དང། བསྟུན་ནས་སྒྲིག་གཞི་བཀོད་སྒྲིག་བྱ།

སྒྲིག་གཞིའི་རྩ་དོན་ནི་རྩོམ་ཡིག་གི་སྒྲིག་གཞི་ཁག་བཀོད་སྒྲིག་བྱེད་པར་དོ་སྣང་དང་གཞི་འཛིན་པའི་དོན་གནད་དག་ལ་ཟེར་བ་ཡིན།

ཀ སྒྲིག་གཞི་ནི་ནམ་ཡང་བརྗོད་གཞིའི་དགོས་མཁོ་དང་བསྟུན་དགོས།

          རྩོམ་ཡིག་ཅིག་གི་གྲུབ་ཆ་ཚང་མ་བརྗོད་གཞི་གང་ཞིག་མཚོན་པའི་ཆེད་དུ་ཡིན་པས། སྒྲིག་གཞིའི་འོས་འགན་ནམ་དམིགས་ཡུལ་གཙོ་བོ་དེ་ཡང་བརྗོད་གཞི་ལེགས་པར་མཚོན་པའི་བྱ་ཐབས་ཤིག་ལས་མ་འདས། དེས་ན། སྒྲིག་གཞིའི་རྣམ་པ་དང་གོ་རིམ། དུམ་མཚམས། རྒྱས་བསྡུས། མཇུག་སྡུད་སོགས་བརྗོད་གཞི་མཚོན་ཐབས་ཀྱི་དགོས་མཁོར་གཞིགས་ཏེ་བཀོད་སྒྲིག་བྱེད་དགོས།

          དེ་ཡང་སྒྲུང་དང་སྙན་ངག་སོགས་རྩོམ་ཚུལ་གྱི་རྣམ་པ་གང་ཞིག་བེད་སྤྱོད་བྱས་ན་བརྗོད་གཞི་དང་འཚམས་པ། རྩོམ་ཐབས་ཀྱང། དཔེར་ན། ཕྱིར་དྲན་བྱེད་པ་དང།། རྨི་ལམ་གཏོང་བ། ཕན་ཚུན་བསྡུར་བ། གླེང་མོལ་བྱེད་པ། སྟོང་སེམས་དང་འཆར་སྣང།། རྟོག་པ་རང་ཡན། ཟུར་ཟ་སོགས་བརྗོད་གཞིའི་དགོས་མཁོ་དང་མཐུན་པ་ཞིག་བཀོད་སྒྲིག་བྱེད་རྒྱུ་གལ་ཆེ།

ཁ སྒྲིག་གཞི་ནི་ཕྱི་རོལ་བྱ་དངོས་འཕེལ་རྒྱས་དང་མཐུན་པ་བྱེད་དགོས།

          རྩོམ་ནི་ཕྱི་རོལ་བྱ་དངོས་མཚོན་པ་ཞིག་ཡིན་པས། སྒྲིག་གཞི་ཡང་བྱ་དངོས་འཕེལ་རྒྱས་ཀྱི་ཆོས་ཉིད་དམ་བརྒྱུད་རིམ་དང་མཐུན་པར་བཀོད་སྒྲིག་བྱེད་དགོས།

          བྱ་དངོས་ཀྱི་འཕེལ་རྒྱས་ནི། ཐོག་མར་མེད་པ་ནས་གསར་དུ་བྱུང་བ་དང༌། བར་དུ་འཕེལ་བ། ཐ་མར་འབྲས་བུ་ཞིག་བྱུང་བ་བཅས་ལས་མ་འདས། ཡང་ན་མགོ་ཚུགས་པ་དང་འཕེལ་རྒྱས། མཐོ་རླབས། མཐའ་འབྲས་བཅས་སོ།

          དེ་བཞིན་རྩོམ་ཡིག་ནང་དུ་ཡང། སྔོན་འགྲོ། འགོ་འཛུགས། འཕེལ་རྒྱས། མཐོ་རླབས། མཐའ་འབྲས། མཇུག་གཏམ་བཅས་ཆ་ཚང་བའི་སྒྲིག་གཞི་ཞིག་ཡོད།

ག སྒྲིག་གཞི་རྩོམ་ཚུལ་མི་འདྲ་བའི་ཁྱད་ཆོས་དང་བསྟུན་དགོས།

          འཚོ་བའི་འཕེལ་རིམ་འདྲ་མིན་དང༌། བྱ་དངོས་ལ་རྙོག་འཛིང་མང་པོ་ཡོད་པ་བཞིན། དེ་མཚོན་ཐབས་རྩོམ་གྱི་སྒྲིག་གཞི་ལའང་ཐབས་ཚུལ་འདྲ་མིན་ཡོད་དགོས། དཔེར་ན། སྙན་རྩོམ་ལ་དེའི་ཁྱད་ཆོས་དང་མཐུན་པའི་དོན་བསྡུས་ཤིང་གསལ་ལ་ཚིག་སྙན་ཞིང་སྒྲ་གདངས་ཀྱི་ཉམས་འགྱུར་གསལ་བའི་སྒྲིག་གཞི་དགོས། དེ་བཞིན་འཁྲབ་གཞུང་ལ་འཁྲབ་ཚན་དང་གོ་རིམ། གཏམ་གླེང་བྱེད་པ་བཅས་ཀྱི་སྒྲིག་གཞི་གཙོ་བོ་ཡིན། སྒྲུང་རྩོམ་ལ་བྱ་བའི་འཕེལ་རིམ། མི་སྣ་ཞིབ་འབྲི་བཅས་གཙོ་བོ་ཡིན། མདོར་ན་བྱ་དངོས་སོགས་འདྲ་མིན་དབང་གིས་རྩོམ་ཚུལ་འདྲ་མིན་ཡོད་ལ། དེ་བས་ཀྱང་རྩོམ་ཚུལ་སོ་སོར་ཡང་སྒྲིག་གཞི་སྣ་ཚོགས་ཡོད། སྒྲིག་གཞི་ནི་འགྱུར་མེད་གཏན་འཁེལ་གྱི་རང་བཞིན་ཅན་ཞིག་མིན་པར་རྩོམ་པ་པོའི་བློ་གྲོས་ཀྱི་རྩལ་ལ་བརྟེན་ནས། རྣམ་པ་གསར་པ་གསར་གཏོད་བྱ་རྒྱུ་དེ་རྩོམ་རིག་གི་སྒྱུ་རྩལ་ཡར་རྒྱས་ཐད་ལ་ཆེས་གལ་ཆེ་བ་ཞིག་ཀྱང་ཡིན།

