ཁ་སང་ཕྱི་ཚེས་ ཉིན་ཨེ་ཇིབ་ཀྱི་པཱོར་ཊི་ (Port) གྲོང་ཁྱེར་ནང་རྒྱལ་ཡོངས་རྐང་སྤོལ་རྩེད་འགྲན་ཞིག་གི་སྐབས། ཨེ་ཇིབ་ནང་སྐད་གྲགས་ཆེ་ཤོས་ཀྱི་རྐང་སྤོལ་རུ་ཁག་ཨལ་ཨྷ་ལེ་ (Al Ahli team) དང་། པཱོར་ཊི་ས་གནས་རྐང་སྤོལ་རུ་ཁག་ཨལ་མཱ་སི་རེ་(al-Masry team) གཉིས་རྩེད་འགྲན་མཇུག་སྒྲིལ་མ་ཐག  ཨེ་ཇིབ་རྒྱལ་ས་ཀཱ་རོ་(Carior) ནས་ཡོང་པའི་ཨལ་ཨྷ་ལེ་རུ་ཁག་གི་རྩེད་འགྲན་པ་དང་ཁོ་ཚོར་དགའ་མོས་བྱེད་མཁན་གྱི་ལྟད་མོ་བའི་ཐོག་ལ། ས་གནས་རུ་ཁག་རྩེད་འགྲན་པ་དང་ཁོང་ཚོར་དགའ་མོས་བྱེད་མཁན་ཚོ་རུབ་རྒྱུགས་བྱས་ཏེ། རྩེད་ཐང་ནང་རྡོ་དང་ཤེལ་དམ་སོགས་གང་བྱུང་གཡུག་པ་མ་ཟད། མེ་རྫས་དང་གྲུ་སོགས་མཚོན་ཆ་བེད་སྤྱོད་ཀྱིས་དྲག་འཛིང་བྱས་ཏེ། མི་ ༧༤ ཙམ་ལ་སྲོག་སྐྱོན་དང་མི་བརྒྱ་ཕྲག་མང་པོར་རྨས་སྐྱོན་བཟོས་ཡོད་འདུག

ལྟད་མོ་བ་ཁག་ཅིག་གིས་གསར་ལམ་དུ་བརྗོད་པ་ལྟར་ན། ཐེངས་འདིའི་རྩེད་འགྲན་སྐབས་དམག་མིའི་བདེ་སྲུང་ཡག་པོ་མེད་པའི་ཁར། ཉེན་རྟོག་པ་དང་སྲུང་དམག་གིས་འཁྲུག་འཛིང་སྐབས་འགོག་སྲུང་མི་བྱེད་པར་རྒྱང་ནས་ལྟད་མོར་བལྟས་བསྡད་འདུག་ལ། དོན་རྐྱེན་བྱུང་རྗེས་ཨེ་ཇིབ་གཞུང་གིས་ཐད་འཕུར་གནམ་གྲུ་བཏང་སྟེ་ཨལ་ཨྷ་ལེ་རྩེད་འགྲན་པ་རྣམས་ཕྱིར་རྒྱལ་ས་ཀཱེ་རོ་རུ་མྱུར་སྐྱོབ་དང་སྨན་བཅོས་བྱེད་དུ་ཁྲིད་ཡོད་འདུག  ཉིན་དེར་རྩེད་འགྲན་ཐང་ཆེན་དུ་འཁྲུག་རྩོད་ཤི་རྨས་ཚབས་ཆེན་བྱུང་པའི་ཐད། མི་མང་གིས་གཞུང་གི་བདེ་སྲུང་དོ་དམ་གྲ་སྒྲིག་ཡག་པོ་མ་བྱུང་པའི་རྐྱེན་གྱིས་ཡིན་པའི་སྐྱོན་བརྗོད་དང་། ངོ་རྒོལ་ཤུགས་ཆེན་འབྱུང་བཞིན་པར་བརྟེན། ད་ཆར་ཨེ་ཇིབ་གྲོས་ཚོགས་ཀྱིས་ཛ་དྲག་ཚོགས་འདུ་འཚོགས་ཡོད་པ་དང་། དེ་རིང་ཞོགས་པར་ཨེ་ཇིབ་དམག་མིའི་གཞུང་གིས་ཐེངས་འདིའི་རྐང་སྤོལ་རྩེད་ཐང་དུ་འཁྲུག་འཛིང་ཁྲོད་རྐྱེན་འདས་སུ་གྱུར་པ་རྣམས་ཀྱི་ཆེད་དུ་ཉིན་གསུམ་རིང་རྒྱལ་ཡོངས་མྱ་ངན་ཞུ་རྒྱུའི་ཁྱབ་བསྒྲགས་བྱས་འདུག

ཨེ་ཇིབ་རྒྱལ་ཡོངས་རྐང་སྤོལ་རྩེད་འགྲན་སྐབས་ཀྱི་དོན་རྐྱེན་དེ་བྱུང་རྗེས། རྒྱལ་སྤྱིའི་རྐང་སྤོལ་མཉམ་འབྲེལ་མཐུན་ཚོགས་(FIFA) ཀྱི་ཚོགས་གཙོ་བྷི་ལཱ་ཊར་ (Sepp Blatter) ལགས་ཀྱིས།  དེ་ནི་རྐང་སྤོལ་རྩེད་འགྲན་ལོ་རྒྱུས་ཁྲོད་ཀྱི་ཉི་མ་ནག་པོ་ཞིག་ཆགས་ཡོད་པ་དང་། བསམ་ཡུལ་ལས་འདས་པའི་དོན་རྐྱེན་དེ་འདྲ་འབྱུང་འགྱུར་མི་ཡོང་པ་བྱ་དགོས་པ་ནན་བརྗོད་བྱས་འདུག་ལ། ཨ་ཧྥི་ར་ཀའི་རྐང་སྤོལ་རྩེད་འགྲན་མནམ་འབྲེལ་མཐུན་ཚོགས་ཀྱིས་དོན་རྐྱེན་དེར་ཆུ་ཚོད་སྐར་མ་གཅིག་རིང་མྱ་ངན་ཞུས་འདུག

ཆབ་སྲིད་དཔྱད་བརྗོད་པ་དག་གིས་ཐེངས་འདིའི་ཨེ་ཇིབ་རྐང་སྤོལ་རྩེད་འགྲན་སྐབས་ཀྱི་དོན་རྐྱེན་དེ་ནི། ཐད་གར་ཆབ་སྲིད་རྩོད་རྙོག་ཅིག་ཆགས་མེད་ཀྱང་། དོན་རྐྱེན་དེས་ཨེ་ཇིབ་ནང་ཆབ་སྲིད་བརྟན་བརླིང་མེད་པ་དང་། གཞུང་གིས་མང་ཚོགས་ཀྱི་བདེ་འཇགས་ལ་འགན་སྲུང་ཡག་པོ་བྱེད་ཀྱིན་མེད་པའི་གནས་སྟངས་ཤིག་ཆགས་ཡོད་པར་བརྗོད་འདུག

 

གཟའ་ཟླ་བའི་ཉིན་ཨ་རིའི་སྲིད་འཛིན་ཨོ་བྷ་མས་པཱ་ཀི་སི་ཐན་ནང་གི་ཨོལ་ཁོ་ཊ་སོགས་འཇིགས་སྐུལ་རིང་ལུགས་པའི་ཤོག་ཁག་སྟེང་དྲག་གནོན་བྱ་གཏན་འཁེལ་པའི་ཁྱབ་བསྒྲགས་བྱས་འདུག

ཕྱི་ཚེས་ ༣༠ ཉིན་གྱི་ཁྱབ་བསྒྲགས་སྐབས་ཨོ་བྷ་མས་ཨ་རིའི་ངོས་ནས་ཨོལ་ཁ་ཊ་སོགས་དྲག་སྤྱོད་པའི་སྟེང་དྲག་གནོན་བྱ་རྒྱུ་དེ་ལས་འགན་ཆེ་ཤོས་ཤིག་ཡིན་པ་མ་ཟད། ངེས་པར་དུ་བསྒྲུབ་དགོས་པའི་ཨ་རིའི་གཞུང་གི་འགན་འཁྲི་ཞིག་ཀྱང་ཡིན་པ་དང་། གལ་ཆེ་ཤོས་དྲག་སྤྱོད་པའི་སྟེང་དྲག་གནོན་བྱ་སྐབས་ཕྱོགས་ཡོངས་ནས་གཟབ་ནན་བྱ་དགོས་པ་དེ་ཡིན་པར་བརྗོད་འདུག

ཉིན་དེའི་ཨ་རིའི་སྲིད་འཛིན་ཨོ་བྷ་མས་ཁྱབ་བསྒྲགས་སྤེལ་བའི་ནང་། ད་སྔ་ཨ་རིའི་གཞུང་གི་ངོས་ནས་དྲག་སྤྱོད་པ་གང་དུ་ཡོད་པ་དེར་ཁ་གཏད་དང་། འཇིགས་སྐུལ་རིང་ལུགས་པ་ཚར་གཅོད་བྱ་རྒྱུར་རྒྱུ་དངོས་གང་ཐད་ནས་ནུས་པ་བཏོན་ཡོད་ལ། ཁྲིམས་མེད་ལུགས་མེད་ཀྱི་པཱ་ཀི་སི་ཐན་ནང་གི་ས་ཁུལ་མང་པོ་ཞིག་ཨོལ་ཁ་ཊ་སོགས་དྲག་སྤྱོད་ཤོག་ཁག་གིས་བཟུང་ཡོད་སྟབས།ས་ཁུལ་དེ་དག་ནང་ཨ་རི་གཞུང་གིས་དྲག་གནོན་བྱ་རྒྱུ་ཡིན་པར་གཏན་འཁེལ་གྱི་ཁྱབ་བསྒྲགས་བྱས་ཡོད།

ལོ་སྔོན་མའི་ནང་ཨ་རིའི་དྲག་ཆས་དམག་པཱ་ཀི་སི་ཐན་ནང་གསང་པའི་སྒོ་ནས་འཛུལ་ཏེ་བྷེན་ལཱ་ཊན་དམར་གསོད་བཏང་པ་སོགས་ཐེངས་མང་པོར་པཱ་ཀི་སི་ཐན་གྱི་རྒྱལ་ཁོངས་སུ་འཛུལ་སྟབས། ༢༠༡༡ ལོའི་ལོ་མཇུག་ཏུ་པཱ་ཀི་སི་ཐན་གཞུང་གིས་ཨ་རི་སོགས་ལ་པཱ་ཀི་སི་ཐན་གྱི་ཆོག་མཆན་མེད་པར་རྒྱལ་ཁོངས་སུ་འཛུལ་ཚེ། པཱ་ཀི་སི་ཐན་དམག་གིས་ཐད་གར་དྲག་རྒོལ་བྱ་ཆོག་པའི་བཀའ་འཁྲོལ་གནང་ཡོད་པ་རེད།

 

ཕྱི་ཚེས་ ༡༦ ཉིན་རྒྱ་ནག་གནས་སྡོད་ཨ་རིའི་གཞུང་ཚབ་ལའོ་ཁའེ་(Gary Locke)ལགས་ཀྱིས། ཨ་རིའི་ཕའེ་བྷི་སི་(PBS) བརྙན་འཕྲིན་ཁང་གི་བཅར་འདྲིའི་ལེ་ཚན་བརྒྱུད། རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཆེས་ཉམས་ཆག་གི་དུས་སྐབས་སུ་བསླེབས་ཡོད་པ་མ་ཟད། ད་དུང་མུ་མཐུད་དུ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་ཐེར་འདོན་སྐྱོན་བརྗོད་བྱས་འདུག ཡིན་ནའང་། རྒྱ་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱེད་བཞིན་པའི་དམངས་གཙོ་དོན་གཉེར་བ་དང་མང་ཚོགས་རྣམས་ནི་ཁྲིམས་འགལ་ཉེས་ཅན་ཡིན་པར་སྙད་འཛུགས་ཀྱིས། དེ་ནི་འགྲོ་བ་མིའི་རང་དབང་ཐོབ་ཐང་གི་གནད་དོན་དང་འབྲེལ་བ་གང་ཡང་ཆགས་མེད་སྐོར་བརྗོད་འདུག 

གཟའ་ཟླ་བའི་དགོང་མོར་ཨ་རིའི་ཕའེ་བྷི་སི་བརྙན་འཕྲིན་ཁང་གི་ལེ་ཚན་གསོ་སྐྱོང་བ་ཪའོ་སི་(Charlie Rose) ལགས་ཀྱི་བཅར་འདྲིའི་སྐབས། ཨ་རིའི་གཞུང་ཚབ་ལའོ་ཁའེ་ལགས་ཀྱིས། ལོ་སྔོན་མར་དཀྱིལ་ཤར་ཡུལ་གྲུ་དང་བྱང་ཨ་ཧྥི་རི་ཁའི་ནང་དམངས་གཙོའི་ཡར་ལངས་ལས་འགུལ་བྱུང་སྟེ། སྒེར་གཅོད་སྲིད་གཞུང་ཁག་མགོ་རྟིང་བསློགས་པའི་གསར་བརྗེ་རྦ་རླབས་བྱུང་པའི་རྗེས། རྒྱ་གཞུང་དཔོན་རིགས་ཚོས་རྒྱ་ནག་ནང་དུའང་དེ་མཚུངས་ཀྱི་དམངས་གཙོའི་གསར་བརྗེ་འབྱུང་བར་བློ་འཚབ་སྐྱེས་ཏེ། གཞུང་དང་ལྟ་བ་ཐ་དད་འཛིན་མཁན་ཚང་མར་ཕྱོགས་ཡོངས་ནས་དྲག་གནོན་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མ་ཟད། ཐ་ན། དུག་ལྡན་ཟས་རིགས་ཐོན་རྫས་ཀྱི་རྐྱེན་པས་གཟུགས་གཞི་དང་འཚོ་བར་གནོད་འཚེ་ཐེབས་མཁན་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་རྩོད་ལེན་པ་དང་ཁྲིམས་རྩོད་པ་དག་ཀྱང་འཇུ་བཟུང་བཙོན་འཇུག་བྱས་ཡོད་པའི་གནས་སྟངས་ཐེར་འདོན་བྱས་ཡོད་པ་མ་ཟད།   ཁོང་གིས་ “ ༢༠༠༨ ལོའི་པེ་ཅིན་ཨོ་རྩེད་མ་ཚོགས་པའི་ཡར་སྔོན་དུ། རྒྱ་གཞུང་གིས་རྒྱ་ནག་ནང་བཀག་སྡོམ་སྲིད་ཇུས་ལྷོད་ཡངས་ཀྱི་རྣམ་པ་བསྟན་ཡོད་མོད། ཡིན་ནའང་། ཨོ་རྩེད་ཀྱི་རྗེས་ནས་བཟུང་བསྐྱར་དུ་འགྲོ་བ་མིའི་ཐོབ་ཐང་ཐད་དྲག་གནོན་བྱེད་ཤུགས་ཆེ་རུ་བཏང་ཡོད་ལ། ད་ལྟ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཆེས་ཉམས་ཆག་ཀྱི་དུས་སྐབས་སུ་བསླེབས་ཡོད་པ་མ་ཟད། ད་དུང་མུ་མཐུད་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་འདུག” ཅེས་བསྐྱོན་བརྗོད་བྱས་ཡོད་པ་རེད།

ཕྱི་ཚེས་ ༡༧ ཉིན་རྒྱ་ནག་ཕྱི་འབྲེལ་མགྲིན་ཚབ་པ་ལིས་ཝེ་མིན་གྱིས་གསར་འགོད་ལྷན་ཚོགས་ཐོག རྒྱ་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་ལས་དོན་ཐད་ཕན་ཚུན་གྲོས་སྡུར་དང་མཉམ་འབྲེལ་གྱི་འདོད་མོས་ཡོད།   ཡིན་ནའང་། འགྲོ་བ་མིའི་ཐོབ་ཐང་གནད་དོན་ལ་ཁ་གཡར་ཏེ་རྒྱ་ནག་ནང་སྲིད་ལ་ཐེ་ཇུས་དང་རྒྱ་གཞུང་གི་སྲིད་ཁྲིམས་བདག་དབང་ལ་བར་ཆད་བཟོ་བར་ངོ་རྒོལ་ཡོད་སྐོར་བརྗོད་དེ། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཐད་ཨ་རིའི་གཞུང་ཚབ་ཀྱི་སྐྱོན་བརྗོད་དེ་ནི་དོན་དངོས་དང་མཐུན་གྱི་མེད་ཚུལ་དང་། རྒྱ་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་བྱེད་བཞིན་ཡོད་སྐོར་སླར་ཡང་བསྐྱར་ཟློས་བྱས་ཡོད་པ་མ་ཟད། ལིག་ཝེ་མིན་གྱིས་ “ རྒྱ་གཞུང་གིས་མི་ཁ་ཤས་ལ་ཁྲིམས་ཆད་བཏང་བ་དེ་ནི། རྒྱ་གཞུང་གིས་སྨྲ་བརྗོད་རང་དབང་དང་ཆོས་ལུགས་རང་དབང་ཐོག་དྲག་གནོན་བྱས་པ་ཞིག་མིན་པར། མི་དེ་དག་གིས་རྒྱ་ནག་བཅའ་ཁྲིམས་རྡོག་རོལ་དང་ཁྲིམས་སྒྲིག་གི་ས་མཚམས་ལས་བརྒལ་བའི་བྱ་སྤྱོད་སྤེལ་བའི་རྒྱུ་མཚན་གྱིས་རེད།  དེར་བརྟེན་ཁོ་ཚོར་རང་བཞིན་གྱིས་ཉེས་ཆད་གཏོང་དགོས་ངེས་རེད་ལ། དེ་ནི་འགྲོ་མིའི་རང་དབང་ཐོབ་ཐང་དང་འབྲེལ་བ་གང་ཡང་ཆགས་མེད། ” སོགས་བརྗོད་འདུག

རྒྱ་རིགས་དམངས་གཙོ་ཚོགས་པ་གསར་འཛུགས་གནང་མཁན་ཀྲུའུ་ཡུས་ཧྥུ་ཡིས། ཉེ་ཆར་རྒྱ་ནག་ནང་དམངས་གཙོ་དོན་གཉེར་བ་ཁྲིན་ཝེ་དང་ཁྲིན་ཞིས་གཉིས་ཀྱིས་དྲ་རྒྱའི་སྟེང་རྩོམ་ཡིག་སྤེལ་བ་ལ་བརྟེན་ནས། རྒྱ་གཞུང་གིས་ལོ་ ༩ དང་ ༡༠ བཙོན་འཇུག་ཁྲིམས་ཐག་བཅད་པ་སོགས་ཀྱིས་མཚོན་པའི། དམངས་གཙོ་དོན་གཉེར་བ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་མང་པོ་འཇུ་བཟུང་བཙོན་འཇུག་གིས་སྤྱི་ཚོགས་ཁྱོན་ཡོངས་ལ་བཀག་སྡོམ་ཤུགས་ཆེན་བྱེད་བཞིན་པར་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། ཐཱེན་ཝང་དྲ་ཚིགས་གསར་སྐྲུན་གནང་མཁན་དམངས་གཙོ་དོན་གཉེར་བ་ཧུང་ཆིས་ཀྱིས་ཀྱང་། ཨ་རབ་དམངས་གཙོའི་གསར་བརྗེ་ཡི་ཤུགས་རྐྱེན་འོག་རྒྱ་ནག་ནང་དམངས་གཙོའི་ལས་འགུལ་གྱི་འདུ་ཤེས་ཤུགས་ཆེ་རུ་གྱུར་ཡོད་པ་མ་ཟད། འདས་པའི་ལོ་གཅིག་ཙམ་གྱི་རིང་རྒྱ་ནག་ནང་གཞི་རྒྱ་ཆེ་བའི་མི་མང་འདུ་འཛོམས་ཀྱི་ངོ་རྒོལ་ལས་འགུལ་ལྡབ་འགྱུར་གྱིས་མང་དུ་འཕེལ་ཡོད་པ་བརྗོད་འདུ

དབྱིན་ཇིའི་སྲིད་བློན་དང་སི་ཀཱོ་ཊི་ལན་ཌི་ས་གནས་བློན་ཆེན་གཉིས་ཐུག་འཕྲད་ཐོག སི་ཀཱོ་ཊི་ལན་ཌི་དབྱིན་ཇིའི་འོག་ནས་རང་བཙན་བྱ་རྒྱུར་མི་མང་བསམ་ཤོག་བསྡུ་རྒྱུའི་གནད་དོན་ཐད་གྲོས་བསྡུར་བྱ་རྒྱུ་ཡིན་འདུག

ཕྱི་ཚེས་ ༡༥ ཉིན་དབྱིན་ཇིའི་སྲིད་བློན་གྱི་མགྲིན་ཚབ་པས་བརྗོད་པ་ལྟར་ན། སྲིད་བློན་ཁཱ་མེ་རོན་(David Cameron)ཁོང་སི་ཀཱོ་ཊི་ལན་ཌིའི་(Scotland)བློན་ཆེན་ཨ་ལེག་ཛི་(Alez Salmond) དང་ཐུག་འཕྲད་ཀྱིས། སི་ཀཱོ་ཊི་ལན་ཌིའི་མི་མང་དབྱིན་ཇིའི་འོག་ནས་རང་བཙན་བྱ་རྒྱུའི་གདན་དོན་སྐོར་ལ་གྲོས་བསྡུར་བྱ་རྒྱུར་མོས་མཐུན་ཡོད་པར་བརྗོད་འདུག སི་ཀཱོ་ལན་ཊི་དབྱིན་ཇིའི་དབང་སྒྱུར་འོག་ཚུད་དེ་ལོ་༣༠༥ འཁོར་ཡོད་པ་དང་། ད་ལྟ་དབྱིན་ཇིའི་འོག་གི་ས་གནས་རང་སྐྱོང་གཞུང་ཞིག་ཆགས་ཡོད།

ལོ་སྔོན་མའི་ནང་སི་ཀཱོ་ཊི་ལན་ཌི་ས་གནས་གཞུང་གི་གྲོས་ཚོགས་ནང་ཐེངས་དང་པོར་དབྱིན་ཇིའི་འོག་ས་གནས་རང་སྐྱོང་བྱ་རྒྱུའམ་རང་བཙན་བྱ་རྒྱུའི་ཐད་བསམ་ཤོག་བསྡུས་ཏེ།གྲོས་ཚོགས་ནང་རང་བཙན་བྱ་རྒྱུའི་བསམ་ཤོག་ལ་རྒྱལ་ཁ་ཐོབ་རྗེས།ད་ལྟ་མི་མང་ཁྲོད་བསམ་ཤོག་བསྡུ་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད་ཀྱང་།ཕྱི་ཚེས་༡༧ཉིན་དབྱིན་གཞུང་གིས་གསལ་བསྒྲགས་ཤིག་སྤེལ་ཏེ།སི་ཀཱོ་ཊི་ལན་ཌིའི་མི་མང་ནང་རང་བཙན་བྱ་རྒྱུའམ་དབྱིན་ཇིའི་འོག་གནས་རྒྱུའི་ཐད་གང་མགྱོགས་བསམ་ཤོག་བསྡུ་ཆོག་ཀྱང་།བསམ་ཤོག་བསྡུ་རྒྱུའི་སྒྲིག་གཞི་ཁག་དབྱིན་གཞུང་གི་ཐག་གཅོད་ལྟར་འགྲོ་དགོས་པར་བརྗོད་ཡོད་འདུགའོན་ཀྱང་།ཨ་ལེག་ཛི་ཡིས་བསམ་ཤོག་དེ་༢༠༡༤ལོར་བསྡུ་རྒྱུ་གཏན་འཁེལ་བྱ་ཆོག་ཀྱང་།བསམ་ཤོག་བསྡུ་བའི་སྒྲིག་གཞི་ཁག་སི་ཀཱོ་ཊི་ལན་ཌི་ས་གནས་གཞུང་རང་གིས་ཐག་གཅོད་བྱ་དགོས་པར་བརྗོད་འདུག

ཨ་ལིག་ཛི་ཡིས་ཟླ་འདིའི་ཕྱི་ཚེས་༢༥ཉིན་དུས་རབས་༡༨པའི་ནང་སི་ཀཱོ་ཊི་ལན་ཌི་ཡིས་དབྱིན་ཇི་ཕམ་པར་བརྒྱབ་པའི་དུས་ཚིགས་སྲུང་གཙི་དང་སྦྲགས།མི་མང་བསམ་ཤོག་བསྡུ་བའི་སྒྲིག་གཞི་གཏན་འབེབ་ཁྱབ་བསྒྲགས་བྱ་འཆར་ཡིན་པ་དང་།རྒྱལ་སྤྱིའི་འོས་བསྡུའི་ཐོབ་ཐང་ནི་ལོ་༡༨ཡན་ཡིན་ཀྱང་།ཨ་ལེག་ཛི་ཡིས་ལོ་༡༦ཡན་ལ་འོས་བསྡུའི་ཐོབ་ཐང་སྤྲོད་འཆར་ཡོད་པ་དེར་དབྱིན་གཞུང་གིས་ངོ་རྒོལ་བྱེད་ཀྱི་ཡོད་པ་མ་ཟད།  བསམ་ཤོག་བསྡུ་སྐབས་དབྱིན་ཇི་དང་མཉམ་གནས་བྱ་རྒྱུའམ་ཕྱིར་འབུད་རྒྱུ་ཡིན་པ་ཙམ་ལས་གནད་དོན་མང་པོ་གླེང་འགོད་བྱ་མི་ཆོག་པར་བརྗོད་ཡོད་འདུག

རྒྱལ་སྤྱིའི་ཆབ་སྲིད་དཔྱད་བརྗོད་པ་དག་གིས་གལ་སྲིད་སི་ཀཱོ་ཊི་ལན་ཌིའི་མི་མང་གི་བསམ་ཤོག་ལ་རྒྱལ་ཁ་ཐོབ་སྟེ། དབྱིན་ཇིའི་འོག་ནས་རང་བཙན་བྱས་ཚེ། སི་ཀཱོ་ཊི་ལན་ཌི་ལ་དཔལ་འབྱོར་དང་སྤྱི་ཚོགས་བདེ་འཇགས་སོགས་ཀྱི་ཐད་ཉེན་ཁ་ཆེན་པོ་འཕྲད་རྒྱུར་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། ཨ་ལེག་ཛི་ཡིས་ཀྱང་སི་ཀཱོ་ཊི་ལན་ཌིའི་མི་མང་གིས་རང་བཙན་གདམ་ཀ་བྱས་ཀྱང་། དབྱིན་གཞུང་དང་མུ་མཐུད་འབྲེལ་ལམ་འཛིན་རྒྱུ་དང་། ལྷག་པར་དུ་ཕྱོགས་གཉིས་ཀྱི་དམག་དོན་མཉམ་འབྲེལ་བྱ་རྒྱུའི་བསམ་ཚུལ་བཏོན་ཡོད། ཡུ་རོབ་མཐུན་ཚོགས་ཀྱིས་སི་ཀཱོ་ཊི་ལན་ཌི་རང་བཙན་ཆགས་ཚེ་དངུལ་སྒོར་ག་རེ་བེད་སྤྱོད་གཏོང་རྒྱུ་ཡིན་མིན་དང་། དེ་བཞིན་ད་སྔ་དབྱིན་གཞུང་གིས་ཡུ་རོབ་མཐུན་ཚོགས་ནང་གཏོང་བཞིན་པའི་མ་དངུལ་འབོར་ཆེན་ཉུང་དུ་གཏོང་ངེས་ཡིན་པ་བཅས་ཀྱི་ཐད་བློ་འཚབ་ཅིག་འབྱུང་བཞིན་ཡོད་འདུག

དུས་རབས་ ༡༨ པའི་ནང་སི་ཀཱོ་ཊི་ལན་ཌི་ཡི་དབྱིན་ཇིའི་དབང་སྒྱུར་ལ་ངོ་རྒོལ་ཕམ་ཉེས་བྱུང་ཡོད་ཅིང་། དེ་ནི་༼སྙིང་སྟོབས་ཆེན་པོ༽འམ་དབྱིན་སྐད་དུ་(Brave Heart) ཞེས་པའི་གློག་བརྙན་ནང་གི་བྱུང་རབས་དེ་ཆགས་ཡོད་པ་རེད།

གསར་འགོད་པ། བནྡེ་སྐྱབས

ཁ་སང་ཕྱི་ཚེས་ ༡༤ ཉིན་གྱི་ཐེ་ཝན་སྲིད་འཛིན་འོས་བསྡུའི་འགྲན་རྩོད་ཁྲོད། གོ་མིན་ཏང་ཚོགས་པའི་སྲིད་འཛིན་འོས་མི་མཱ་ཡན་ཅཱིག་ལ་འོས་ཤོག་གྲངས་ ༦༨༩༡༡༣༩ ཐོབ་སྟེ་སྤྱིའི་གྲངས་འབོར་གྱི་བརྒྱ་ཆ་ ༥༡་༦ དང་། དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་ཚེ་ཡཱན་ཝུན་ལ་འོས་ཤོག་གྲངས་༦༠༩༣༥༧༨ ཐོབ་སྟེ་སྤྱིའི་གྲངས་འབོར་གྱི་བརྒྱ་ཆ་ ༤༥་༦༣ དང་། མི་དམངས་ཚོགས་པའི་སྲིད་འཛིན་འོས་མི་སུང་ཁྲུའུ་ཡུས་ལ་འོས་ཤོག་གྲངས་ ༣༦༩༥༨༨ ཐོབ་སྟེ་སྤྱིའི་གྲངས་འབོར་གྱི་བརྒྱ་ཆ་༢་༧༧  བཅས་ཐོབ་སྟེ། སྲིད་འཛིན་འོས་བསྡུའི་རྒྱལ་ཁ་གོ་མིན་ཏང་ཚོགས་པའི་སྲིད་འཛིན་འོས་མི་མཱ་ཡཱན་ཅཱིག་ལ་ཐོབ་ཡོད་པ་རེད། འོས་ཤོག་གྲངས་བཤེར་ཡོངས་སུ་མཇུག་སྒྲིལ་རྗེས། མཱ་ཡན་ཅཱིག་གིས་སྲིད་འཛིན་འོས་བསྡུའི་རྒྱལ་ཁའི་གསར་འགོད་ལྷན་ཚོགས་བསྐངས་ཏེ་གསར་འགོད་པའི་དྲི་བར་ལན་འདེབས་དང་། རྒྱབ་སྐྱོར་གནང་མཁན་མི་མང་ལ་ཐུག་འཕྲད་ཀྱིས་རྒྱལ་ཁའི་གཏམ་བཤད་བྱས་ཡོད་པ་དང་། དེ་བཞིན། ཚེ་ཡཱན་ཝུན་དང་སུའུ་ཁྲུའུ་ཡུས་གཉིས་ཀྱིས་ཀྱང་སོ་སོར་རྒྱབ་སྐྱོར་བྱེད་མཁན་མི་མང་ལ་ཐུག་འཕྲད་ཀྱིས་སེམས་གསོའི་གཏམ་བཤད་དང་། སྲིད་འཛིན་འོས་བསྡུའི་འགྲན་རྩོད་ཁྲོད་ཕམ་ཉེས་བྱུང་བའི་གསར་འགོད་ལྷན་ཚོགས་བསྐངས་ཏེ་གསར་འགོད་པའི་དྲི་བར་ལན་འདེབས་བྱས་ཡོད་པ་མ་ཟད། དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་ཚེ་ཡཱན་ཝུན་གྱིས་ཐེངས་འདིའི་འོས་བསྡུའི་ཁྲོད་ཕམ་ཉེས་བྱུང་བའི་ཁག་འགན་ཆ་ཚང་རང་ཉིད་ཀྱིས་འགན་ལེན་གནང་སྟེ།  དམངས་གཙོ་ཡར་ཐོན་ཚོགས་པའི་ཚོགས་གཙོའི་ལས་གནས་ནས་དགོངས་ཞུ་ཞུས་ཡོད་པ་རེད། 