ང སྒྲིག་གཞྀའི་རྩ་བའི་ནང་དོན་བཤད་པ།

རྩོམ་གྱི་མགོ་མཇུག་གོ་རིམ་སོགས། ཇི་ལྟར་འབྲི་ཐབས་ཤེས་པ་ནི།

སྒྲིག་གཞིའི་རྩ་བའི་ནང་དོན་ཏེ། དེ་ཡི་འབྲི་སྟངས་ཚད་ཡོད་མིན།

སྒྲིག་གཞིར་གཏན་འཁེལ་གྱི་ངེས་སྲོལ་ཞིག་མེད་མོད་ཀྱང༌། གཞི་རྩའི་རྩོམ་འགྲོས་ཤིག་མེད་པ་ཡང་མིན། རྩོམ་མགོ་འཛུགས་སྟངས་དང་རྩོམ་མཇུག་སྡུད་སྟངས། གོ་རིམ། དུམ་མཚམས། མཚམས་འབྲེལ་བཅས་ནི་རྩོམ་རིག་ཚང་མའི་སྤྱི་འགྲོས་ཤིག་ཡིན། དེ་བས་འདིར་དེ་དག་གི་དཔེ་མཚོན་ཙམ་རེ་བཤད་ན།

          རྩོམ་མགོ་འཛུགས་དུས་ཐོག་མར་ཁ་བྱང་འབྲི་རྒྱུ་དེ་ནི་གནད་འགག་ཅིག་ཡིན། གལ་ཏེ་ཁྱོད་ཀྱི་ཁ་བྱང་ཡག་པོ་ཞིག་མ་རྙེད་ན་རྩོམ་ཡིག་བྲིས་རྗེས་ཁ་ཡིག་བྲིས་ཀྱང་ཆོག ཁ་བྱང་དེ་མཛེས་མ་ཞིག་ལ་མཚོན་ན་ཁོ་མོའི་མིག་དང་འདྲ་བས་དོ་སྣང་བྱེད་ས་ཞིག་ཡིན། དེ་བས་མིང་དོན་མཚུངས་པ་ཞིག་དགོས། སྤྱིར་བཏང་རྩོམ་ཡིག་གི་ཁ་བྱང་ཕལ་ཆེ་བ་ནི་བརྗོད་གཞིའམ་བརྗོད་བྱ་གསལ་མཚོན་ནུས་པ་ཅན་ཞིག་ཡིན། སྒྱུ་རྩོམ་གྱི་མིང་འདོགས་ལ་སྒྱུ་རྩལ་གྱི་ཁྱད་ཆོས་དང་ལྡན་པ་ནི་ཆེས་ལེགས་ཤོས་ཡིན། གཞན་ཡང་ཁ་བྱང་ཁ་ཤས་རྩོམ་གཞིའི་ནང་གི་ཚིག་གནད་རེའམ། ཡང་ན་ཚིག་སྙན་ཤོས་རེ། དེ་མིན་བྱ་དངོས་སོགས་ཀྱི་མིང་འདོགས་སྲོལ་སོགས་ཡོད།

༤། རྩོམ་འགོ་འཛུགས་སྟངས།

          རྩོམ་ཡིག་གི་ནང་དོན་དང་རྩོམ་ཚུལ་མི་འདྲ་བའི་དབང་གིས། རྩོམ་མགོ་འཛུགས་སྟངས་ཀྱང་མི་འདྲ་བ་གང་མང་ཡོད། འོན་ཀྱང་རྩོམ་མགོ་ཡངབྱ་བ་ཐམས་ཅད་འགོ་འཛུགས་དཀའཞེས་པ་ལྟར། རང་སྣང་གང་དྲན་གྱིས་མགོ་འཛུགས་ཆོག་པ་ཞིག་མིན་པར་བརྗོད་གཞི་དང་འབྲེལ་ཆགས་པ་ཞིག་གམ་རྩོམ་ཡིག་ཧྲིལ་པོ་དང་འབྲེལ་བ་ཞིག་ཡིན་དགོས་པ་མ་ཟད། སྒྱུ་རྩོམ་ཞིག་ལ་མཚོན་ན། ཀློག་མཁན་གྱི་བསམ་བློ་ཚུར་འགུགས་པའི་ནུས་པའང་གལ་ཆེ། དེ་བས་རྩོམ་མགོའི་སྐད་ཆ་ཁ་ཤས་དེར་བསམ་གཞིགས་མང་ཙམ་གཏོང་དགོས། འདིར་ཁྱབ་ཆེ་བའི་རྩོམ་འགོ་འབྲི་སྲོལ་ཁ་ཤས་ཤིག་ངོ་སྤྲོད་ན།

ཀ རྩོམ་ནང་གི་མི་སྣ་གཙོ་གྲས་ངོ་སྤྲོད་པའི་སྒོ་ནས་རྩོམ་མགོ་འཛུགས་པ།

          དེ་ནི་མི་སྣའི་གཟུགས་པོ་དང་རྣམ་འགྱུར། བྱ་སྤྱོད། གཤིས་ཀ་སོགས་བྲིས་ན་ངོ་སྤྲོད་བྱེད་པ་ཞིག་ཡིན། དཔེར་ན། <མི་རྟག་སྒྱུ་མི་རྨི་ལམདང་<སྤུན་ཟླ་དྲུག>ལྟ་བུ་སོགས།

ཁ བརྗོད་གཞི་ངོ་སྤྲོད་བྱེད་པའི་སྒོ་ནས་རྩོམ་མགོ་འཛུགས་པ།

          ཐོག་མར་རྩོམ་པ་པོས་རྩོམ་ཡིག་གི་ནང་དོན་གཙོ་བོ་གསལ་པོར་བསྟན་ནས་མགོ་འཛུགས་སྲོལ་ཞིག་སྟེ། དཔྱད་རྩོམ་ལ་འདི་ཉིད་གཙོ་ཆེ་བ་ཞིག་ཡིན། པེན་ནན་ཅི་ཡིས།གལ་ཏེ་ཐོག་མའི་སྨྱུ་གུ་བཙུགས་པ་དེ་བརྗོད་གཞི་དང་རྒྱང་ཐག་རིང་ཚེ། དཔྱད་རྩོམ་གྱི་བརྗོད་གཞིར་ཕན་ཐོགས་དཀའ། ཐོག་མའི་སྨྱུ་གུ་དེ་བརྗོད་གཞི་དང་འབྲེལ་ཐུབ་པ་ཞིག་བཙུགས་ན་དཔྱད་རྩོམ་ལེགས་པོ་འབྲི་རྒྱུར་ཕན་ཐོག་ཐུབ།ཅེས་གསུངས་པ་ལྟར་རོ།

ག བྱ་བའི་འབྱུང་ཁུངས་དང་ཡུལ་ལྗོངས་བཀོད་ནས་རྩོམ་མགོ་འཛུགས་པ།

          དེ་ནི་རྩོམ་ནང་གི་བརྗོད་གཞིའི་འབྱུང་སའམ་ཡུལ་གྱི་གནས་སྟངས། མཛེས་སྡུག་སོགས་ཀྱི་ཁྱད་ཆོས་རྣམས་བྲིས་ནས་མགོ་རྩོམ་ཚུལ་ཞིག་སྟེ། དཔེར་ན། <གཙང་པོའི་ཕ་རོལ་>དང་<རི་བོང་ཅལ་འདྲོགས>ལྟ་བུ།