ཐེངས་འདིའི་ཐེ་ཝན་སྲིད་འཛིན་འོས་བསྡུའི་རྒྱལ་ཁ་མཱ་ཡན་ཅཱིག་ལ་ཐོབ་མ་ཐག ཨ་རིའི་སྲིད་འཛིན་ཨོ་བྷ་མས་གཏམ་བཤད་ཅིག་སྤེལ་ཏེ།   མཱ་ཡན་ཅཱིག་བསྐྱར་དུ་སྲིད་འཛིན་ལ་འདེམས་ཐོན་བྱུང་བར་འཚམས་འདྲི་དང་། ཐེ་ཝན་མི་མང་གིས་ཐེངས་འདིའི་སྲིད་འཛིན་དང་ཁྲིམས་བཟོ་ལྷན་ཚོགས་ཀྱི་འོས་མི་འདེམས་བསྐོ་ལེགས་འགྲུབ་བྱུང་བར་རྟེན་འབྲེལ་ཞུས་ཡོད་པ་མ་ཟད། ཐེངས་འདིའི་འོས་བསྡུ་བརྒྱུད་ཐེ་ཝན་གྱི་དམངས་གཙོའི་ལམ་ལུགས་སྔར་ལས་སྲ་བརྟན་དང་གསོན་ཤུགས་ལྡན་པ་གསལ་འདོན་བྱས་ཡོད་ལ། ཨ་རིའི་གཞུང་གིས་མུ་མཐུད་དུ་ཐེ་ཝན་ལ་མཉམ་འབྲེལ་བྱས་ཏེ། བཟོ་ཚོང་རྒྱ་བསྐྱེད་དང་མ་དངུལ་གཏོང་འཇོག་སོགས་ཕྱོགས་གཉིས་ཀྱི་ཁེ་ཕན་ཡར་རྒྱས་སུ་གཏོང་རྒྱུ་ཡིན་པ་མ་ཟད། ཨ་རི་དང་ཐེ་ཝན་མི་དམངས་བར་གྱི་འབྲེལ་བའི་རྨང་གཞི་ནི་ཕྱོགས་གཉིས་ཀྱི་ཁེ་ཕན་དང་། རང་དབང་དམངས་གཙོའི་རིན་ཐང་ལྟ་གྲུབ་ཐད་ཀྱི་སྤྱི་མཐུན་འགན་ལེན་བཅས་ཡིན་སྐོར་བརྗོད་འདུག 

ཐེ་ཝན་སྲིད་འཛིན་མཱ་ཡན་ཅཱིག་ལ་བསྐྱར་དུ་སྲིད་འཛིན་འོས་བསྡུའི་རྒྱལ་ཁ་ཐོབ་རྗེས། ཁོས་རང་ཉིད་ལ་རྒྱབ་སྐྱོར་གནང་མཁན་ཚོར་ཐུག་འཕྲད་གཏམ་བཤད་དང་སྲིད་འཛིན་འོས་བསྡུའི་རྒྱལ་ཁའི་གསར་འགོད་ལྷན་ཚོགས་བསྐངས་ཡོད་པ་དང་། སྐབས་དེར་མཱ་ཡན་ཅཱིག་གིས། “འདི་ནི་ང་རང་མི་སྒེར་གྱི་རྒྱལ་ཁ་མ་ཡིན་པར། ཐེ་ཝན་མི་དམངས་ཀྱི་རྒྱལ་ཁ་རེད། ཐེ་ཝན་མི་དམངས་ཀྱིས་ང་ལ་འབྱུང་འགྱུར་ལོ་ ༤ རིང་བསྐྱར་དུ་སྲིད་སྐྱོང་བཅོས་སྒྱུར་གྱི་བཀའ་དབང་བསྩལ་བ་ཞིག་རེད།  ངས་མི་དམངས་ཀྱི་རེ་འདུན་དེ་ཆུད་ཟོས་སུ་གཏོང་མི་སྲིད། རྒྱབ་སྐྱོར་བ་ཚང་མས་མཚན་གཅིག་ལ་དགའ་མགུ་བྱས་པ་ཙམ་གྱིས་འགྲིག་འདུག དམངས་གཙོ་ཡར་ཐོན་ཚོགས་པ་དང་མི་དམངས་ཚོགས་པ་གཉིས་ཀྱིས་ཀྱང་ཐེ་ཝན་ལ་གཅིག་མཚུངས་ཀྱི་སེམས་ཁུར་དང་འགན་ལེན་བྱེད་བཞིན་ཡོད་པ་རེད། ངས་འདིར་ཚོགས་པ་གཉིས་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།” ཞེས་བརྗོད་དེ། འོས་བསྡུའི་འགྲན་རྩོད་ཀྱི་བརྒྱུད་རིམ་ཁྲོད་ཚེ་ཡཱན་ཝུན་དང་སུང་ཁྲུའུ་ཡུས་གཉིས་ཀྱིས་རིན་ཐང་ལྡན་པའི་སྐྱོན་བརྗོད་གནང་བ་དེ་དག་ལ་བསམ་ཞིབ་དང་། མ་འོངས་པར་སྐྱོན་སྤོང་ལེགས་སྤེལ་གྱི་ཐོག་ནས་ཐེ་ཝན་ལ་ཞི་བདེ་ཡར་ཐོན་གྱི་ཁོར་ཡུག་ཅིག་བསྐྲུན་རྒྱུ་ཡིན་ལ། རྒྱལ་སྤྱིའི་སྤྱི་ཚོགས་དང་འབྲེལ་ལམ་རྒྱ་ཆེ་རུ་བཏང་སྟེ། ཐེ་ཝན་མི་དམངས་རྣམས་རང་བཀུར་བརྩི་མཐོང་ལྡན་པའི་ཐོག་ནས་འཛམ་གླིང་གང་སར་ལྟ་སྐོར་དང་། འཛམ་གླིང་གི་གཞུང་ལམ་སོ་སོའི་ཐོག་མགོ་བོ་མཐོན་པོར་བཏེགས་ཏེ་བསྐྱོད་ཐུབ་པ་ཞིག་མངོན་འགྱུར་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།

དམངས་གཙོ་ཡར་ཐོན་ཚོགས་པའི་ཚོགས་གཙོ་ཚེ་ཡཱན་ཝུན་གྱིས་ཀྱང་། ཐེངས་འདིའི་སྲིད་འཛིན་འོས་བསྡུའི་ཁྲོད་ཕམ་ཉེས་བྱུང་པའི་ཐད་ནས་རྒྱབ་སྐྱོར་བ་རྣམས་ལ་ཐུག་འཕྲད་ཀྱིས་སེམས་གསོའི་གཏམ་བཤད་དང་། གསར་འགོད་ལྷན་ཚོགས་བསྐངས་ཏེ་འོས་བསྡུའི་ཁྲོད་ཕམ་ཉེས་བྱུང་བ་གསལ་བསྒྲགས་བྱས་ཡོད་པ་རེད། ཚེ་ཡཱན་ཝུན་གྱིས་གསར་འགོད་ལྷན་ཚོགས་སྟེང་། “ ང་ཚོས་འོས་བསྡུའི་འགྲན་རྩོད་ཁྲོད་ཕམ་ཉེས་བྱུང་བ་ངོས་ལེན་དང་། ཐེ་ཝན་མི་དམངས་ཀྱི་ཐེངས་འདིའི་འོས་བསྡུའི་ཁྲོད་ཀྱི་གདམས་ཀར་གུས་བརྩི་དང་ལེན་བྱ་རྒྱུ་ཡིན་ལ། དེ་བཞིན། སྲིད་འཛིན་མཱ་ཡན་ཅཱིག་ལའང་རྟེན་འབྲེལ་ཞུ།” ཞེས་བརྗོད་དེ། སྲིད་འཛིན་མ་ཡཱན་ཅཱིག་གིས་འབྱུང་འགྱུར་ལོ་བཞིའི་ནང་མི་དམངས་ཀྱི་བསམ་འདུན་ལ་ཉན་ཞིབ་ཡག་པོ་གནང་སྟེ་བློ་སེམས་བརྟན་པོའི་ཐོག་ནས་སྲིད་སྐྱོང་གནང་རྒྱུ་དང་། མི་དམངས་ཚང་མར་དྲང་སྙོམས་ཀྱི་ལྟ་སྐྱོང་བྱས་ཏེ་ཐེ་ཝན་མི་དམངས་ཀྱི་རེ་བཅོལ་ཆུད་ཟོས་སུ་མི་གཏོང་བའི་སྐུལ་འདེད་བྱས་པ་མ་ཟད། མཚོ་འགག་གཉིས་ཀྱི་འབྲེལ་བ་ནི་ཧ་ཅང་རྙོག་འཛིང་ཆེ་སྟབས། གནད་དོན་དེའི་ཐད་ཐེ་ཝན་ལ་སྤྱི་མོས་ཀྱི་ངོས་འཛིན་ཞིག་དགོས་ངེས་ཡིན་ལ། གལ་སྲིད་སྤྱི་མོས་ཀྱི་ངོས་འཛིན་ཞིག་གཏན་འབེབས་བྱ་མ་ཐུབ་ཚེ། མཚོ་འགག་གནད་དོན་ནི་ཐེ་ཝན་ཁ་བྲལ་དང་ཕན་ཚུན་ཁ་གཏད་ཀྱི་འབྱུང་རྩར་འགྱུར་ཉེན་ཆེ་བ་གསལ་འདེབས་བྱས་ཡོད་པ་རེད།

ཚེ་ཡཱན་ཝུན་གྱིས་འོས་བསྡུའི་ཁྲོད་རྒྱབ་སྐྱོར་གནང་མཁན་མི་མང་ལ་སེམས་གསོའི་ཐུག་འཕྲད་སྐབས། ཐེངས་འདིའི་འོས་བསྡུའི་འགྲན་རྩོད་ཁྲོད་ཕམ་ཉེས་བྱུང་བའི་ཁག་འགན་ཆ་ཚང་ཁོ་མོས་འགན་ལེན་བྱས་ཏེ། དམངས་གཙོ་ཡར་ཐོན་ཚོགས་པའི་ཚོགས་གཙོའི་ལས་གནས་ནས་དགོངས་ཞུ་གནང་རྒྱུ་ཡིན་པ་གསལ་བསྒྲགས་དང་། དེ་བཞིན་ཁོ་མོས་རྒྱབ་སྐྱོར་བ་རྣམས་ལ་སེམས་གསོ་དང་སྦྲགས།  “ཐེ་ཝན་ལ་དུས་ནམ་ཡང་ཁ་གཏད་ཀྱི་འབོད་སྒྲ་དང་དྲང་སྙོམས་ཀྱི་སྟོབས་ཤིག་འདི་མེད་དུ་མི་རུང་བ་ཆགས་ཡོད། ཁྱེད་ཚོ་ཚང་མར་ཡིད་སྐྱོ་སེམས་སྡུག་ཡོད་པ་ངས་ཚོར་ཐུབ་ཀྱི་འདུག  སོ་སོའི་སེམས་ནང་གི་སྐྱོ་ཚོར་ཡོད་ཚད་ཕྱི་ལ་བཏོན་ཏེ། དོ་དགོང་ཁྱེད་ཚོས་མིག་ཆུ་འདོན་ཆོག་གི་རེད། འོན་ཀྱང་།  བློ་སྟོབས་ཉམས་ཆོག་གི་མ་རེད། ཁྱེད་ཚོར་སྐྱོ་ཚོར་སྐྱེས་ཆོག་གི་རེད། འོན་ཀྱང་། བློས་གཏོང་བྱེད་ཆོག་གི་མ་རེད།” ཅེས་བརྗོད་ཡོད་པ་རེད།  

ཐེངས་འདིའི་ཐེ་ཝན་སྲིད་འཛིན་འོས་བསྡུའི་ཐད་ཨ་རི་དང་རྒྱ་ནག་གཉིས་གཙོས་པའི་འཛམ་གླིང་རྒྱལ་ཁབ་ཁག་མང་པོས་དོ་སྣང་ཤུགས་ཆེན་པོ་བྱས་ཡོད་པ་དང་།   རྒྱལ་སྤྱིའི་གསར་འགོད་པ་ ༦༠༠ ལྷག་གིས་ཐེ་ཝན་གྱི་སྲིད་འཛིན་འོས་བསྡུའི་གནས་ཚུལ་འཛམ་གླིང་ལ་དུས་ཐོག་བསྒྲགས་ཡོད་པ་མ་ཟད། རྒྱ་ནང་གི་དྲ་རྒྱ་ཁག་ཏུའང་དེའི་སྐོར་གྱི་གནས་ཚུལ་དང་བརྙན་རིས་སོགས་མང་པོ་བརྒྱུད་འགོད་ཤུགས་ཆེན་པོ་བྱུང་ཡོད་སྟབས། སྤྱི་ཚོགས་དཔྱད་བརྗོད་པ་མང་པོས་ཐེངས་འདིའི་ཐེ་ཝན་སྲིད་འཛིན་འོས་བསྡུའི་རྒྱ་ནག་མང་ཚོགས་ཁྲོད་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད་འདུག

ཉེ་ལམ་ཨེ་རན་ནང་གི་དབྱིན་ཇིའི་གཞུང་ཚབ་ཁང་ལ་གཏོར་རྒོལ་ཐེབས་རྗེས། དབྱིན་གཞུང་གིས་ཨེ་རན་ནང་གི་དབྱིན་ཇིའི་གཞུང་ཚབ་ཕྱིར་འཐེན་དང་། ཆུ་ཚོད་ ༢༤ ནང་དབྱིན་ཡུལ་གྱི་ཨེ་རན་གཞུང་ཚབ་ཕྱིར་འཐོན་དགོས་པའི་ཐག་གཅོད་བྱས་ཡོད་ཅིང་། རྒྱལ་ཁབ་གཞན་ཁག་ཅིག་གིས་ཀྱང་ཨེ་རན་དང་ཕྱི་འབྲེལ་མཚམས་འཇོག་བྱེད་ཀྱི་ཡོད་ཀྱང་། རྒྱ་ནག་གིས་གོ་སྐབས་བཟུང་སྟེ་ཨེ་རན་ཕྱོགས་ནས་ཁེ་བཟང་ལེན་རྒྱུར་འབད་ཀྱིན་ཡོད་འདུག

ཕྱི་ཟླ་ ༡༡ ཚེས་ ༢༩ ཉིན་ཨེ་རན་རྒྱལ་ས་ཊེ་རན་(Tehran) ནང་མི་མང་བརྒྱ་ཕྲག་འགའ་འདུས་ཏེ་དབྱིན་ཇིའི་གཞུང་ཚབ་སྟེང་དྲག་རྒོལ་གྱིས་གཞུང་ཚབ་ཁང་དང་ལས་བྱེད་ཀྱི་སྡོད་ཁང་བཅས་ལ་གཏོར་སྐྱོན་བཏང་ཞིང་།  དབྱིན་ཇིའི་རྒྱལ་དར་དང་གཞུང་ཚབ་ཁང་གི་རླངས་འཁོར་སོགས་མེར་བསྲེགས་བཏང་ཡོད་ལ།དབྱིན་ཇིའི་གཞུང་ཚབ་ཨེ་རན་ནས་ཕྱིར་འཕུད་གཏོང་དགོས་པའི་སྐད་འབོད་བྱས་ཡོད་ཅིང་། སྐབས་དེར་དབྱིན་ཇིའི་གཞུང་ཚབ་དང་ལས་བྱེད་རྣམས་གཞུང་ཚབ་ཁང་གི་སྟག་སྒོ་བརྒྱུད་ཕྱིར་བྲོས་ཡོད་འདུག མི་མང་སྐོར་ཞིག་ཨེ་རན་གྱི་ཁཱོ་ལཀ་ཁྲོང་ཁྱེར་ནང་ཡོད་པའི་དབྱིན་ཇིའི་གཞུང་ཚབ་ཡན་ལག་ལས་ཁུངས་ཤིག་ཡོད་པ་དེར་ཡང་ཕར་རྒོལ་གྱིས་གཏོར་སྐྱོན་བཏང་ཡོད་འདུག དེ་ནི་ཨེ་རན་གྲོས་ཚོགས་ནང་དབྱིན་གཞུང་དང་ཕྱི་འབྲེལ་ཇེ་ཉུང་དུ་གཏོང་རྒྱུར་མང་མོས་ཐག་གཅོད་བྱས་རྗེས་བྱུང་པ་ཞིག་ཡིན་འདུག

དོན་རྐྱེན་བྱུང་རྗེས་དབྱིན་ཇིའི་སྲིད་བློན་ཁཱ་མེ་རོན་གྱིས་ཨེ་རན་ནང་གི་དབྱིན་ཇིའི་གཞུང་ཚབ་སྟེང་མི་མང་གིས་རྒོལ་གཏོར་བཏང་བར་ཨེ་རན་གཞུང་གིས་འགོག་སྲུང་ནན་མོ་མ་བྱས་པ་དེ་ནི་ངོ་གནོང་དགོས་པའི་གནད་དོན་ཞིག་ཡིན་པ་དང་། དོན་རྐྱེན་དེའི་ཐད་ཨེ་རན་གཞུང་རྒྱལ་སྤྱིའི་ཕྱི་འབྲེལ་ཁྲིམས་གཞི་དང་འགལ་ཡོད་སྟབས། མཇུག་འབྲས་ཚབ་ཆེན་ཡོང་ངེས་པའི་ཉེན་བརྡ་བཏང་ཡོད་ལ། ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་ཡུ་རོ་མཐུན་ཚོགས། རྒྱལ་ཚོགས་བདེ་འཇགས་ལྷན་ཁང་། འཇར་མན། ཧྥ་རན་སི། རཱ་ཤི་ཡ་སོགས་ཀྱིས་ཀྱང་ཨེ་རན་གཞུང་ལ་སྐྱོན་བརྗོད་བྱས་ཡོད་པ་རེད། དོན་རྐྱེན་དེའི་ཐད་ཨེ་རན་གཞུང་གིས་བློ་ཕམ་ཆེན་པོ་ཡོད་ཚུལ་དང་། ཕར་རྒོལ་བྱེད་མཁན་ཚོར་ཉེས་ཆད་གཏོང་ངེས་ཡིན་ལུགས་བརྗོད་ཡོད་ཀྱང་། དབྱིན་ཇིའི་ཕྱི་སྲིད་བློན་ཆེན་གྱིས་གཞུང་ཚབ་ལ་ཕར་རྒོལ་བྱེད་མཁན་ཚོའི་རྒྱ་དུ་སྲིད་གཞུང་གི་དཔོན་རིགས་ཡོད་པ་དང་། གཞུང་ཚབ་ལས་བྱེད་དང་དོན་གཅོད་སོགས་ཀྱི་ལས་ཤག་ལ་གཏོར་ཤིག་དང་།གཞུང་ཚབ་ཁང་ལ་མེ་སྒྲོན་པ། གཞུང་ཚབ་ཁང་གི་རྒྱུ་དངོས་རྐུ་འཁྱེར་སོགས་བྱས་ཡོད་པར་བརྗོད་འདུག

ཕྱི་ཟླ་ ༡༡ ཚེས་ ༣༠ ཉིན་དབྱིན་ཇིའི་གྲོས་ཚོགས་ནང་ཕྱི་སྲིད་བློན་ཆེན་ཝེ་ལེམ་(William Hague) གྱིས་ཨེ་རན་ནང་གི་དབྱིན་ཇིའི་གཞུང་ཚབ་དང་ལས་བྱེད། ཁོང་ཚོའི་ནང་མི་བཅས་ཕྱིར་འཐེན་བྱས་ཡོད་པ་མ་ཟད། ཆུ་ཚོད་ ༤༨ ནངདབྱིན་ཇིའི་རྒྱལ་ས་ལོན་ཌོན་གྱི་ཨེ་རན་གཞུང་ཚབ་དང་ལས་བྱེད་རྣམས་དབྱིན་ཡུལ་ནས་ཕྱིར་ཐོན་དགོས་པའི་ཁྱབ་བསྒྲགས་བྱས་ཡོད་ལ། རྒྱལ་ཁབ་གང་ཞིག་གིས་གནད་དོན་འདི་ལ་འགོག་རྐྱེན་དང་ཁོང་ཚོའི་རྒྱལ་ཁོངས་སུ་ཡོད་པའི་དབྱིན་ཇིའི་གཞུང་ཚབ་ལ་དཀའ་ངལ་སྤྲད་ཚེ། རྒྱལ་ཁབ་དེའི་གཞུང་ཚབ་དབྱིན་ཡུལ་དུ་གནས་རྒྱུར་རེ་བ་མ་བྱེད་ཅེས་བསྒྲགས་འདུག ཉིན་དེར་འཇར་མན་དང་ཧྥ་རན་སི། ནེ་ཐཱར་ལན་ཌི་བཅས་ཀྱིས་ཨེ་རན་ནང་གི་སོ་སོའི་གཞུང་ཚབ་དག་ལ་ཛ་དྲག་གི་ཚོགས་འདུ་འཚོགས་དགོས་སྐོར་བརྗོད་ཅིང་། ནོར་ཝེ་གཞུང་གིས་གནས་སྐབས་རིང་ཨེ་རན་ནང་གི་གཞུང་ཚབ་སྒོ་བརྒྱབ་ཡོད་འདུག

ཨེ་རན་ནང་གི་དོན་རྐྱེན་དེ་དང་འབྲེལ་ཏེ་ཡུ་རོ་མཐུན་ཚོགས་ཀྱི་བློན་ཆེན་ལྷན་ཚོགས་ནང་། ཡུ་རོ་མཐུན་ཚོགས་ཀྱི་ཁོངས་མི་རྣམས་རྒྱལ་སྤྱིའི་སྲིད་གཞུང་གཞན་དག་དང་མཉམ་འབྲེལ་ཐོག ཨེ་རན་གྱི་རྡུལ་ཕྲན་མཚོན་ཆའི་ལས་གཞིར་འགོག་རྒོལ་བྱ་ཕྱིར་ཨེ་རན་གྱི་སྐྱེལ་འདྲེན་ཚོང་ལས་སྡེ་ཚན་དང་(Transport sector) དང་ནུས་ཤུགས་སྡེ་ཚན་(energy sector) བཅས་དམིགས་འབེན་གཙོ་བོར་བཟུང་སྟེ། ཨེ་རན་གྱི་དཔལ་འབྱོར་སྲིད་ཇུས་སྟེང་གནོན་ཤུགས་སྤྲོད་རྒྱུའི་གྲོས་གཞི་བཏོན་ཡོད་ཀྱང་།  ཡུ་རོ་རྒྱལ་ཁབ་ཁག་ཅིག་གིས་ཨེ་རན་གྱི་རྡོ་སྣུམ་དབོར་འདྲེན་མཚམས་འཇོག་བྱ་རྒྱུར་ངོས་ལེན་མ་བྱས་སྟབས། གྲོས་དོན་དེ་ཐག་གཅོད་བྱུང་ཐུབ་མེད་པ་དང་། གནད་དོན་དེའི་ཐད་དཔྱད་བརྗོད་པ་དག་གིས་ནུ་ཕྱོགས་རྒྱལ་ཁབ་ཁག་གིས་ཨེ་རན་དང་ཚོང་འབྲེལ་མཚམས་འཇོག་བྱས་པ་དེས། ཨ་རི་དང་དབྱིན་ཇི་སོགས་འབྱོར་ལྡན་རྒྱལ་ཁབ་དག་ལ་ཤུགས་རྐྱེན་ཆེཐེབས་མི་སྲིད་ཀྱང་། ཡུ་རོ་གླིང་གི་དཔལ་འབྱོར་སྐྱོ་བོའི་རྒྱལ་ཁབ་དག་ལ་ཨེ་རན་གྱི་ཕྱི་འབྲེལ་བརྒྱུད་རྡོ་སྣུམ་དབོར་འདྲེན་གྱི་ལས་གཞི་མཚམས་འཇོག་བྱས་པ་དེས་གྱོང་གུད་ཆེན་པོ་རག་རྒྱུ་ཡིན་ཚུལ་བརྗོད

ཨེ་རན་ནང་ཡོད་པའི་དབྱིན་ཇིའི་གཞུང་ཚབ་སྟེང་དྲག་རྒོལ་བྱས་པའི་རྒྱུ་རྐྱེན་ནི། ཕྱི་ཟླ་ ༡༡ པའི་ཚེས་མགོར་རྒྱལ་ཚོགས་རྡུལ་ཕྲན་ཞིབ་བཤེར་སྡེ་ཚན་(UN nuclear watchdog) གྱིས་ཨེ་རན་གཞུང་གིས་རྒྱལ་སྤྱིའི་ཁྲིམས་གཞིར་རྩིས་མེད་ཀྱིས་གསང་པའི་ཐོག་རྡུལ་ཕྲན་མཚོན་ཆའི་ལས་གཞི་རྒྱ་སྐྱེད་བྱེད་ཀྱི་ཡོད་པའི་སྙན་ཐོ་ཞིག་ཕྱིར་བསྒྲགས་བྱས་རྗེས། ཨ་རི་དང་ཁེ་ནཱ་ཌ། དབྱིན་གཞུང་བཅས་ཀྱིས་ཨེ་རན་ལ་སྐྱོན་བརྗོད་དང་ཨེ་རན་གྱི་དབུས་དངུལ་ཁང་གི་ལས་དོན་ཐོག་དམ་དྲག་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་པ་མ་ཟད། དབྱིན་ཇི་གཞུང་གིས་ཨེ་རན་དང་འབྲེལ་བ་ཡོད་པའི་དབྱིན་ཇིའི་དངུལ་ཁང་ཚང་མ་མཚམས་འཇོག་བྱས་པར།ཨེ་རན་གྲོས་ཚོགས་ནང་གླེང་སློང་ཤུགས་ཆེ་བྱུང་སྟེ་དབྱིན་གཞུང་དང་ཕྱི་འབྲེལ་སྲིད་ཇུས་ཇེ་ཉུང་དུ་གཏོང་རྒྱུར་མང་མོས་ཐག་གཅོད་བྱུང་ཡོད་སྟབས། མི་མང་གིས་དབྱིན་ཇི་གཞུང་ཚབ་སྟེང་དྲག་རྒོལ་བྱས་ཡོད་ཅིང་། དྲག་རྒོལ་པའི་ཁྲོད་ཀྱི་མི་མང་ཆེ་བ་དམག་སྦྱོང་སློབ་གྲྭའི་སློབ་མ་ཡིན་འདུག

རྒྱལ་སྤྱིའི་ཆབ་སྲིད་དཔྱད་བརྗོད་པ་དག་གིས་ཨ་རི་དང་དབྱིན་གཞུང་གཉིས་ཀྱིས་ཨེ་རན་ཐོག་དཔལ་འབྱོར་སྲིད་ཇུས་དམ་དྲག་བྱས་པ་དེས་སྲིད་གཞུང་གཞན་དག་ཀྱང་ཨེ་རན་དང་མཉམ་དུ་ཚོང་འབྲེལ་བྱ་རྒྱུར་དཀའ་ངལ་འཕར་མ་ཞིག་བཟོས་ཡོད་ཀྱང་། རྒྱ་ནག་གིས་ཨེ་རན་དང་མཉམ་དུ་ཚོང་འབྲེལ་ཤུགས་ཆེ་རུ་བཏང་སྟེ་རྒྱ་ནག་ལ་རྡོ་སྣུམ་སྐྱེལ་འདྲེན་དང་རྒྱ་ནག་གི་བཟོ་ལས་ཐོན་རྫས་ཨེ་རན་ནང་གཏོང་པའི་ལས་གཞི་རྒྱ་རུ་གཏོང་བཞིན་ཡོད་པ་དང་། བྷི་བྷི་སིའི་རྒྱལ་སྤྱིའི་ཕྱི་འབྲེལ་དཔྱད་ཞིབ་པ་མར་ཁུ་སི་(Jonathan Marcus)ཡིས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་མགོ་ཁྲིད་ཚོས་ཨེ་རན་ལ་གནོན་ཤུགས་སྤྲོད་བཞིན་པར་རྒྱུ་མཚན་གཙོ་བོ་གཉིས་ཀྱི་ཐད་ནས་གླེང་གི་ཡོད་པ་རེད། དང་པོ། ཨེ་རན་གྱི་ཚོང་ལས་ཚུད་པའི་ཕྱི་འབྲེལ་སྲིད་ཇུས་ཐད་གནོན་ཤུགས་སྤྲད་དེ་རྡུལ་ཕྲན་མཚོན་ཆའི་ལས་གཞི་བཀག་འགོ་བྱ་རྒྱུ་དང་། གཉིས་པ། རྒྱལ་ཁབ་གཞན་ནང་ཡོད་པའི་ཨེ་རན་གྱི་ཚོང་ལས་སྡེ་ཚན་དང་ཚོང་པ་སྒེར་པ་རྣམས་ཀྱི་ཚོང་ལས་སྒོ་རྒྱག་གི་འཇུག་ཅིང་། རྒྱལ་ཁབ་ཕན་ཚུན་བར་འགྲོ་སྐྱོད་དང་ཚོང་ལས་བྱེད་མ་བཅུག་ཚེ། ཁོང་ཚོས་ཨེ་རན་གཞུང་ལ་གནད་དོན་དེར་གྲོས་མོལ་ཐག་གཅོད་བྱ་དགོས་པའི་སྐུལ་མ་བྱ་རྒྱུ་བཅས་ལ་དམིགས་ཡོད་པར་བརྗོད་འདུག

༡༩༧༩ ལོར་ཨེ་རན་གསར་བརྗེ་བྱུང་རྗེས་དབྱིན་ཇི་དང་ཨེ་རན་བར་གྱི་ཕྱི་འབྲེལ་གནས་བབ་ཧ་ཅང་སྐྱོ་བོར་གྱུར་ཡང་། ཕྱི་ལོ་ ༡༩༨༨ ལོ་ནས་རྒྱལ་ཁབ་གཉིས་བར་བསྐྱར་དུ་ཕྱི་འབྲེལ་བྱུང་ཡོད་པ་དང་། ༡༩༩༩ ལོ་ནས་རྒྱལ་ཁོངས་ཕན་ཚུན་ནང་གཞུང་ཚབ་བཙུགས་ཏེ་ཕྱི་འབྲེལ་གོང་འཕེལ་ཆེ་ཆེར་ཕྱིན་ཡོད། ༢༠༠༩ ལོར་ཨེ་རན་གྱི་རྡུལ་ཕྲན་མཚོན་ཆའི་ལས་གཞི་ལ་དབྱིན་གཞུང་གིས་ངོ་རྒོལ་བྱས་ཏེ། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་བསྐྱར་དུ་ཛ་དྲག་ཏུ་གྱུར་ཡོད།

ཟླ་འདིའི་ཕྱི་ཚེས་༢༣ཉིན་སོའོ་ཌེ་ཨ་རབ་(Saudi Arabia) ཀྱི་བར་འདུམ་འོག ཡེ་མན་(Yemen)སྲིད་འཛིན་སཱ་ལེ་(Ali Abdullah Saleh) ཡིས་སྲིད་དབང་རྩིས་སྤྲོད་བྱ་རྒྱུའི་ཁས་ལེན་མཚན་རྟགས་བཀོད་ཡོད་ཅིང་། སོའོ་ཌེ་ཨ་རབ་ཀྱི་བར་འདུམ་འོག་རྗེས་ཕྱོགས་སྲིད་འཛིན་ཁོང་ལ་ནག་ཉེས་མི་ཡོང་པའི་གན་རྒྱ་ཡང་བཞག་འདུག་ལ།འབྱུང་འགྱུར་ཟླ་གསུམ་ནང་ཡེ་མན་རྒྱལ་ཡོངས་འོས་བསྡུ་བྱ་རྒྱུའི་ཐག་གཅོད་ཀྱང་བྱས་འདུག