ང བྱ་བ་གང་ཞིག་བྱུང་བའི་དུས་སྟོན་པའི་རྩོམ་མགོ་འཛུགས་པ།

          དཔེར་ན། <བུ་མོ་སྤུན་གསུམ་གྱི་རྣམ་ཐར་>དང<བཀྲ་ཤིས་པའི་ཉིན་མོ>ཞེས་པ་ལྟ་བུ།

ཅ མཐའ་འབྲས་སྟོན་པའི་རྩོམ་མགོ་འཛུགས་པ།

          རྩོམ་ནང་གི་བར་དང་མཐའ་མའི་འབྲས་བུ་གང་ཞིག་ཐོག་མར་བཀོད་དེ། དེ་ནས་བྱུང་རྐྱེན་དང༌། བརྒྱུད་རིམ་སོགས་བྲིས་ཏེ། ཐ་མར་སླར་ཡང་འབྲས་བུ་དེ་བརྗོད་པ་ཞིག

ཆ གཏམ་གླེང་ཐོག་ནས་རྩོམ་མགོ་འདྲེན་པ།

          རྩོམ་ནང་གི་མི་སྣ་གཙོ་གྲས་ཤིག་གིས་འབྲེལ་ཡོད་མི་སྣ་སོགས་ཀྱིས་ཆིག་ལབ་དང༌། གླེང་མོལ་བྱེད་པ་གང་ཞིག་གིས་རྩོམ་མགོ་འདྲེན་པ་སྟེ། དཔེར་ན། <སད་ཀྱིས་བཅོམ་པའི་མེ་ཏོག>ལྟ་བུ།

ཇ གཞན་འདྲེན་པའི་རྩོམ་མགོ་འཛུགས་པ།

          དེ་ནི་རྩོམ་ནང་གི་མི་སྣ་དང་བྱ་དངོས་གཙོ་བོ་དེ་ཉིད་མ་ཡིན་པའི་གཞན་ཞིག་བྲིས་ཏེ། དེ་དང་ཆ་འདྲ་བའི་མཚུངས་ཆོས་ལྡན་པའི་དོན་ཞིག་གིས་རྩོམ་ནང་གི་མི་སྣའམ་བྱ་དངོས་དེའི་ངང་ཚུལ་གང་ཞིག་གསལ་པོར་སྟོན་ཐུབ་པ་ཞིག་སྟེ། དཔེར་ན། <ཨ་མ་དྲན་པ>ལྟ་བུ།

          གཞན་ཡང་ངོ་མཚར་དང་ཤིས་བརྗོད་སྡུག་བསྔལ་སོགས་ཀྱིས་རྩོམ་མགོ་འཛུགས་སྟངས་སོགས་དང༌། ཡང་སྣ་འདུས་ཀྱི་རྩོམ་མགོ་འཛུགས་སྟངས་བཅས་ཡོད་པས་གཅིག་ཤེས་ཀུན་གྲོལ་གྱི་དཔེ་བཞིན་རིགས་བསྒྲེ་བར་བྱའོ།

          དེ་མཚུངས་ལས་དང་པོ་བ་ཚོར་རྩོམ་མགོ་འཛུགས་དུས་འབྱུང་སླ་བའི་སྐྱོན་གཉིས་ལ་གཟབ་དགོས་ཏེ། ༡ སྲིད་པ་ཆགས་པ་ལྟ་བུ་ནས་མགོ་བཙུགས་ནས་སྙིང་དོན་དང་རྒྱང་ཐག་རིང་དྲགས་པ་དང༌། ༢ དོན་མེད་ཉོག་གཏམ་གྱི་འབྲེལ་མེད་སྐད་ཆ་མང་བའོ།

༥། རྩོམ་མཇུག་སྡུད་ཚུལ་གྱི་བཤད་པ།

          དེ་ནི་སྐབས་དོན་བརྗོད་བྱ་ཚང་མ་རྫོགས་རྗེས་རེ་ཞིག་རྩོམ་ཡིག་མཇུག་བསྡུ་བ་སྟེ། དེ་ཡང་བརྗོད་དོན་གཅིག་ཏུ་སྒྲིལ་ནས་བརྗོད་གཞི་ཁ་གསལ་བྱེད་པ་དང༌། ཀློག་པ་པོར་བསམ་གཞིགས་ཀྱི་དྲི་བ་འདོན་པ། སྨོན་ཚིག་སོགས་ཀྱིས་མཇུག་སྡུད་ཚུལ་ཞིག་སྟེ། དེ་ཡང་རྩོམ་མགོ་བཞིན་རྩོམ་ཡིག་ཧྲིལ་པོར་འབྲེལ་ཆགས་ལ་རོགས་ཕན་སྒྲུབ་ཐུབ་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་གང་བྱུང་དུ་རྩོམ་མཇུག་སྡུད་ཆོག་པའམ་མཚམས་འཇོག་ཆོག་པ་ཞིག་གཏན་ནས་མིན།

          ཀ བརྗོད་བྱ་རྣམས་གཅིག་སྡུད་དམ་བརྗོད་གཞི་གསལ་པོར་བསྟན་ནས་མཇུག་སྡུད་པ། འདི་རིགས་མང་ཤོས་དཔྱད་གཏམ་གྱི་རྩོམ་མཇུག་སྡུད་སྟངས་ཡིན།

ཁ བྱ་བའི་མཇུག་འབྲས་སྟོན་པའི་སྒོ་ནས་མཇུག་སྡུད་པ།

          དཔེར་ན། <མི་རྟག་སྒྱུ་མའི་རྨི་ལམ>གྱི་རྩོམ་མཇུག་སྡུད་སྟངས་ལྟ་བུ།

ག རང་བྱུང་གི་རྩོམ་མཇུག་སྡུད་པ།

          བརྗོད་གཞི་དེ་ས་གང་ནས་དུས་ནམ་ཞིག་ལ་རྐྱེན་གང་དག་ལ་བརྟེན་ནས་བྱུང་བའི་བརྒྱུད་རིམ་དང་འཕེལ་རྒྱས་བཅས་ཀྱི་མཐའ་མར་འབྲས་བུ་གང་ཞིག་བྱུང་བ་རིམ་བཞིན་བརྗོད་ཚར་ནས་རྩོམ་རང་ཤུགས་སུ་མཇུག་སྒྲིལ་བའི་ཚུལ་ཞིག དཔེར་ན། <ཨ་ཆུང་གིས་རྟ་ཉོས་པ>ལྟ་བུ།