ཡེ་མན་སྲིད་འཛིན་གྱིས་སྲིད་དབང་རྩིས་སྤྲོད་བྱ་རྒྱུའི་ཐག་གཅོད་བྱུང་འཕྲད། ཨ་རིའི་སྲིད་འཛིན་ཨོ་བྷ་མས་ལོ་༣༣རིང་སྲིད་དབང་སྒེར་འཛིན་བྱེད་མཁན་སཱ་ལེ་ཡིས་སྲིད་དབང་རྩིས་སྤྲོད་བྱ་རྒྱུར་ཁས་ལེན་བྱས་པ་དེ། ཡེ་མན་མི་མང་གིས་གང་མགྱོགས་ལག་བསྟར་གྱིས་དམངས་གཙོ་བཅོས་སྒྱུར་བྱ་དགོས་པའི་སྐུལ་མ་བཏང་ཡོད་འདུག ཨ་རི་ནི་མུ་མཐུད་ཡེ་མན་མི་མང་གི་ཕྱོགས་སུ་ལངས་ཏེ་ལོ་རྒྱུས་རང་བཞིན་གྱི་སྲིད་དབང་འཕོ་འགྱུར་ལ་རོགས་འདེགས་བྱ་རྒྱུ་ཡིན་ཞེས་བསྒྲགས་འདུག

སྲིད་འཛིན་སཱ་ལེ་ཡིས་ཁས་ལེན་མཚན་རྟགས་བཀོད་རྗེས། གྱེན་ལངས་པ་མང་པོས་མུ་མཐུད་སྲིད་འཛིན་སཱ་ལེ་ལ་རྗེས་ཕྱོགས་ནག་ཉེས་མི་ཡོང་པའི་གན་རྒྱ་བཞག་པ་དེ་ནི། བར་འདུམ་པ་དག་གིས་འདས་པའི་ཟིང་འཁྲུག་ཁྲོད་རྒྱལ་གཅེས་དཔའ་བོ་མང་པོའི་ཚེ་སྲོག་ཤོར་པའི་རིན་ཐང་རྩིས་མེད་བཏང་པ་ཞིག་ཡིན་པར་བསྒྲགས་ཏེ། རྒྱལ་ས་སཱ་ནཱ་(Sanna)ནང་ངོ་རྒོད་སྐད་འབོད་བྱས་པར་སྲིད་འཛིན་སཱ་ལེ་ཕྱོགས་གཏོགས་དམག་གིས་དྲག་གནོན་དང་། ངོ་རྒོལ་པ་མི་ ཙམ་ལ་མེ་མདའ་བརྒྱབ་སྟེ་དམར་གསོད་བཏང་ཡོད་འདུག

 

དེ་རིང་ཕྱི་ཚེས་ ༡༡ ཉིན་རྒྱ་གར་བྷོ་ལེ་ཝོ་ཌི་(Bollywood)གློག་བརྙན་འཁྲབ་སྟོན་པ་རན་བྷེར་ཀཱ་པོར་(Ranbir Kapoor) གྱིས་འཁྲབ་པའི་གློག་བརྙན་(Rockstar)ཞེས་པ་དབུ་འབྱེད་འགྲེམས་སྟོན་བྱས་ཡོད་ཅིང་། གློག་བརྙན་དེ་ཐོག་མར་བཟོ་སྐྲུན་བྱེད་སྐབས། གློག་བརྙན་གྱི་བར་མཚམས་ཤིག་ཏུ་དུས་ཐུང་རིང་“བོད་རང་བཙན” ( Free Tibet )ཞེས་བཀོད་པའི་འཕྲེད་དར་འཕྱར་ཀྱི་ཡོད་ཀྱང་། དེ་རིང་གློག་བརྙན་དེ་ཡོངས་ཁྱབ་ཏུ་དབུ་འབྱེད་འགྲེམས་སྟོན་གནང་སྐབས། (Tibet)ནག་གསུབ་བཏང་སྟེ་(Free)གཅིག་པུ་བཞག་ཡོད་འདུག

ཟླ་འདིའི་ཚེས་ ༦ ཉིན་རྒྱ་གར་གློག་བརྙན་ཞིབ་བཤེར་ལས་ཁུངས་ཀྱིས་གློག་བརྙན་དེའི་ནང་བོད་ཀྱི་རྒྱལ་དར་དང་བོད་རང་བཙན་གྱི་བརྗོད་ཚིག་འཁོད་པའི་འཕྲེད་དར་འཕྱར་གྱི་ཡོད་པ་དག་ཕྱིར་འཐེན་བྱ་དགོས་པའི་བཀའ་ཁྱབ་ཅིག་བཏང་ཡོད་ཅིང་། དེ་ལ་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཙོས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་ངོ་རྒོལ་ཤུགས་ཆེན་བྱས་ཡོད།  

གསར་འགོད་པས་ཁ་པར་བརྒྱུད་རྒྱ་གར་ལྷོ་ཕྱོགས་མུན་བྷེ་གྲོང་ཁྱེར་ནང་གནད་དོན་དེའི་ཆེད་ཕེབས་པའི་བོད་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་སུ་བཅར་འདྲི་ཞུས་པར། “ དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ སྟེང་གློག་བརྙན་དེ་དབུ་འབྱེད་འགྲེམས་སྟོན་བྱས་སོང་། ང་ཚོས་མུན་བྷེ་གྲོང་ཁྱེར་གྱི་གློག་བརྙན་ཁང་ཆེ་གྲས་(Cinemax)ཞེས་པར་བསྐྱོད་དེ་བལྟས་པ་ཡིན། སྤྱིར་གློག་བརྙན་དེའི་ནང་བོད་ཀྱི་རྒྱལ་དར་འཕྱར་བ་ཐེངས་མང་པོར་མཐོང་གི་འདུག་ལ། འཁྲབ་སྟོན་མི་སྣ་གཙོ་བོ་རཱམ་བྷེར་ཀ་པཱོར་(Ranbir Kapoor)ལགས་ཀྱི་སྟོད་གོས་སྟེང་། བོད་ཀྱི་རྒྱལ་དར་མཚོན་བྱེད་ཅིག་མགོ་ནས་མཇུག་བར་མཐོང་གི་འདུག འོན་ཀྱང་། ཐོག་མ་གློག་བརྙན་དེའི་བར་མཚམས་སུ་དབྱིན་ཡིག་ཐོག་བོད་རང་བཙན་འཁོད་པའི་འཕྲེད་དར་ཞིག་འཕྱར་གྱི་ཡོད་པ་དངོས་ཡོད་ཡིན་ཡང་། དེ་རིང་གློག་བརྙན་ཡོངས་ཁྱབ་ཏུ་གཏོང་སྐབས། བོད་ཅེས་པ་ནག་གསུབ་བཏང་སྟེ། རང་བཙན་ཞེས་པ་གཅིག་པུ་བཞག་འདུག” ཅེས་བརྗོད་བྱུང་།

ཚེས་  ཉིན་རྒྱ་གར་རྒྱལ་ཡོངས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་རྡོ་རྗེ་ཚེ་བརྟན་དང་། མུན་བྷེ་ས་གནས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་པ་སངས་བཀྲ་ཤིས། ངྷ་ས་ས་གནས་གཞོན་ནུའི་ཚོགས་གཙོ་བསྟན་འཛིན་བརྩོན་འགྲུས་སོགས་ཆེད་དུ་མུན་བྷེ་རུ་བསྐྱོད་དེ། རྒྱ་གར་གློག་བརྙན་ཞིབ་བཤེར་སྤྱི་ཁྱབ་ལས་ཁུངས་ཀྱི་འགན་འཛིན་ལྕམ་ཐཱ་ཀཱུར་(Smt. Pankaja Thakur)ལགས་དང་ཐུག་འཕྲད་ཀྱིས་གནད་དོན་དེའི་སྐོར་དྲིས་པར། གློག་བརྙན་ནང་བོད་རང་བཙན་གྱི་འཕྲེད་དར་འཕྱར་བ་དེ་གློག་བརྙན་གྱི་ནང་དོན་ལ་འབྲེལ་བ་མེད་པར་ཆབ་སྲིད་ལ་འབྲེལ་བ་ཆགས་ཀྱི་ཡོད་སྐོར་བརྗོད་ཡོད་པ་ལས། འཕྲེད་དར་རིགས་ཕྱིར་འཐེན་དང་ནག་གསུབ་གཏོང་དགོས་པའི་བཀའ་ཁྱབ་བཏང་མེད་ཚུལ་དང་། གལ་སྲིད་དེ་ལྟར་བྱུང་ཡོད་ཚེ་གློག་བརྙན་འཁྲབ་འཁྲིད་པ་ཨེམ་ཊའེ་ཛ་ལེ་(Imtiaz Ali) ཡི་ཐག་གཅོད་ཅིག་ཡིན་སྐོར་སོགས་བརྗོད་ཡོད་འདུག རྡོ་རྗེ་ཚེ་བརྟན་ལགས་ཀྱིས། གནད་དོན་དེ་ཁ་གསལ་བཟོ་ཕྱིར་གློག་བརྙན་ཁྲབ་འཁྲིད་པ་དང་འཁྲབ་མཁན་གཉིས་ལ་འབྲེལ་གཏུག་བྱ་རྒྱུར་ཐབས་ཤེས་སྣ་ཚོགས་བྱས་ཀྱང་། འབྲེལ་བ་བྱས་མ་སོང་ཞེས་བརྗོད་བྱུང་།

ཁ་སང་གཟའ་ཕུར་བུའི་ཉིན་མུན་བྷེ་རུ་གསར་འགོད་ལྷན་ཚོགས་བསྐྱངས་ཏེ། བོད་རང་བཙན་ལས་འགུལ་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས། རྒྱ་གར་གློག་བརྙན་ཞིབ་བཤེར་ཚན་པའི་བྱེད་སྟངས་དེ་ནི་རྒྱ་གར་མི་མང་གིས་༧གོང་ས་མཆོག་ལ་རྒྱབ་སྐྱོར་དང་དགའ་བོ་བྱེད་པའི་སྣང་བརྙན་ལ་གཏོར་བརླག་དང་། འདས་པའི་ལོ་ ༥༢ རིང་བོད་མི་ཚོ་རྒྱ་གར་ནང་སྐྱབས་བཅོལ་དུ་བསྡད་རིང་སྨྲ་བརྗོད་རང་དབང་ལ་འགོག་རྐྱེན ད་ལྟ་འགོ་རྐྱེན་འདི་རྒྱ་གར་གྱི་སྒྱུ་རྩལ་པ་ཚོར་ཡང་གཅིག་མཚུངས་སུ་སྤྲོད་ཀྱི་ཡོད་ཚུལ་བརྗོད་འདུགདེ་བཞིན རྒྱ་གར་རྒྱལ་ཡོང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ཀྱང་། རྒྱལ་ཁབ་ཕྱི་ནང་གི་བོད་མི་ཚོ་ལོ་  ཙམ་རིང་གློག་བརྙན་འདིར་རེ་བསྒུག་བྱས་མཐར། བོད་རང་བཙན གྱི་འཕྲེད་དར་ཕྱིར་འཐེན་དགོས་པའི་ཐག་གཅོད་བྱས་པ་དེས། བོད་མི་ཚོར་བློ་ཕམ་བཟོས་ཡོད་པ་དང་། ལྷག་པར་དུ་རྒྱ་གཞུང་གི་དྲག་གནོན་མ་བཟོད་པར་བོད་མི་ ༡༢ ཙམ་གྱིས་རང་ལུས་མེར་བསྲེགས་བཏང་པའི་ཛ་དྲག་གི་སྐབས་འདིར། རྒྱ་གར་དབུས་གློག་བརྙན་ཞིབ་བཤེར་ཚན་པས་ཀྱང་བཀའ་ཁྱབ་འདི་ལྟར་ཕེབས་པ་ནི་བཟོད་དཀའ་བ་ཞིག་ཡིན་ཚུལ་བརྗོད་འདུག  

ཕྱི་ཚེས་  ཉིན་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་རྒྱ་གར་དབུས་གློག་བརྙན་ཞིབ་བཤེར་ཚན་པའི་འགན་འཛིན་གྱི་མཚན་ཐོག་ལ་ཞུ་ཡིག་ཅིག་ཕུལ་ཏེ། ཐག་གཅོད་དེ་ནི་བོད་མི་ས་ཡ་དྲུག་གི་ཆེ་མཐོང་ལ་བརྩི་བཀུར་མ་བྱས་པ་དང་། དེ་བཞིན་རྒྱ་གར་གྱི་བྷོ་ལེ་ཝོ་ཌི་གློག་བརྙན་བཟོ་ལས་ཁང་གི་སྣང་བརྙན་དང་རང་དབང་ལ་གཏོར་སྐྱོན་བཟོས་པ། རྒྱ་གར་གློག་བརྙན་ཞིབ་བཤེར་ཚན་པ་དེ་ནི་རྒྱ་གར་དབུས་(Information and Broadcasting) ལྷན་ཁང་གི་ཁྱབ་ཁོངས་འོག་ཡོད་པ་ཞིག་ཡིན་པས། རྒྱ་གར་རྩ་ཁྲིམས་ཀྱི་དགོངས་དོན་འོག་འགྲོ་དགོས་པས་བཀའ་ཁྱབ་དེར་བསྐྱར་ཞིབ་དགོས་པའི་འབོད་སྐུལ་ཞུས་འདུག

གསར་འགོད་པས་བུད་མེད་ལྷན་ཚོགས་ཀྱི་ཉམས་ཞིབ་པ་ཤར་གླང་ཟླ་སྒྲོན་ལགས་སུ་བཅར་འདྲི་ཞུས་པར། འདས་པའི་ལོ་ངོ་ ༥༠ ལྷག་རིང་བོད་གཞུང་བོད་མིའི་སྒྲིག་འཛུགས་སུ་འགྱུར་བ་གཏོང་དགོས་བྱུང་པ་སོགས་རྒྱ་གར་གཞུང་གི་གནོན་ཤུགས་སྣ་ཚོགས་ཤིག་སླེབས་བསྡད་ཡོད་པ་ནི། རྒྱལ་ཁབ་ཁོ་རང་ཚོའི་རྩ་དོན་ལ་ཐུག་ཡོད་པ་ཞིག་ཡིན་སྟབས་བསམ་ཤེས་བྱེད་ཐུབ་ཀྱང་། སྒྱུ་རྩལ་རང་བཞིན་གྱི་གློག་བརྙན་བཟོ་སྐྲུན་ནང་རྒྱ་ནག་གི་ཤུགས་རྐྱེན་སླེབས་པ་དེ་ནི་ཧང་སང་དགོས་པ་ཞིག་ཡིན་ཚུལ་དང་། གལ་སྲིད་ཐག་གཅོད་དེར་འགྱུར་པ་མ་ཕྱིན་ཚེ། བོད་མི་ཚོ་གློག་བརྙན་དེར་ལྟ་རུ་སྐྱོད་སྐབས་བོད་ཀྱི་རྒྱལ་དར་གློག་བརྙན་ཁང་དུ་ཁྱེར་ནས་ཐག་གཅོད་དེར་ངོ་རྒོལ་གྱི་རྣམ་པ་བསྟོན་དགོས་པའི་འབོད་སྐུལ་ཞུས་སོང་ལ།

བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་ཀླུ་མཁར་བྱམས་ལགས་སུ་བཅར་འདྲི་ཞུས་པར། རྒྱ་གར་གྱིས་གློག་བརྙན་ནི་དུས་རབས་ཉེར་གཅིག་པའི་ཤེས་རིག་གི་རྣམ་པ་ཞིག་ཕྱི་ལོགས་སུ་སྟོན་པའི་བརྒྱུད་ལམ་གལ་ཆེན་ཞིག་ཏུ་རྩི་བཞིན་ཡོད་སྟབས། གོང་རིམ་ཞིབ་བཤེར་སྡེ་ཚན་གྱིས་ཨེ་ཤ་ཡའི་ཚོང་ར་དང་རྒྱ་ནག་གི་ཚོང་རར་ཁ་ཕྱོགས་ཀྱི་ཡོད་པས། ཚོང་གི་དགོས་མཁོ་ལ་བསྟུན་ནས་བོད་ཀྱི་རྒྱལ་དར་དང་འཕྲེད་དར་རིགས་བཀག་པ་ཡིན་སྲིད་པས སྒྱུ་རྩལ་རིག་གནས་ཀྱིས་ཕྱུག་པའི་རྒྱལ་ཁབ་འདི་ལྟ་བུ་ཞིག་གི་ངོས་ནས། སྒྱུ་རྩལ་རང་བཞིན་གྱི་རྣམ་དཔྱོད་འདིའི་རིགས་ལ་ཚད་འཛིན་བྱས་པ་དེ་ཐབས་སྐྱོ་བོ་ཞིག་ཡིན་ཡང་། གློག་བརྙན་ནི་ཁོ་ཚོའི་ཚོང་ལས་ཤིག་ཡིན་སྟབས། གློག་བརྙན་ནང་བོད་ཀྱི་རྒྱལ་དར་དང་རང་བཙན་གྱི་འཕྲེད་དར་འཇོག་ཐུབ་ན་རྒྱལ་ཁ་ཐོབ་འགྲོ་རྒྱུ་དང་ཕྱིར་འཐེན་བྱས་ན་ཕམ་ཁ་ཆགས་འགྲོ་པ་གང་ཡང་མེད་ཚུལ་བརྗོད་སོང་།

གསར་འགོད་པ། བནྡེ་སྐྱབས།

ཟླ་འདིའི་ཕྱི་ཚེས་ ༣ ཉིན་རྒྱ་གར་ཧིན་དྷི་གསར་ཤོག་དྲ་བའི་སྟེང་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་ནང་མཉམ་འབྲེལ་མ་དངུལ་འཇོག་མཁན་རྒྱ་ནག་བཟོ་གྲྭའི་ཁྱབ་བསྒྲགས་ས་ཁྲའི་སྟེང་བཀོད་པའི་རྒྱ་དཀར་ནག་གི་མངའ་ཁོངས་ས་ཐིག་གནད་དོན་ཐད། རྒྱ་གར་གྱི་གསར་འགོད་པས་རྒྱ་ནག་གཞུང་ཚབ་ཀྲང་ཡཱན་ལ་ཚ་འདྲི་བདའ་འདེད་བཏང་སྐབས།  རྒྱ་ནག་གཞུང་ཚབ་ཁོང་ཁྲོ་ལངས་ཏེ་ “ ཁ་ཚུམས ” ཞེས་གསར་འགོད་པའི་ཐོག་ལ་རྩུབ་སྤྱོད་སྤེལ་བར་བརྟེན། གསར་འགོད་པས་ “ ལུང་པ་འདི་རྒྱ་ནག་ནང་བཞིན་མ་རེད། རྒྱ་གར་ནི་རང་དབང་ལུང་པ་རེད།  གསར་འགོད་པས་ཁྱོད་ལ་སྐད་ཆ་དྲིས་དུས། ཁྱོད་ཀྱིས་ག་རེ་བྱས་ནས་ཁ་ཚུམས་ཟེར་གྱི་ཡོད། ” ཅེས་ཚིག་ལན་སློག་ཡོད་པ་རེད།

གྷོ་ཇི་ར་ཐི་མངའ་སྡེ་ནང་བཟོ་སྐྲུན་རྣམ་གྲངས་ཤིག་གི་ཐད་ཨ་སྒོར་དུང་ཕྱིར་ ༤ ཡི་མཉམ་ལས་མ་དངུལ་གཏོང་བའི་གན་རྒྱ་བཞག་སྟེ། ལས་གཞི་དེར་མིང་རྟགས་འགོད་པའི་མཛད་སྒོ་དེ་རྒྱ་གར་རྒྱལ་ས་ལྡི་ལིར་ཚོགས་ཡོད་པ་དང་། སྐབས་དེར་རྒྱ་ནག་བཟོ་གྲྭའི་ཁྱབ་བསྒྲགས་ཀྱི་དེབ་ནང་བཀོད་པའི་ས་ཁྲའི་སྟེང་། རྒྱ་གར་ཨ་རི་ཎ་ཅལ་མངའ་སྡེ་དང་ལ་དྭགས་གཉིས་རྒྱ་ནག་གི་ས་ཁོངས་སུ་བྲིས་ཡོད་པར་མ་ཟད། རྒྱ་གར་དང་པ་ཀི་སི་ཐན་བར་བདག་དབང་རྩོད་རྙོག་ཅན་གྱི་ཀ་ཤི་མའེ་རིག་མངའ་སྡེ་ཡང་པ་ཀི་སི་ཐན་གྱི་ས་ཁོངས་སུ་བྲིས་ཡོད་པར་བརྟེན། རྒྱ་གར་གསར་འགོད་པས་གནད་དོན་དེའི་ཐད་རྒྱ་ནག་གཞུང་ཚབ་ལ་ཚ་འདྲི་བདའ་འདེད་བཏང་བར་བརྟེན།  རྒྱ་ནག་གཞུང་ཚབ་ཀྲང་ཡཱན་དང་གསར་འགོད་པའི་བར་ཚིག་རྩོད་ཤོར་ཡོད་པར་མ་ཟད། མཛད་སྒོའི་ལས་གཞི་ཁག་རྒྱུན་ལྡན་ལྟར་འགྲོ་མ་ཐུབ་པར་ཆུ་ཚོད་གཅིག་རིང་ཟང་ཟིང་དུ་གྱུར་ཡོད་འདུག

རྗེས་སུ་རྒྱ་ནག་གཞུང་ཚབ་ཀྲང་ཡཱན་གྱིས་ཁྱབ་བསྒྲགས་ས་ཁྲའི་སྟེང་གི་རྒྱ་གར་ནག་གི་མངའ་ཁོངས་ས་ཐིག་གནད་དོན་དེ་ནི། བཟོ་གྲྭ་སྒེར་ངོས་ནས་ཉམས་འཇོག་མ་བྱས་པའི་ལག་རྩལ་གྱི་གནད་དོན་ཞིག་ཡིན་ཚུལ་དང་། ཁོ་ཚོས་རྒྱ་གར་དང་མཛའ་འབྲེལ་ཡར་རྒྱས་གཏོང་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་པས། རྙོག་དྲ་དེས་ཕྱོགས་གཉིས་ཀར་དགེ་ཕན་གང་ཡང་མེད་སྐོར་བརྗོད་འདུག  གནད་དོན་དེའི་ཐད་རྒྱ་གར་ཕྱི་འབྲེལ་ལས་དོན་དྲུང་ཆེ་གྷོ་ཋམ་བྷམ་བྷེ་ཝེལ་ལགས་ཀྱིས་ཀྱང་གསར་ལམ་ཁག་ཏུ། རྒྱ་ནག་གཞུང་ཕྱོགས་ནས་ཁྱབ་བསྒྲགས་ས་ཁྲའི་སྟེང་མངའ་ཁོངས་ས་ཐིག་ལ་ཐལ་ཆ་ཤོར་བའི་ནོར་འཁྲུལ་ངོས་ལེན་བྱས་ཡོད་ཚུལ་དང་། ས་ཁྲ་དེ་ནི་རྒྱ་ནག་གཞུང་འབྲེལ་གྱིས་བཟོས་པ་ཞིག་མ་ཡིན་པར་སྒེར་གཉེར་བཟོ་གྲྭའི་ངོས་ནས་བཟོས་པ་ཞིག་ཡིན་སྐོར་གསལ་བཤད་བྱས་འདུག

རྒྱ་དཀར་ནག་གི་མངའ་ཁོངས་ས་ཐིག་གནད་དོན་ཐད་རྒྱ་ནག་གཞུང་ཚབ་དང་རྒྱ་གར་གསར་འགོད་པའི་བར་རྩོད་རྙོག་བྱུང་བའི་གནས་ཚུལ་དེར། རྒྱལ་སྤྱིའི་གསར་ལམ་ཁག་གིས་དོ་སྣང་དང་གནས་འཕྲིན་དྲ་རྒྱའི་སྟེང་གླེང་སློང་ཤུགས་ཆེན་པོ་བྱུང་འདུག ཕྱི་ཚེས་ ༥ ཉིན་རྒྱ་ནག་གཞུང་འབྲེལ་ཧཱན་ཆིག་གསར་ཤོག་དྲ་བའི་སྟེང་དེའི་སྐོར་གྱི་གནས་ཚུལ་སྤེལ་བའི་ནང་།  རྒྱ་གར་གསར་འགོད་པས་རྒྱ་ནག་ཕྱོགས་ནས་མཉམ་འབྲེལ་མ་དངུལ་འཇོག་བཞིན་པའི་ཁེ་ཕན་ལ་སྣང་ཆུང་བྱས་ཏེ།  ས་ཁྲའི་མངའ་ཁོངས་ཐིག་རིས་ཀྱི་རྩོད་རྙོག་བསླངས་ཏེ་ཕྱོགས་གཉིས་ཀྱི་མཉམ་འབྲེལ་ལ་བར་ཆད་བཟོས་ཡོད་སྐོར་བཀོད་ཡོད་པ་དང་། ད་དུང་མིང་ལ་ཀྲང་ཧྲའེ་ཀོ་ཟེར་བའི་རྒྱ་མི་ཞིག་གིས་དྲ་བའི་སྟེང་རྩོམ་ཡིག་ཅིག་སྤེལ་ཏེ།   “ རྒྱ་ནག་ལ་ལི་བྷེ་ཡའི་ཕྱོགས་ནས་བཟོད་བསྲན་དཀའ་བའི་ཕམ་ཉེས་ཀྱི་ཟབ་སྦྱོང་ཐེངས་གཅིག་རག་ཟིན་པ་ལྟར།  མ་འོངས་པར་རྒྱ་གར་གྱི་ཕྱོགས་ནས་ཀྱང་དེ་མཚུངས་ཀྱི་ཕམ་ཉེས་ཤིག་བསྐྱར་དུ་འཁུར་མི་རུང་། ཉན་མི་སྤྲོ་བའི་སྐད་ཆའི་ཚིག་རིས་སྤྱད་དེ་བཤད་པ་ཡིན་ན། ད་ལྟ་ཁྱི་ཡིས་ཟུག་སྐད་རྒྱག་མགོ་བརྩམས་ཏེ་མི་ལ་སོ་རྒྱག་རྩིས་བྱེད་བཞིན་འདུག རྒྱ་ནག་གི་ཕྱོགས་ནས་ཀྱང་ཁྱི་ལ་རྡུང་བྱེད་ཀྱི་དབྱུག་པ་གྲ་སྒྲིག་བྱེད་རན་འདུག ” ཅེས་བྲིས་འདུག  

དེ་བཞིན་རྒྱ་གར་ཧིན་དྷི་གསར་ཤོག་དྲ་བའི་སྟེང་རྩོད་རྙོག་དེའི་སྐོར་གྱི་གནས་ཚུལ་བཀོད་མ་ཐག  དྲ་བར་ཞུགས་རྒྱ་གར་མང་ཚོགས་ཀྱི་ངོས་ནས་ཀྱང་གླེང་སློང་ཤུགས་ཆེན་པོ་བྱུང་ཡོད་པར་མ་ཟད། རྒྱ་གར་ཡུལ་མི་ཞིག་གིས་དྲ་བའི་སྟེང་གནད་དོན་དེའི་ཐད་རང་ཉིད་ཀྱི་བསམ་ཚུལ་སྤེལ་དོན། “ རྒྱ་མི་རྣམས་ཀྱིས་རིག་པ་འཁྲབ་ཀྱིན་འདུག  རྒྱ་གར་བ་ཡང་ཡར་ལངས་ཏེ་འཁྲབ་རོགས་བྱེད་དགོས་ཀྱི་འདུག  ཡིན་ནའང་། ཆེས་ལེགས་ཤོས་ནི་ཐོག་མར་སོ་སོའི་དཔལ་འབྱོར་ཡར་རྒྱས་སུ་བཏང་སྟེ་རྒྱ་ནག་ལས་ཀྱང་ལྷག་པ་ཞིག་བཟོ་དགོས་པར་མ་ཟད། དམག་དོན་ཡར་རྒྱས་སུ་བཏང་སྟེ་ག་དུས་ཡིན་ཡང་དམག་རྒྱག་རྒྱུར་གྲ་སྒྲིག་ཨང་གསར་བྱེད་དགོས། གལ་སྲིད་རྒྱ་ནག་གིས་ཁྱི་སྤྱང་ངན་འབྲེལ་གྱི་དམིགས་ཡུལ་བཅང་ཚེ། ང་ཚོའི་ངོས་ནས་ཀྱང་ཨ་རི་དང་ཉི་ཧོང་ལ་གྲོས་མོལ་གྱི་སྒོ་མོ་ཕྱེ་སྟེ་ཕྱོགས་ཕན་ཚུན་བར་འཐབ་ཇུས་རང་བཞིན་གྱི་འབྲེལ་བ་ཡར་རྒྱས་སུ་གཏོང་དགོས།  འདི་ནི་འཛམ་གླིང་སྤྱི་ཁྱབ་རང་བཞིན་གྱི་ཆབ་སྲིད་འཁྲབ་སྟོན་ཞིག་ཡིན། ” ཅེས་བརྗོད་ཡོད་པ་རེད།

 

ཕྱི་ལོ་ ༡༩༦༢ ཕྱི་ཟླ་ ༡༠ ནང་བོད་དང་རྒྱ་གར་གྱི་མཐའ་མཚམས་ས་ཁུལ་དུ་རྒྱ་དཀར་ནག་བར་དམག་འཁྲུག་ཐོག་མ་དེ་བྱུང་ཡོད་པ་རེད།  ད་ལྟའི་ཆར་རྒྱ་གར་གཞུང་གིས་མཐའ་མཚམས་ས་ཁུལ་དུ་དམག་མི་ཁྲི་ ༡༠ འགྲེམས་འཇོག་གནང་འཆར་ཡོད་པ་དང་། རྒྱ་ནག་གིས་ཀྱང་བོད་མངའ་རིས་ཁུལ་དུ་གནམ་ཐང་གསར་རྒྱག་གིས་དམག་གི་རྟེན་གཞི་འཛུགས་བཞིན་ཡོད་པ་རེད།

ཁ་སང་གཟའ་ཉི་མའི་ཉིན་ཨ་རིའི་གློག་བརྙན་འཁྲབ་མཁན་དང་ནོ་སྦེལ་རྟགས་མ་བཞེས་མཁན། ཁོར་ཡུག་ལས་འགུལ་པ་སོགས་ཚུད་པའི་མི་ ༨༠༠༠ ལྷགལྷག་ཕོ་བྲང་དཀར་པོའི་ཕྱོགས་སུ་འདུས་ཏེ། ཁེ་ན་ཌ་ནས་ཨ་རིར་སྣུམ་འདྲེན་སྦུག་ལམ་འཐེན་རྒྱུའི་ཨོ་བྷ་མའི་ལས་གཞི་དེར་ངོ་རྒོལ་གྱི་ལས་འགུལ་སྤེལ་ཏེ་ལས་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་ཡོད་འདུག

ལས་གཞི་དེ་ནི་ཁེ་ན་ཌའི་མངའ་སྡེ་ཨལ་བྷར་ཊ་(Alberta) ནས་ཨ་རིའི་མངའ་སྡེ་དྲུག་ཙམ་བརྒྱུད་དེ་ཨ་རིའི་ཁུ་ཤེན་(Cushing) ས་ཁུལ་དུ་ཡོད་པའི་སྣུམ་རིགས་གཙོ་སྦྱང་བཟོ་གྲྭར་མཐུད་འཆར་ཡོད་པ་དང་།རིང་ཚད་ལ་སྤྱི་ལེ་༢༥༠༠ཡོད་པའི་སྣུམ་རྙོག་ (crude oil) སྦུག་ལམ་གྱི་ལས་གཞི་དེའི་ཐད་ཨ་སྒོར་ཐེར་འབུམ་གྱི་འགྲོ་གྲོན་གཏོང་རྩིས་ཡོད་འདུག  ཨ་རིའི་མི་མང་གིས་གཅིག་ནས་སྣུམ་འདྲེན་སྦུག་ལམ་འཐེན་སྐབས་ས་རྐོ་རྡོ་སློག་གིས་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོར་དང་།གཉིས་ནས་བཙོ་སྦྱང་མ་བྱས་པའི་སྣུམ་རྙོག་ཨ་རིར་དྲངས་ཚེ་དེའི་དུག་རྫས་ཀྱིས་ཨ་རིའི་ཁོར་ཡུག་དང་མིའི་འཕྲོད་བསྟེན་ལ་གནོད་སྐྱོན་ཚབ་ཆེན་ཐེབས་རྒྱུ་ཡིན་པ་བརྗོད་དེ།ཨོ་བྷ་མའི་ལས་གཞི་འདི་མཚམས་འཇོག་བྱ་དགོས་པའི་ངོ་རྒོལ་བྱས་པ་ཞིག་ཡིན་འདུག