ང ཤིས་སྨོན་གྱིས་རྩོམ་མཇུག་སྡུད་ཚུལ།

          འདི་ནི་རྩོམ་གྱི་ནང་དོན་ལ་གཞིགས་ནས་དགའ་འོས་པའམ་དགེ་མཚན་ལྡན་པའི་བྱ་བ་ཞིག་ལ་ཤིས་ཚིག་བརྗོད་པའམ་ལེགས་པར་འགྲུབ་པའི་སྨོན་ལམ་འདེབས་པའི་ཚུལ་གྱིས་རྩོམ་མཇུག་སྡུད་པ་ཞིག དཔེར་ན། <འབྲོང་སྟག་ཐང>ལྟ་བུ།

ཅ དྲན་རྟོག་སྐྱེད་པའི་སྒོ་ནས་རྩོམ་མཇུག་སྡུད་ཚུལ།

          དེ་ནི་རྩོམ་གྱི་འབྲི་མཚམས་གློ་བུར་བཅད་པའི་ཚུལ་གྱིས། ཀློག་པ་པོའི་བློ་སྒོ་འབྱེད་པའི་བསམ་གཞིགས་བྱེད་དགོས་པའི་དོན་ཞིག་གིས་སླར་ཡང་རྩོམ་གྱི་ནང་དོན་ཇེ་ཟབ་ཏུ་གཏོང་བ་དང་རྒྱུས་ལོན་བྱེད་དུ་འཇུག་པ་ཞིག་སྟེ། དཔེར་ན། <རིག་མ་བདེ་མཚོ>ལྟ་བུ།

ཆ བྱ་བའི་བྱུང་རྐྱེན་གྱིས་རྩོམ་མཇུག་སྡུད་ཚུལ།

          དེ་ནི་བྱ་བའི་བྱུང་རིམ་བྲིས་རྗེས་དེའི་རྒྱུ་རྐྱེན་གང་ཞིག་ཡིན་པ་མཐའ་མར་བཀོད་ནས་མཇུག་སྡུད་ཚུལ་ཞིག དཔེར་ན<ཐན་སྒྲ>ལྟ་བུ།

ཇ། ཡུལ་ལྗོངས་ཀྱིས་མཇུག་སྡུད་ཚུལ།

          རྩོམ་མཇུག་རང་བྱུང་ཁོར་ཡུག་ཞིབ་འབྲིས་མཇུག་སྡུད་པའི་ཚུལ་ཞིག་སྟེ། <རྟ་ནག་སྒྲོག་འགྲོས>ལྟ་བུ།

གཞན་ཡང། བྱ་དངོས་གཞན་དྲངས་ནས་རྩོམ་མཇུག་སྡུད་པ་དང། རྩོམ་པ་པོའི་བསམ་ཚུལ་བཀོད་དེ་མཇུག་སྡུད་པ། མི་སྣའི་གཏམ་གླེང་སོགས་བྲིས་ཏེ་རྩོམ་མཇུག་སྡུད་ཚུལ་མང༌། རྩོམ་མཇུག་ཇི་ལྟར་སྡུད་མིན་དེ་གཙོ་བོ་རྩོམ་ཡིག་སྙིང་དོན་ནམ། དོན་རྐྱེན་གྱི་གནད་དོན་ཞིག་དང༌། ཡང་ན་མི་སྣའི་སེམས་ཁམས་གང་ཞིག་དང་སྦྲེལ་ཐུབ་པའི་སྒོ་ནས་ཀློག་མཁན་ལ་ད་དུང་ཅི་ཞིག་མ་ཤེས་པའམ་མ་ཚང་བ་ལྟ་བུའི་ཚོར་ཤུགས་སམ་བསམ་གཞིགས་བསྐྱེད་ནུས་པ་ཞིག་དགོས་རྒྱུ་གལ་ཆེའོ།

༦། རྩོམ་གྱི་གོ་རིམ་བཤད་པ།

          རྩོམ་ལ་ངེས་པར་དུ་གོ་རིམ་དང་དུམ་བུའི་དབྱེ་བ་ཁ་གསལ་ཞིག་ཡོད་དགོས། དེ་ཡང་གོ་རིམ་དེ་རྩོམ་ཡིག་ཅིག་གི་རྩོམ་གཞི་འམ་ནང་དོན་རྣམས་ཀྱི་སྒྲིག་གཞི་ལ་ཟེར་ཞིང། གོ་རིམ་གྱི་དབྱེ་བ་དེའང་ནང་དོན་གྱི་ཆ་ནས་འབྱེད་དགོས་པ་ཞིག་ཡིན། འདི་ལདོན་གྱི་དབྱེ་བའི་ས་བཅདདངགཏན་ཚིགས་ཀྱི་ས་བཅདཅེས་ཀྱང་ཟེར། དེ་ནི་ཕྱི་རོལ་བྱ་དངོས་ཀྱི་འཕེལ་རིམ་དང༌། མི་རྣམས་ཀྱི་བསམ་བློའི་འཕེལ་རིམ་ཡིག་ཐོག་ནས་མཚོན་པ་ཞིག་ཡིན་སྟབས། གོ་རིམ་བཀོད་སྒྲིག་དེ་ཡང་ཆོས་ཉིད་དེ་དང་མཐུན་པ་ཞིག་ཡིན་དགོས། དེ་ཡང་དཔེ་མཚོན་ཁ་ཤས་བཤད་ན།

ཀ དུས་ཚོད་ཀྱི་ལམ་ཐིག་བརྒྱུད་ནས་གོ་རིམ་སྒྲིག་སྟངས།

          འདི་ནི་དཔེར་ན་མི་ཞིག་ག་དུས་སྐྱེས་པ་ནས་འཚར་ལོངས་དང༌། འཚོ་བ་སྐྱེལ་སྟངས་སོགས་ལོ་དུས་ལྟར་རིམ་བཞིན་འབྲི་བའི་རིགས་ཤིག དཔེར་ན<<མི་ལ་རས་པའི་རྣམ་ཐར>>ལ་མཚོན་ན། ལོ་དུས་ཀྱི་རིམ་པ་ལྟར་གོ་རིམ་སྒྲིག་བྱས་ཡོད་དེ།དེ་ཡང་གཙོ་བོ་མཛད་པའི་ཆ་ནས་ཐུན་མོང་དང་ཐུན་མིན་གྱི་ཆ་ནས་ཐུན་མོང་དང་ཐུན་མིན་གྱི་མཛད་པ་གཙོ་བོ་གཉིས་སུ་ཕྱེས་པ་དང༌། ཐུན་མོང་ལའང་ ༡། སྐུ་བལྟམས་པ། ༢། འཚོ་བའི་སྡུག་བསྔལ་མྱང་བ། ༣། མཐུ་བསླབ་ནས་འཁོན་ལན་བསློགས་པ་དང༌། ཐུན་མིན་ལའང་ ༡། བླ་མ་མཇལ་ཚུལ། ༢། སྡིག་སྒྲིབ་སྦྱང་ཚུལ། ༣། དབང་དང་གདམས་པ་མནོས་ཚུལ། ༤། ཉམས་རྟོགས་འཁྲུངས་ཚུལ། ༥། རང་ཡུལ་དུ་བྱོན་པ། ༦། སྒོམ་སྒྲུབ་བྱེད་པར་དམ་བཅས་ཚུལ། ༧། རྩེ་གཅིག་དབེན་པར་སྒོམ་པ། ༨། བསྟན་འགྲོར་ཕན་ཐོགས་མཛད་ཚུལ། ༩། ཞི་བ་མྱངས་འདས་ཐོབ་ཚུལ་གྱི་གོ་རིམ་བཞིན་བཀོད་སྒྲིག་བྱས་པ་ལྟ་བུའོ།

ཁ རྩོམ་གཞིའི་ངོ་བོ་མི་འདྲ་བ་རེ་རེ་ནས་གོ་རིམ་རེ་རེར་དབྱེ་ཚུལ།

          དེ་ནི་བརྗོད་གཞི་ཕྱོགས་དུ་མ་ནས་མཚོན་ཆེད་ངོ་བོ་མི་འདྲ་བའི་རྩོམ་གཞི་ཆེ་གྲས་ཁག་སོ་སོར་ཕྱེས་ཏེ། རྩོམ་གྱི་གོ་རིམ་སྒྲིག་ཚུལ་ཞིག་སྟེ། དཔེར་ན<ངའི་ཨ་ཁུ་ལུའུ་ཞུན>ལྟ་བུ་སྟེ། རྩོམ་གཞི་དང་པོར་ལུའུ་ཞུན་གྲོངས་རྗེས་མྱ་ངན་ཞུ་མཁན་མང་པོ་ཡོད་པ་དང༌། རྩོམ་གཞི་གཉིས་པར་ནན་ཏན་ཆེན་པོས་སློབ་སྦྱོང་བྱས་ཚུལ། རྩོམ་གཞི་གསུམ་པར་ཁོང་གིས་སྤྱི་ཚོགས་རྙིང་པར་འཁོན་འཛིན་བྱས་ཚུལ། རྩོམ་གཞི་བཞི་པར་ཐེར་སྒ་འཐེན་མཁན་ལ་སྙིང་རྗེས་རོགས་རམ་བྱས་ཚུལ། རྩོམ་གཞི་ལྔ་པར་ཁོང་གིས་གཡོག་པོ་ཨ་ནན་ལ་སེམས་ཁུར་བྱས་ཚུལ་བཅས་ངོ་བོ་མི་འདྲ་བའི་རྩོམ་གཞི་ལྔ་བྲིས་ནས། ཁོང་གི་བླ་མེད་སྤྱོད་བཟང་གསལ་པོར་མཚོན་ཐབས་བྱེད་པ་ལྟ་བུ་ནི་རྩབའི་གོ་རིམ་ཡིན་ལ། དེ་རེ་རེར་ཡང་བྱེ་བྲག་གི་གོ་རིམ་ཡོད་ཆོག་པ་ཞིག་ཡིན། དེ་བཞིན་དཔྱད་རྩོམ་སོགས་ལ་མཚོན་ན་ཡང། དེ་འདྲའི་གོ་རིམ་ཡོད་པ། དཔེར་ན། <འཛམ་གླིང་ཞི་བདེར་ཕན་པའི་འགྲོ་བ་མིའི་ཐབས་ལམ>ཞེས་པར་མཚོན་ན། ཐབས་ལམ་མི་འདྲ་བ་གཙོ་ཆེ་བ་བཞིན་འཛམ་གླིང་ཞི་བདེ་གྲུབ་ཐུབ་ཚུལ་བསྟན་པ་འདི་ལྟར།

          རྩོམ་གཞི་དང་པོར། མིའི་ཡོངས་ཁྱབ་ཀྱི་ལྷག་བསམ་ནི་འཛམ་གླིང་གི་དཀའ་རྙོག་སེལ་བའི་ལྟེ་བ་ཡིན་ཚུལ་དང༌། རྩོམ་གཞི་གཉིས་པར། སྙིང་རྗེ་ནི་ཞི་བདེའི་ཀ་བ་ཡིན་ཚུལ། རྩོམ་གཞི་གསུམ་པར། ཆོས་ལུགས་ཚང་མ་ལྷག་བསམ་གྱི་ལམ་དུ་བསྐྱོད་དགོས་ཚུལ། རྩོམ་གཞི་བཞི་པར། སྐྱེ་བོ་རེ་རེ་ནས་རང་གི་སྤྱི་ཚོགས་སྡེ་ཁག་ལེགས་བཅོས་ཀྱིས་མིའི་རིགས་ལ་ཕན་བདེ་སྒྲུབ་དགོས་ཚུལ་བཅས་པ་ལྟ་བུའོ།

ག མི་སྣའི་བྱ་བར་བརྟེན་ནས་གོ་རིམ་སྒྲིག་སྟངས།

          འདི་ནི་མི་སྣ་གཙོ་བོའི་བྱ་བ་སྔ་ཕྱི་བར་གསུམ་གྱི་རིམ་པ་ལྟར་རྩོམ་གྱི་གོ་རིམ་ཡང་དེ་བཞིན་བཀོད་པ་སྟེ། དཔེར་ན་དམངས་སྒྲུང་<གླེན་པ>ལྟ་བུར་མཚོན་ན། ༡བ་ཕྱུགས་ཕན་མེད་བཟོས་པ། ༢སྟག་བསད་པ། ༣མ་བསད་པ། ༤ཕ་བསད་པ། ༥ཟངས་རྡིག་ལ་འཇུས་ནས་རང་ཉིད་ཤི་ཚུལ་བཅས་ཀྱི་གོ་རིམ་ལྟར་བྲིས་པ་ལྟ་བུའོ།

ང སྒྲུང་གི་འཕེལ་རིམ་བཞིན་དུ་གོ་རིམ་སྒྲིག་ཚུལ།

          དེ་ནི་སྒྲུང་ནང་གི་མི་སྣ་གཙོ་བོར་བརྟེན་ནས་སྒྲུང་དེའི་བྱུང་ཚུལ་གྱི་འཕེལ་རིམ་ཇི་བཞིན་རྩོམ་གྱི་གོ་རིམ་སྒྲིག་ཚུལ་ཞིག་ཡིན། དཔེར་ན། <སྤྲུལ་སྐུ>ལྟ་བུ་སོགས།

ཅ རྩོམ་པ་བོའི་ངོས་འཛིན་དང་འདུ་ཤེས་ཀྱི་འཕེལ་རིམ་ལྟར་གོ་རིམ་སྒྲིག་ཚུལ།

          འདི་ནི་རྩོམ་པ་པོའི་ངོས་ནས་བྱ་དངོས་ལ་ངོས་འཛིན་ཇི་ལྟར་བྱས་པའི་ཚུལ་དང༌། བསམ་བློའི་འདུ་ཤེས་སམ་འཆར་སྣང་གི་སྐྱེ་རིམ། རྟོག་སྣང་གི་འཆར་འགོད་གང་ཞིག་ལ་བརྟེན་ནས་རྩོམ་གྱི་གོ་རིམ་སྒྲིག་སྟངས་ཤིག་སྟེ། དཔེར་ན། <རྐང་ལམ་ཕྲ་མོ>ལྟ་བུ།