ངོ་རྒོལ་གྱི་ཉིན་དེར་ཨོ་བྷ་མ་ཕོ་བྲང་དཀར་པོའི་ནང་བཞུགས་མེད་པ་རེད། ཡིན་ནའང་།  ཁོས་དེ་སྔོན་ལས་གཞི་འདི་ནི་ཨ་རིའི་རྒྱལ་ཁབ་ཀྱི་ཁེ་ལས་རང་བཞིན་གྱི་ལས་གཞི་ཞིག་ཡིན་པ་མ་ཟད།མི་མང་སྟོང་ཕྲག་མང་པོར་ལས་ཀ་རག་རྒྱུའི་ལས་འཆར་ཞིག་ཀྱང་ཡིན་པར་བརྗོད་ཡོད་འདུག

ཁ་སང་ཕྱི་ཚེས་  དགོང་དྲོ་དབྱིན་ཡུལ་རྒྱལ་ས་ལོན་ཌོན་དུ་འཛམ་གླིང་མཛེས་མའི་(Miss World ) རྟིང་རྩོད་འགྲན་ཐེངས་ ༥༡ པ་ཚོགས་ཏེ། འཛམ་གླིང་མཛེས་མའི་དབུ་རྒྱན་ཐེངས་ ༦༡ པ་དེ་ལྷོ་ཨ་མི་རི་ཁ་གླིང་གི་ཝེ་ནེ་ཛུ་ལཱ་(Venezuela) རྒྱལ་ཁབ་ཀྱི་རང་ལོ་ ༢༡ ཡིན་པའི་བུ་མོ་ཨ་ཝེན་(Ivian Sarcos) ལ་ཐོབ་ཡོད་ཅིང་། ཐེངས་འདིའི་འཛམ་གླིང་མཛེས་མའི་འགྲན་བསྡུར་ཁྲོད་རྒྱལ་ཁབ་ ༡༥༠ ཙམ་གྱི་མཛེས་མ་མཉམ་ཞུགས་བྱས་ཡོད་འདུག མཐའ་མའི་རྟིང་རྩོད་འགྲན་བསྡུར་ཁྲོད་ཀྱི་མཛེས་མ་ཨང་གཉིས་པ་ཧྥེ་ལེ་ཕེན་(Philippine) གྱི་སན་ཌི་རའེན་དང་། གསུམ་པ་པུར་ཊོ་རེ་ཁོ་(Puerto Rico) ཡི་ཨ་མན་ཌ་བཅས་ལ་ཐོབ་ཡོད་པ་རེད།

མཛེས་མ་ཨ་ཝེན་ལགས་ནི་ཆུང་དུས་ནས་ཕ་མ་གཉིས་གྲོངས་ཏེ་དྭ་ཕྲུག་ཏུ་གྱུར་ཞིང་།རྗེས་སུ་ལོ་  རིང་ཨ་ནེ་དགོན་པ་ཞིག་ནས་སློབ་སྦྱོང་བྱས་མྱོང་པ་མ་ཟད། ཁོ་མོའི་ཕུགས་སེམས་ནི་རབ་ཏུ་བྱུང་ནས་ཨ་ནེ་བྱ་འདོད་པ་དེ་ཡིན་འདུག ཁོ་མོར་ཐེངས་འདིར་མཛེས་མའི་དབུ་རྒྱན་ཐོབ་རྗེས་ ང་ལ་འཛམ་གླིང་མཛེས་མའི་དབུ་རྒྱན་ཐོབ་པ་ནི་རང་གི་བསམ་ཡུལ་ལ་མ་ཤོང་པའི་དགའ་ཚོར་བྱུང་ལ།མཚན་བྱང་འདིའི་གོ་སྐབས་བཟུང་སྟེ་ང་རང་ཉིད་ལྟ་བུའི་དྭ་ཕྲུག་དང་། ཉམས་ཐག་ཅན་གྱི་མི་རྣམས་ལ་སོ་སོས་གང་ཐུབ་ཅི་ནུས་ཀྱིས་རོགས་སྐྱོར་བྱ་རྒྱུ་ཡིནཞེས་བརྗོད་ཡོད་པ་རེད།

འཛམ་གླིང་མཛེས་མའི་འགྲན་བསྡུར་འཚོགས་བཞིན་པའི་སྐབས་སུ་དབྱིན་ཡུལ་གྱི་བུད་མེད་ཐོབ་ཐང་འཐབ་རྩོད་པ་དག་གི་གོ་སྒྲིག་འོག  བུད་མེད་མང་པོ་འདུ་འཛོམས་བྱས་ཏེ་བུད་མེད་ཀྱི་གཟུགས་རིས་ལ་ལྟ་ཞིབ་སྐར་གྲངས་རྒྱག་པ་སོགས་ཀྱི་བྱ་སྤྱོད་འདི་རིགས་མཚམས་འཇོག་བྱ་དགོས་པའི་སྐད་འབོད་ངོ་རྒོལ་བྱུས་ཡོད་འདུག

༢༠༡༡ ཟླ་ ༡༡ ཚེས་ ༢ རེས་གཟའ་ལྷགཔ།

༄༅། །བོད་མདོ་སྨད་རྔ་པར་དགེ་འདུན་པ་ ༢༥༠༠ ཙམ་བསླབ་པ་སློབ་གཉེར་གནང་སའི་ཀིརྟི་དགོན་པར་དྲག་ཆས་མི་སྣས་དམ་བསྒྲགས་སོགས་ཀྱིས་ད་ལྟ་ཡ་ང་བའི་གནས་སྟངས་འོག་གནས་བཞིན་པར་ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༡ ཉིན་ཇི་ནི་ཝར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རང་དབང་ཅན་གྱི་ཁྱད་མཁས་མི་སྣའི་ཚོ་ཁག་ཅིག་གིས་བློ་འཚབ་ཤུགས་ཆེ་བཏོན་འདུག དེ་ཡང་ད་ལྟ་བོད་ཨ་མདོ་རྔ་པ་ཁུལ་དུ་རྒྱ་ནག་གི་དྲག་པོའི་དམག་དཔུང་འགྲེམས་འཇོག་ཤུགས་ཆེ་ཡོད་པར་སོང༌། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་སྐུ་ཞབས་ Heiner Bielefeldt མཆོག་གིས་རྒྱ་གཞུང་ནས་མང་ཚོགས་དཀྱུས་མ་དང༌། དགོན་སྡེའི་སྤྱི་ཚོགས་ནང་དྲག་གནོན་སུན་གཙེར་མཚམས་འཇོག་དགོས་པ་མ་ཟད། སྤྱི་ཚོགས་ཁྱོན་ཡོངས་ཀྱི་ཆོས་བྱེད་རང་དབང་ལ་གུས་བརྩི་དང་སྲུང་སྐྱོབ་དགོས་སྐོར་གསུངས་ཡོད་པ་རེད།

ད་ལྟའི་གནས་སྐབས་སུ་དགོན་པའི་ཕྱི་ནང་གཉིས་ཀར་ཆོས་བྱེད་ལས་དོན་ལ་ལྟ་ཞིབ་ཆེད་བདེ་འཇགས་མི་སྣ་འགྲེམས་འཇོག་དང་སྐོར་བསྐྱོད་སོགས་ཀྱིས་ཛ་དྲག་ལས་དོན་སྤེལ་བཞིན་པ་འདི་ལྟ་བུའི་དྲག་གནོན་འདིས་ཆོས་དད་རང་དབང་ལ་བཀག་འགོག་དང༌། ལྷག་པར་དུ་ད་ལྟའི་ཛ་དྲག་གི་གནས་སྟངས་དེ་བཞིན་དེ་བས་ཛ་དྲག་ཆེ་རུ་བཟོ་རྒྱུ་མ་ཟད། འགལ་ཟླ་ཆེ་རུ་བཟོས་པ་ལྟ་བུ་ཆགས་རྒྱུ་ཡིན་སྐོར་སྐུ་ཞབས་ Heiner Bielefeldt མཆོག་གིས་མུ་མཐུད་གསུངས་ཡོད་པ་རེད།

སྐུ་ཞབས་ Heiner Bielefeldt མཆོག་གི་བསྒྲགས་གཏམ་ལ་རང་དབང་ཐོག་ཞི་བདེའི་འདུ་འཛོམས་ཐད་རྒྱལ་ཚོགས་ཀྱི་ དམིགས་བསལ་སྐུ་ཚབ་སྐུ་ཞབས་ Maina Kiai མཆོག་གིས་དགའ་བསུ་ཞུས་པ་མ་ཟད། དེ་འདྲའི་དམ་བསྒྲགས་གིས་དགོན་སྡེའི་མི་སྣ་འདུ་འཛོམས་ཀྱི་རང་དབང་ལའང་དོ་ཕོག་ བཟོ་ཡི་ཡོད་སྐོར་གསུངས་གནང་ཡོད་རེད། དེ་བཞིན་སྨྲ་བརྗོད་རང་དབང་ཐད་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་སྐུ་ཞབས་ Frank La Rue མཆོག་གིས་རྒྱ་གཞུང་ནས་ད་སྐབས་ཨ་མདོ་རྔ་པ་ཁུལ་དུ་ལག་འཁྱེར་ཁ་པར་བརྒྱུད་འཕྲིན་ཐུང་གཏོང་རྒྱུ་དང༌། དྲ་རྒྱ་བེད་སྤྱོད་ཐད་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པའི་ཁར། གསར་འགོད་པར་གནས་ཚུལ་མཁོ་སྒྲུབ་ཀྱི་རང་དབང་མེད་པའི་གནད་དོན་ཡང་གླེང་སློང་གནང་བ་མ་ཟད། ཁོང་གིས་ད་དུང་སྲིད་གཞུང་ནས་དེ་འདྲའི་སྲིད་བྱུས་འཛིན་པ་ལས། མང་ཚོགས་ཀྱི་མངོན་འདོད་ལ་ཉན་འཇོག་བྱས་ཏེ་དགོན་སྡེའི་སྤྱི་ཚོགས་ཀྱི་དཀའ་ངལ་རྣམས་སེལ་རྒྱུར་འབད་བརྩོན་གནང་དགོས་སྐོར་ཡང་གསུངས་གནང་ཡོད་པ་རེད།

རྒྱ་གཞུང་ནས་དྲག་པོའི་བདེ་འཇགས་མི་སྣ་འགྲེམས་འཇོག་ཤུགས་ཆེ་བྱས་རྐྱེན་རྒྱ་གཞུང་གི་འགན་འཁུར་བ་དང་དགོན་སྡེའི་ཚོགས་མིའི་དབར་དཀའ་རྙོག་ཤུགས་ཆེ་རུ་ཕྱིན་པ་དང༌། ལྷག་པར་ཕྱི་ལོ་ ༢༠༡༡ ཟླ་ ༣ ནས་བཟུང་ཆོས་བྱེད་མི་སྣ་དང༌། བོད་མི་དཀྱུས་མས་ཆོས་དད་རང་དབང་སྲུང་སྐྱོབ་ཐོག་ལས་འགུལ་སྤེལ་ཤུགས་ཆེ་རུ་ཕྱིན་ཡོད་པ་རེད། ད་ལྟའི་རྒྱ་གཞུང་གིས་ཆོས་དད་དང༌། སྨྲ་བརྗོད། འདུ་འཛོམས་བཅས་ཀྱི་རང་དབང་ཐོག་དམ་བསྒྲགས་ཤུགས་ཆེ་བྱས་རྐྱེན། དགེ་འདུན་པ་བརྒྱ་ཕྲག་མང་པོ་རང་གི་དགོན་སྡེ་ནས་ཕྱི་རུ་མི་ཐོན་ཀ་མེད་བཟོས་པ་མ་ཟད། དགེ་འདུན་པ་མང་པོ་འཛིན་བཟུང་དང༌། ད་དུང་མང་པོ་ཞིག་གར་སོང་ཆ་མེད་དུ་འགྱུར་བཞིན་ཡོད་པ་རེད།

བཙན་དབང་དང་རང་དབང་མེད་པར་གར་སོང་ཆ་མེད་དུ་གྱུར་པའི་ཐད་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་སྐུ་ཞབས་ Jeremy Sarkin མཆོག་གིས་བོད་མི་གར་སོང་ཆ་མེད་དུ་གྱུར་དང་འགྱུར་བཞིན་པ་ནི་རྒྱལ་སྤྱིའི་ཁྲིམས་དང་མི་མཐུན་ཞིང༌། རྒྱལ་ཚོགས་ནས་ནམ་ཡང་ངོས་ལེན་ཐུབ་ཐབས་མེད་སྐོར་ཡང་གསུངས་ཡོད་པ་རེད། ཁོང་གིས་ད་དུང་རྒྱ་ནག་གི་ནག་ཉེས་ཁྲིམས་ལུགས་ལ་བསྐྱར་ཞིབ་བྱེད་བཞིན་པ་དེ་ཡིས་རང་དབང་མེད་པར་གར་སོང་ཆ་མེད་དུ་འགྱུར་བཞིན་པའི་གནད་དོན་རྒྱལ་ཁབ་ནང་ཁྲིམས་མཐུན་བཟོ་ཐབས་ཡིན་པ་དང༌། དེ་འདྲའི་ཡ་ང་བའི་ལམ་ལུགས་འདི་ནམ་ཡང་ངོས་ལེན་མེད་པ་མ་ཟད། བཙན་དབང་ཐོག་གར་སོང་ཆ་མེད་དུ་འགྱུར་བཞིན་པ་འདི་དག་གནས་སྟངས་གང་འདྲ་ཞིག་གི་ནང་དུའང་ངོས་ལེན་ཐུབ་ཐབས་མེད་སྐོར་ཡང་གསུངས་ཡོད་པ་རེད། དེ་བཞིན་མི་སྣ་གཞན་གང་བྱུང་འཛིན་བཟུང་ཐད་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་སྐུ་ཞབས་ El Hadji Malick མཆོག་གིས་ད་སྐབས་ཟི་ཁྲོན་ཁུལ་དུ་གང་བྱུང་འཛིན་བཟུང་དང༌།

དགེ་འདུན་པ་བཀག་ཉར་བྱེད་བཞིན་པའི་ཐད་བློ་འཚབ་བཏོན་གནང་བ་མ་ཟད། རྒྱལ་སྤྱིའི་ཁྲིམས་ལུགས་གཞིར་བཟུང་ཞི་བའི་ཐོག་རང་གི་རང་དབང་དང་ཐོབ་ཐང་རྩོད་ལེན་བྱེད་བཞིན་པ་སུ་ཡང་འཛིན་བཟུང་བཀག་ཉར་ཆོག་གི་མེད་སྐོར་ནན་བརྗོད་གནང་འདུག གཞན་ཡང་གྲངས་ཉུང་མི་རིགས་ཐད་རྒྱལ་ཚོགས་ཀྱི་རང་དབང་ཅན་གྱི་ཁྱད་མཁས་མི་སྣ་ལྕམ་ Rita Izsak མཆོག་གིས་རྒྱ་གཞུང་གི་འགོ་འཁྲིད་ཚོས་ཆོས་དད་དང་རིག་གཞུང་སོགས་གྲངས་ཉུང་མི་ རིགས་ཀྱི་ཐོབ་ཐང་ཁག་རང་དབང་གི་ཐོག་ནས་ཉམས་ལེན་བྱེད་དུ་འཇུག་དགོས་སྐོར་འབོད་སྐུལ་གནང་ཡོད་པ་མ་ཟད། ཁོང་གིས་ད་དུང་རྒྱ་གཞུང་ནས་དེ་འདྲའི་དྲག་སྤྱོད་ལག་བསྟར་མཚམས་འཇོག་དང༌།

མུ་མཐུད་དཀའ་རྙོག་དེ་འདྲ་མི་ཡོང་བའི་ཆེད་དྲག་པོའི་ཐབས་ལམ་བེད་སྤྱོད་བྱ་རྒྱུ་མཚམས་འཇོག་བྱེད་དགོས་ཞེས་གསུངས་ཡོད་པ་བཅས།།