༧།དུམ་བུ་བཤད་པ།

          དུམ་བུ་ནི་རྩོམ་ཡིག་གི་རྩ་བའི་སྡེ་ཚན་ཞིག་སྟེ། རྩོམ་ཡིག་གང་འདྲ་ཞིག་ཡིན་ཡང། དུམ་བུ་དུ་མ་རིམ་བཞིན་བསྒྲིགས་ནས་གྲུབ་པ་ཞིག་ཡིན།

          རྩོམ་ཡིག་གང་ཞིག་གི་ནང་དུ་དོན་གྱི་འགྱུར་མཚམས་དང༌། ཡང་ན་ནན་བཤད་སོགས་དགོས་པའི་དབང་གིས་ཡིག་ཐོག་ནས་བཅད་མཚམས་རེ་འཇོག་གི་ཡོད་པ་དེར་དུམ་བུ་ཞེས་བརྗོད།

          རྩོམ་ཡིག་ལ་དུམ་བུ་དབྱེ་དགོས་དོན་ནི་གཙོ་བོ་བརྗོད་གཞི་ཁ་གསལ་ཡོང་བ་དང༌། བརྗོད་བྱ་ཁག་གོ་རིམ་མི་འཆོལ་བ། ཀློག་པ་པོས་ལྟ་བདེ་བ་བཅས་ཀྱི་ཆེད་དུ་ཡིན།

          གོ་རིམ་དང་དུམ་བུ་འབྲེལ་བ་ཆེན་པོ་ཡོད་ཀྱང༌། གོ་རིམ་དེ་ནང་དོན་གྱི་ཆ་ནས་ཕྱེས་པའི་རིམ་པ་ཞིག་དང༌། དུམ་བུ་ནི་ནང་དོན་དེ་དག་གསལ་པོར་མཚོན་ཐབས་ཀྱི་སྡེ་ཚན་ཞིག་ཡིན།

          ཡང༌། རང་བྱུང་ཚན་པའམ་ཕྲེང་འབེབས་ཟེར་བ་ནི་དུམ་བུའམ་དུམ་མཚམས་ཤིག་ཡིན་པའི་ངེས་པ་མེད་པར། ཕྲེང་འབེབས་ཚན་ཆུང་དུ་མ་ཞིག་གིས་དུམ་མཚམས་གཅིག་གྲུབ་པ་དེ་འདྲ་ཧ་ཅང་མང་ངོ༌།

དུམ་བུ་ཇི་ལྟར་དབྱེ་བའི་རྩ་དོན།

          ༡ དུམ་བུ་རེའི་ནང་འཆད་རྒྱུའི་དོན་དེ་སྣ་གཅིག་དང་ཆ་ཚང་བ་ཞིག་ཡིན་དགོས། བརྗོད་བྱ་གཅིག་ལས་གཉིས་དང་དུ་མ་འབྲེལ་མེད་གཞན་པ་ཡིན་པ་དང། བརྗོད་བྱ་ཆ་ཚང་རྫོགས་པར་སྟོན་པ་ཞིག་ཡིན་དགོས།

          ༢ དུམ་བུ་ཕན་ཚུན་འབྲེལ་བ་ཡོད་དགོས་ཤིང༌། དུམ་བུ་རེ་རེ་བཞིན་རྩོམ་ཡིག་གི་གྲུབ་ཆ་ཆགས་པ་དང། དབྱེ་ན་དུམ་བུ་དང་བསྡུ་ན་རྩོམ་ཡིག་ཅིག་ཆགས་ཐུབ་པ་དགོས།

          ༣ དུམ་བུ་དབྱེ་དུས་རྩོམ་ཡོངས་ནས་བཤད་ན། སྙོམ་པོ་དང་རིང་ཐུང་འཚམས་པོ། དགོས་པའི་དུས་སུ་དབྱེ་བ་ལས་མི་དགོས་པའི་དུས་སུ་མི་དབྱེ་བའི་གལ་ཆེའི་རང་བཞིན་གཟུང་དགོས།

 

བཞི། རྒྱས་བཤད་དམ་ཞིབ་བརྗོད།

 

༡ རྒྱས་བཤད་ཀྱི་གོ་དོན་དང་ནུས་པ།

སུ་དང་གང་གིས་ཅི་བྱས་དང༌། བྱས་དེའི་འཕེལ་འགྱུར་གང་དག་གི

བྱུང་རིམ་ཞིབ་བརྗོད་རྒྱས་བཤད་དེ། དེ་ཡིས་མི་དང་བྱ་དངོས་གང༌།

གསལ་བར་མཚོན་ཞིང་རྟོགས་པར་འགྱུར།

མི་སྣ་ཞིག་གི་ལོ་རྒྱུས་དང༌། བྱ་དངོས་སོགས་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་གི་བྱུང་རིམ་རྣམས་ཕྱོགས་ཡོངས་ནས་ཞིབ་ཏུ་བརྗོད་པ་དེར་རྒྱས་བཤད་དམ་ཞིབ་བརྗོད་ཟེར།

          རྒྱས་བཤད་ཀྱི་ནུས་པ་གཙོ་བོ་ནི། མི་སྣ་ཞིག་ཡིན་ཚེ། དེའི་རང་གཤིས་དང༌། ལྟ་སྤྱོད། འཚོ་གནས། ཤེས་འཇོན། ཐོབ་ཐང་དང་བྱས་རྗེས་སོགས་གསལ་པོར་མཚོན་པ་དང༌། བྱ་དངོས་ཞིག་ཡིན་ན། དེའི་རང་བཞིན་དང་ཁྱད་ཆོས་འཕེལ་འགྱུར་བཅས་ཞིབ་བརྗོད་བྱེད་པ་དེར་ཟེར།

༢ རྒྱས་བཤད་བྱེད་པའི་མི་སྣའི་མིང་བརྡ་འམ་མིང་ཚབ་སྐོར།

          དོན་བརྗོད་རྩོམ་གྱི་མི་སྣ་ལ།ང་ཁྱོད་ཁོ་གསུམ་གང་འོས་འདེམས། བྱ་བའི་བྱུང་རིམ་བརྗོད་པའི་རྩོམ་ཡིག་ཅིག་ཡིན་ན། མི་སྣ་ཞིག་ལ་བརྟེན་ནས་འབྲི་དགོས་པས། མི་སྣ་གཙོ་བོ་དེ་རྩོམ་གྱི་ཐོག་མཐའ་བར་གསུམ་ལ་སླེབས་ཐུབ་པ་ཞིག་དགོས་ལ། མི་སྣ་ཕལ་བ་དག་གི་བྱ་སྤྱོད་ཡང་མི་སྣ་གཙོ་བོར་རྒྱབ་སྐྱོར་དང༌། འབྲེལ་ཡོད་བརྗོད་གཞི་ཁ་གསལ་འབུར་དུ་ཐོན་པའི་དགོས་པ་ཞིག་གི་ཆེད་དུ་ཡིན་དགོས། སྤྱིར་སྒྲུང་ཐུང་ནང་ལ་མི་སྣ་གཙོ་བོ་གཅིག་དང་མི་སྣ་ཕལ་བའང་ཉུང་ན་བཟང༌། རྩོམ་འབྲི་སྐབས་མི་སྣ་གཙོ་ཕལ་དག་གི་མིང་ཚབ་ལ་མིང་བརྡ་གསུམ་པོ་ལས་གང་ཞིག་འོས་མིན་ལ་ལེགས་པར་བསམས་ཏེ་གཏན་འཁེལ་བྱེད་དགོས།

          དེ་ཡང་མི་སྣ་དང་པོ་མཚོན་བྱེད་མིང་ཚབ་ལ། ང། བདག ཁོ་བོ། ཁོ་མོ། ངོས། ངེད། ཕྲན། གུས་པ། གུས་མོ། ང་ཚོ། བདག་ཅག ངེད་ཅག་སོགས་དང༌། མི་སྣ་གཉིས་པ་མཚོན་བྱེད་ཀྱི་མིང་ཚབ་ལ། ཁྱོད། ཁོ་པ། ཁྱེད་ཅག ཁྱེད་རང༌། ཁྱོད་ཚོ། ཁྱོད་ཉིད། གང་ཉིད་སོགས། མི་སྣ་གསུམ་པའི་མིང་བརྡ་ལ། ཁོ། ཁོ་རང༌། ཁོང། ཁོ་ཚོ་སོགས་དང་བཀྲ་ཤིས་ལྟ་བུའི་དངོས་མིང་བཅས་སོ།

          རྩོམ་གང་ཞིག་མི་སྣ་དང་པོ་ལྟར་བྲིས་ན། དེའི་ནང་དུ་བྱ་བ་སོགས་ཅི་བྱས་ཚང་མ་མི་སྣ་དང་པོས་དངོས་སུ་བྱས་པ་དང་མཐོང་ཐོས་སུ་གྱུར་པ་ཞིག་ཡིན་དགོས། འདི་ལྟར་བྲིས་པ་ལ། རང་གི་བསམ་ཚུལ་སོགས་ཐད་ཀར་འགོད་བདེ་བ་དང། ཀློག་མཁན་དང་ཆེས་ཐག་ཉེ་བས་བརྗོད་དོན་དངོས་ཡོད་དམ་མངོན་སུམ་མཚོན་པའི་ནུས་པ་ལྡན། ཡིན་ན་ཡང༌། ང་ཞེས་པའི་ཁོར་ཡུག་ལས་འདས་པའི་དོན་རྐྱེན་གཞན་དངོས་སུ་གླེང་ཐབས་མེད་པས་ཁོར་ཡུག་གི་ཚད་བཀག་ངེས་ཅན་ཡོད། མི་སྣ་དང་པོ་བེད་སྤྱོད་བྱེད་པ་ནི་གཙོ་བོ་ཉིན་ཐོ་དང༌། འཕྲིན་ཡིག རང་གི་བྱུང་བ་བརྗོད་པ། ཡུལ་སྐོར་གཟིགས་ཞིབ་ཀྱི་མཐོང་ཐོས་བཅས་ལྷུག་རྩོམ་ལ་སྤྱོད་སྒོ་ཆེ་ཞིང༌། སྒྲུང་ཐུང་རིགས་ལའང་མི་སྣའི་ཚབ་མཚོན་དུ་ཧ་ཅང་འཚམ། དཔེར་ན། <མཇུག་མཐའི་སློབ་ཐུན་གཅིག>ལྟ་བུ།

          མི་སྣ་གསུམ་པ་ལྟར་བྲིས་ན་ཁོར་ཡུག་གི་ཆད་བཀག་མེད་པས། མི་སྣ་མང་པོ་དང་ཡུལ་དུས་གང་ཞིག་ཀྱང་འབྲི་ཆོག་ལ། རྩོམ་མཁན་རང་གི་དུང་སེམས་ཀྱང་བར་འཇུག་གིས་མཚོན་ཐུབ་པས། སྒྲུང་གཏམ་མང་ཆེ་བ་མི་སྣ་གསུམ་པ་ལྟར་བྲིས་ཡོད། དཔེར་ན། <རྟ་ནག་སྒྲོག་འགྲོས>ལྟ་བུ།

          མི་སྣ་གཉིས་པ་ལྟར་བྲིས་པའི་རྩོམ་ཡིག་ནི་ཧ་ཅང་ཉུང༌། ལ་ལས་དེ་ནི་མི་སྣ་དང་པོ་དང། གསུམ་པ་གང་རུང་ཞིག་ལ་ངོས་འཛིན་བྱེད་དགོས་ཀྱང་ཟེར་མོད། དུང་སེམས་ཐད་མཚོན་བྱེད་ཐབས་དང༌། ཀློག་མཁན་དང་བར་ཐག་ཉེ་བའི་བརྗོད་ཐབས་ཤིག་རེད། དཔེར་ན། <ཁྱེད་ཀྱི་སྐྱེས་སྐར>དང<ཐོ་རངས་སྐར་ཆེན>ལྟ་བུ།

༣ རྒྱས་བཤད་བྱེད་ཐབས།

རིམ་དང་ལྡོག་དང་བར་འཇུག་སོགས།

བྱུང་རིམ་ཞིབ་བརྗོད་ཐབས་ཚུལ་མང༌།

          རྩོམ་ཐབས་སྤྱིའི་ཆ་ནས་རིམ་བརྗོད་དང་ལྡོག་བརྗོད། བར་འཇུག་གསུམ་དུ་འདུ། དེ་ཡང་རྩོམ་མགོ་འཛུགས་སྟངས་ཀྱི་ཆ་ནས་ཕྱེས་པ་ཞིག་སྟེ། ཐོག་མའི་བྱུང་རིམ་ནས་མཐའ་འབྲས་བར་གོ་རིམ་ཇི་ཞིན་བསྒྲིག་པ་ལ་རིམ་བརྗོད་ཟེར། དཔེར་ན། <མཇུག་མཐའི་སློབ་ཐུན་གཅིག>ལྟ་བུ།

          ཡང་མཐའ་འབྲས་སམ་མཐོ་རླབས་གང་ཞིག་གིས་རྩོམ་མགོ་དྲངས་ཏེ། དེ་ནས་བྱུང་རིམ་ཇི་བཞིན་ནམ་བསྲེས་ཏེ་འབྲི་ཚུལ་ལ་ལྡོག་བརྗོད་ཟེར། དཔེར་ན།<རེ་སྨོན>དང<མི་ཚེའི་རྨ་ཁ>ལྟ་བུ།

          བར་འཇུག་ཞེས་པ་ནི་བྱ་བའི་བརྒྱུད་རིམ་འབྲི་སྐབས་བརྗོད་བྱ་གང་ཞིག་གི་དགོས་མཁོར་དམིགས་ཏེ། བྱུང་འདས་ཀྱི་དོན་རྐྱེན་ནམ་ཁོར་ཡུག་གཞན་ཞིག་གམ་མི་སྣའི་བྱ་བ་སོགས་ཡང་ཡང་བར་དུ་འཇུག་བཞིན་རྒྱས་བཤད་བྱེད་པ་ལ་ཟེར། སྤྱིར་བར་འཇུག་གི་རྩོམ་ཐབས་ནི་སྒྲུང་རྩོམ་མང་པོར་བེད་སྤྱོད་ཆེ་ཤོས་ཤིག་ཡིན་མོད་འོས་ཤིང་འཚམ་པ་ཞིག་ཡོང་རྒྱུ་ཅུང་དཀའ་སྙམ།

          གཞན་ཡང༌། མི་སྣའི་གླེང་མོལ་གྱི་མཚོན་ཐབས་གཙོ་བོར་བརྗོད་པ<རྟ་ནག་སྒྲོག་འགྲོས>ལྟ་བུ་དང༌། གླེང་མོལ་ཁོ་ནས་བྲིས་པའང<རེ་སྨོནལྟ་བུ། སྒྲུང་གི་མི་སྣ་ཞིག་གིས་སྒྲུང་བཤད་པ<ཉི་མ་ནུབ་རིར་ཡོལ་དུས>ལྟ་བུ། ཡང༌། ཕྱིར་དྲན་དང་རྨི་ལམ། ཉིན་ཐོ། ཡིག་འབྲེལ་ལ་སོགས་ཀྱི་མཚོན་ཐབས་མང་ཞིང༌། སྒྲུང་འབྲིང་དང་སྒྲུང་རིང་ཞིག་ལ་མཚོན་ན་མཚོན་ཐབས་ཀྱང་སྣ་མང་ལྡན་འོས།

          བྱུང་རིམ་ཞིབ་བརྗོད་དེ་ཡང་བྱུང་རིམ་ཕྲ་རབ་བམ་མི་སྣའི་ལུས་ངག་གི་རྣམ་འགྱུར་ཕྲ་མོ་དག་ཞིབ་འགོད་བྱ་རྒྱུར་ཧ་ཅང་རག་ལས་ཡོད། ལྷག་པར་བྱེད་ཐབས་འདིས་མི་སྣའི་སེམས་ཁམས་མཚོན་པ་སོགས་གཟུགས་བརྙན་གསོན་ཉམས་ལྡན་པ་ཐོན་རྒྱུའི་ཕན་ནུས་ལྡན་པ་ཞིག་དགོས།།

 

ལྔ་པ། ཁོར་ཡུག་བཀོད་འབྲི།

 

          རང་བྱུང་གི་ཁོར་ཡུག་དང་སྤྱི་ཚོགས་ཀྱི་ཁོར་ཡུག་དག་ལ་བསྔགས་པ་བརྗོད་པའི་སྒོ་ནས་རང་གི་དུང་སེམས་དང་རེ་སྨོན་མཚོན་པའི་སྙན་དངགས་དང་ལྷུག་རྩོམ་མང་ལ། ལྷག་པར་སྒྲུང་རྩོམ་དུ་མི་སྣའི་སྤྱི་ཚོགས་ཁོར་ཡུག་མེད་ཐབས་མེད་པ་མ་ཟད། རང་བྱུང་ཁོར་ཡུག་གིས་ཀྱང་མི་སྣར་གཞོགས་འདེགས་ཀྱི་ནུས་པ་འདོན་ཐུབ།

སྒྲུང་རྩོམ་ནང་དུ། མི་སྣའི་མཐོང་སྣང་ལ་བརྟེན་ནས་ཁོར་ཡུག་འབྲི་བ་དང༌། མིསྣའི་འབྲེལ་བ་ལ་བརྟེན་ནས་ཁོར་ཡུག་འབྲི་བ་གཙོ་ཆེ་ཞིང༌། དོན་འདུས་ལ་འོས་ཤིང་རིགས་པ་ཞིག་དགོས་རྒྱུ་གལ་ཆེ་བ་སྟེ། རྩོམ་རིག་གི་ཤེས་བྱ་གནད་བསྡུས་ཙམ་དུ་རེ་ཞིག་རྫོགས་སོ།། །།

༄༅།།རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག །མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ། །མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག །ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།

     ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ<<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། ༢༠༠༩་༡༡་༡༦།

 

   བོད་དོན་གསར་འགྱུར་རྩོམ་གསར་སོགས། དེ་རིང་སྒོ་བྱང་ངོས་ལ་གཟིགས། གལ་ཆེའི་བཀའ་སློབ་ཡིག་ཆ་སོགས། རིན་ཆེན་གསང་བའི་གཏེར་ལས་བཞེས། སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར། ལན་ཅིག་ཕེབས་དང་རྒྱང་རིང་གྲོགས། ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

      སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

ཕྱག་ན་པད་མོའི་བཞད་སྒྲ་རེས། སྐྱེ་དགུ་འི་སེམས་ལ་བདེ་བ་སྦྲུམ།

 

དམངས་གྲོས་འཁོར་ལོ་རྩིབས་སྟོང་པས། དམར་པོའི་སྲིད་མཚང་གནམ་ལ་དྲངས།

 

རང་དབང་བླ་མེད་གདུགས་ཁྱིམ་ན། རང་མོས་འཚོ་བའི་དགའ་སྟོན་མང།

བདེན་དོན་མི་ནུབ་རྒྱལ་མཚན་ནི། ཆིག་སྒྲིལ་དཔུང་པས་དམ་དུ་བསྒྲེངས།

མདོ་སྨད་གཏེར་གྱི་བུམ་བཟང་ན། སྣ་ཚོགས་སྨན་གྱི་དྲི་བསུང་འཐུལ

སྙུག་ཚོགས་དུང་དཀར་རང་གྲགས་ནི། སུ་ཡིས་འབུད་ལ་རང་དབང་ཉིད།  

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི། མཛའ་མཐུན་དཔལ་བེའུས་ཀུན་ནས་སྦྲེལ།

ཀྲུང་གོའི་བོད་ཡིན་ནམ།

ཨེ་ཤེ་ཡ༌རླུང་འཕྲིན།

 

རྒྱལ་སྤྱིའི་སྐད་ཡིག་སློབ་གླིང།

རྒྱལ་སྤྱིའི་སྙུག་ཚོགས་ལ་ཞུགས་ན་གཟི་བརྗིད་ལྡན།