༢༠༡༡ ཟླ་ ༡༡ ཚེས་ ༢ རེས་གཟའ་ལྷག་པ།
༄༅། །དེང་སྐབས་བོད་ནང་རྒྱ་ནག་གཞུང་གི་དྲག་པོའི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་མུས་ཡིན་པར་བརྟེན། བོད་མི་རྣམས་འ་ཆད་འུ་ཐུག་གིས་གནས་སུ་གྱུར་ཏེ་རྒྱ་ནག་གཞུང་ལ་བོད་མིས་གཅིག་མཇུག་གཉིས་མཐུད་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་རབ་དང་རིམ་པ་བྱས་ཡོད།  རྒྱ་ནག་གཞུང་ནས་བོད་མིའི་མངོན་འདོད་བསྒྲུབ་རྒྱུའི་ཚབ་ཏུ་ཉམ་ཆུང་བོད་མིའི་ཐོག་སྔར་ལྷག་དྲག་གནོན་བྱེད་ཤུགས་ཆེ་རུ་བཏང་སྟེ་ད་ལྟའི་ཆར་བོད་ནང་གི་གནས་སྟངས་ཛ་དྲག་ཏུ་གྱུར་ཡོད་སྟབས། ཨོ་སི་ཊོ་ལི་ཡར་རྟེན་གཞི་བྱས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པས་ཨོ་སི་ཊོ་ལི་ཡའི་ཕྱི་སྲིད་བློན་ཆེན་མཆོག་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་འབུལ་སྐུལ་ཞུ་སྐབས། ཁོང་གིས་བོད་ནང་གི་ཛ་དྲག་གནས་སྟངས་ངོས་འཛིན་གྱིས་རྒྱ་ནག་གི་གཞུང་ཚབ་དང་འབྲེལ་ཡོད་དཔོན་རིགས་ཚོར་བོད་ཀྱི་གནད་དོན་ཐོག་གོ་བསྡུར་གནང་ཡོད་སྐོར་གསུངས་འདུག
དེ་ཡང་གནད་དོན་དེའི་སྐོར་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཨོ་སི་ཊོ་ལའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཉམས་ཞིབ་དང་ཕྱི་དྲིལ་འགན་འཛིན་གྱིས་གསུང་དོན།      ང་ཚོའི་ངོས་ནས་ཨོ་སི་ཊོ་ལི་ཡའི་ཕྱི་སྲིད་བློན་ཆེན་མཆོག་ལ་འབྲེལ་བ་བྱས་དང་བྱེད་མུས་ཡིན། བློན་ཆེན་མཆོག་གིས་མི་མང་ལ་གསལ་བསྒྲགས་གང་ཡང་གནང་མེད། འོན་ཀྱང་ཨོ་སི་ཊོ་ལི་ཡའི་གཞུང་ཕྱོགས་ནས་རྒྱ་ནག་གི་གཞུང་ཚབ་ལ་གནད་དོན་དེའི་སྐོར་སྐད་ཆ་བཤད་སྐོར་ང་ཚོར་ཡི་གེ་འབྱོར་བའི་ནང་འཁོད་དོན།  ཨོ་སི་ཊོ་ལི་ཡའི་གཞུང་ཕྱོགས་ནས་བོད་ནང་གི་གནས་སྟངས་ཛ་དྲག་གི་གནས་སྟངས་ཆགས་པ་ཤེས་ཀྱི་ཡོད། དེར་བརྟེན་བློན་ཆེན་མཆོག་གིས་རྒྱ་ནག་གི་གཞུང་ཚབ་མཉམ་དུ་གནད་དོན་དེའི་སྐོར་ལ་སྐད་ཆ་བཤད་ཡོད་པ་མ་ཟད། དེ་བཞིན་རྒྱ་ནག་པེ་ཅིང་དུ་ཡོད་པའི་ཨོ་སོ་ཊོ་ལི་ཡའི་གཞུང་ཚབ་བརྒྱུད་ནས་རྒྱ་ནག་གཞུང་གི་འབྲེལ་ཡོད་ལས་ཁུངས་ལ་ཡང་སྐད་ཆ་བཤད་ཡོད། ཅེས་འགྲེལ་བརྗོད་གནང་འདུག་པ་བཅས། །

ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་ལྷོ་ཨ་ཧྥི་རི་ཀ་གླིང་དང་ཡུ་རོབ་གླིང་གི་དཀྱིལ་དབུས་སུ་གནས་པའི་ཨ་རབ་གླིང་གི་མི་འབོར་ས་ཡ་ ༦ ལྷག་ཡོད་པའི་ཁ་ཆེའི་རྒྱལ་ཁབ་ལེ་བྷེ་ཡའི་སྲིད་དབང་གཅིག་སྡུད་གཞུང་མགོ་རྟིང་སློག་སྟེ། འདས་པའི་མི་ལོ་ ༤༢ རིང་སྲིད་དབང་སྒེར་གཅོད་བྱེད་མཁན་སྲིད་འཛིན་གྷ་ཌ་ཧྥེ་ཟེར་བ་དེ་ལེ་བྷེ་ཡའི་མི་དམངས་གྱེན་ལངས་ཤོག་ཁག་གིས་དམར་གསོད་བཏང་ཡོད། དེ་ནི་ཟླ་འདིའི་ཚེས་ ༢༠ ཉིན་གྱི་སྔ་དྲོར་གྱེན་ལངས་ཤོག་ཁག་གིས་ལེ་བྷེ་ཡའི་རྒྱལ་ས་ཊི་རེ་པོ་ལེ་(Tripoli)ཡི་དང་རྒྱང་ཐག་རིང་བའི་གྷ་ཌ་ཧྥེ་ཁོ་རང་གི་སྐྱེས་ཡུལ་ (Sirte)ཞེས་པར་འཐབ་རྒོལ་བྱས་མཐར། ས་འོག་ཆུ་ཡུར་སྦུབས་ལམ་ཞིག་ཏུ་སྦེད་སྐུང་བྱས་ཡོད་པ་འཛིན་བཟུང་གིས་དམར་གསོད་བཏང་ཡོད་ལ། དེ་དང་མཉམ་དུ་ཁོའི་བུ་(Mutasim)ཞེས་པ་ཡང་བསད་ཡོད་འདུག

    གྷ་ཌ་ཧྥེ་བསད་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་མ་ཐག ལེ་བྷེ་ཡའི་མང་ཚོགས་དང་གྱེན་ལངས་ཁག་ཁག་གི་དམག་མིའི་དགའ་སྤྲོ་ཆེན་པོ་བྱས་ཏེ། ལེ་བྷེ་ཡའི་གྲོང་ཁྱེར་དང་གྲོང་བརྡལ་མང་པོའི་ནང་མི་མང་གིས་ཤོག་སྦག་སྒྲོན་པ་དང་སྤྲོ་སྐྱིད་བཏང་བ་སོགས་བྱས་ཡོད་ལ། ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་དབྱིན་ཇིའི་སྲིད་བློན་ཁ་མེ་རོན་(David Cameron)། རྒྱལ་ཚོགས་དྲུང་ཆེ་བྷན་ཁེ་མོན་སོགས་ཀྱིས་གསར་འགོད་གསལ་བསྒྲགས་བསྐྱངས་ཏེ། གྷ་ཌ་ཧྥེ་བསད་པ་དེ་ལེ་བྷེ་ཡའི་ལོ་རྒྱུས་རང་བཞིན་གྱི་སྲིད་དབང་སྒེར་གཅོད་གཞུང་མཇུག་བསྒྲིལ་ཏེ། མི་མང་ལ་རང་དབང་དང་དམངས་གཙོ། ཞི་བདེ་ལ་རེ་བ་གསར་པ་ཞིག་བསླེབས་ཤིང་། མ་འོངས་པར་རྒྱལ་སྤྱི་དང་མང་ཚོགས་ཀྱི་རྒྱབ་སྐྱོར་འོག་གཞུང་གསར་པ་བཙུགས་ཏེ། དམངས་གཙོའི་འོས་བསྡུའི་ལམ་ནས་མགོ་འཁྲིད་གསར་པ་བསླེབ་རྒྱུར་རེ་བ་བྱེད་ཀྱི་ཡོད་ཅེས་བསྒྲགས་གཏམ་སྤེལ་ཡོད་ལ། ཨོ་བྷ་མས་ ལོ་ ༤༢ རིང་དྲག་སྤྱོད་སྒེར་འཛིན་གཞུང་དང་ཟླ་བརྒྱད་རིང་གི་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་མཇུག་བསྒྲིལ་སོང་བས། དེ་རིང་ལེ་བྷེ་ཡའི་མི་མང་གིས་རང་དབང་ཐོབ་པའི་དགའ་སྟོན་དང་། དུས་བབ་གསར་པ་ཞིག་གི་མདུན་བསུ་རྒྱུའི་དམ་བཅའ་འཛིན་དགོས ཞེས་བསྒྲགས་ཡོད།

    གྷ་ཌ་ཧྥེ་གསོད་སྟངས་ཐད་རྒྱལ་སྤྱིའི་རང་དབང་ཅན་གྱི་ཚོགས་སྡེ་ཁག་ཅིག་གིས་ཞིབ་བཤེར་བྱ་དགོས་སྐོར་བརྗོད་པ་ལྟར། ཟླ་ ༡༠ ཚེས་ ༢༧ ཉིན་བར་བརྒལ་གཞུང་གིས་གྷ་ཌ་ཧྥེའི་འཆི་རྐྱེན་ལ་ཞིབ་བཤེར་བྱ་རྒྱུ་ཡིན་པ་དང་། དངོས་སུ་མེ་མདའ་རྒྱག་མཁན་ཁ་གསལ་བྱུང་རྗེས་ཁྲིམས་ཐོག་ནས་ཞིབ་བཤེར་ཐག་གཅོད་བྱ་རྒྱུའི་གསལ་བསྒྲགས་བྱས་ཡོད། གྷ་ཌ་ཧྥེའི་ནང་མི་དང་ཁྲིམས་རྩོད་པས་ཎ་ཊོའམ་ནུབ་རྒྱ་མཚོའི་མནའ་མཐུན་ཚོགས་པས་དམག་འཐབ་བསླངས་ཏེ། གྷ་ཌ་ཧྥེ་འཆི་ལམ་དུ་དེད་པ་དེ་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལ་གཏུག་བཤེར་བྱ་རྒྱུ་ཡིན་ཚུལ་བརྗོད་འདུག་ལ། ཁྲིམས་རྩོད་པ་མཱར་སལ་(Marcel Ceccaldi)ནི་ཧྥ་རན་སིའི་ཁྲིམས་རྩོད་པ་ཞིག་དང་དེ་སྔོན་གྷ་ཌ་ཧྥེའི་དབང་འཛིན་གཞུང་ལ་ལས་ཀ་བྱས་མྱོང་མཁན་ཞིག་ཡིན་ཞིང་། ཐེངས་འདིར་གྷ་ཌ་ཧྥེའི་ནང་མིའི་འཐུས་ཚབ་བྱས་ཏེ་ཁྲིམས་གཏུག་བྱེད་ཀྱིན་ཡོད་འདུག 

 

ལེ་བྷེ་ཡའི་ཟིང་འཁྲུག་གི་ཐོག་མའི་རྒྱུ་རྐྱེན།

གྷ་ཌ་ཧྥེ་ཡིས་མི་ལོ་ ༤༢ རིང་སྲིད་དབང་བཟུང་བའི་རིང་ལེ་བྷེ་ཡའི་མི་མང་དང་སློབ་ཕྲུག་ཚོར་བཙན་ཤེད་ཀྱིས་ཁོང་གིས་བརྩམས་པའི་དཔེ་དེབ་ལྗང་ཁུའི་དགོངས་དོན་སློབ་སྦྱོང་བྱེད་དུ་བཅུག་པ་དང་། རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གླེང་མཁན་གྱི་ཆབ་སྲིད་ཚོགས་པ་ཁག་ལ་དམ་དྲག་བྱས་པ། གཞུང་དང་ལྟ་བ་མི་མཐུན་མཁན་དག་བཙོན་འཇུག་མནར་གཅོད་གཏོང་བ་བཅས་ཀྱིས་ལེ་བྷེ་ཡའི་མི་མང་གཞུང་ལ་མ་དགའ་བ་ཆགས་ཤིང་། ལྷག་པར་དུ་རྒྱལ་སྤྱིའི་རོགས་དངུལ་འོག་ལེ་བྷེ་ཡའི་གཞུང་གིས་མི་མང་སྡོད་ཁང་འཛུགས་སྐྲུན་བྱ་རྒྱུའི་གྲོས་དོན་ཞིག་ལ་འགོར་འགྱངས་བྱུང་སྟབས། ད་ལོའི་ལོ་མགོར་ལེ་བྷེ་ཡའི་ས་ཁུལ་ཁག་ཅིག་ཏུ་ངོ་རྒོལ་བྱུང་བར་གཞུང་གིས་དྲག་གནོན་བྱས་ཤིང་། སྐབས་དེར་ཇཱ་མལ་(Jamal al-Hajji)ཟེར་པའི་རྩོམ་པ་བོ་ཞིག་གིས་དྲ་ཐོག་བརྒྱུད་མང་ཚོགས་ལ་ལེ་བྷེ་ཡའི་རང་དབང་ཆེད་གྱེན་ལངས་བྱ་དགོས་པའི་འབོད་སྐུལ་ཞུས་ཏེ་ཁོང་འཛིན་བཟུང་བྱས་པ། དེའི་རྗེས་ཕྱི་ཟླ་ ༢ ཚེས་ ༡༥ ཉིན་ལེ་བྷེ་ཡའི་གྲོང་ཁྱེར་བྷན་གྷ་ཛེ་(Benghazi)རུ་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ཧྥ་ཐེ་(Fathi Terbil)འཛིན་བཟུང་བྱས་ཏེ། ཉིན་དེར་མི་མང་གི་འོས་ལངས་ཐོག་མ་དེ་བྱུང་ཡོད་ལ། ཨ་རབ་གླིང་གི་ཏོའུ་ནེ་ཤི་ཡ་དང་ཨི་ཇེབ་གྱེན་ལངས་ལ་རྒྱལ་ཁ་ཐོབ་པ་དེས་ལེ་བྷེ་ཡའི་མི་མང་ལ་རེ་བ་གསར་པ་ཞིག་བསླེབས་ཏེ། སྲིད་དབང་སྒེར་གཅོད་གཞུང་མགོ་རྟིང་སློག་རྒྱུའི་འདུན་པ་མེ་ལྕེ་བཞིན་འབར་ཡོད། 

 

ལེ་བྷེ་ཡའི་ཟིང་འཁྲུག་ལ་རྒྱལ་ཁབ་གཞན་གྱི་རྒྱབ་རོགས།

ཕྱི་ཟླ་ ༢ ཚེས་ ༡༥ ཉིན་གྱི་ལེ་བྷེ་ཡའི་ནང་མི་མང་གྱེན་ལངས་བྱུང་རྗེས་ཀྱི་ཚེས་ ༢༧ ཉིན་ངོ་རྒོལ་ཤོག་ཁག་གི་སྲིད་གཞུང་ (NTC) ཞེས་པ་གསར་དུ་བཙུགས་ཤིང་། གྱེན་ལངས་པའི་ཁྲོད་དགེ་རྒན་དང་སློབ་མ། བཟོ་ལས་པ། གཞུང་འོག་ནས་ཕྱིར་ཐོན་པའི་དམག་མི་སོགས་ཀྱིས་གྲུབ་ཡོད་འདུག ལེ་བྷེ་ཡའི་གྱེན་ལངས་མང་ཚོགས་སྟེང་གཞུང་གིས་དྲག་གནོན་ཚབས་ཆེན་བྱས་སྟབས། རྒྱལ་སྤྱིའི་སྤྱི་ཚོགས་དང་སྲིད་གཞུང་ཁག་གིས་སྐྱོན་བརྗོད་དང་དྲག་གནོན་མཚམས་འཇོག་དགོས་པའི་འབོད་སྐུལ་དང་གནོན་ཤུགས་རིམ་པར་སྤྲད་ཅིང་། མཐར་ཕྱི་ཟླ་༣ པའི་ཚེས་ ༡༧ ཉིན་ཐོག་མར་རྒྱལ་ཚོགས་ཀྱི་ཆོད་དོན་ལྟར་ལེ་བྷེ་ཡར་རྒྱལ་སྤྱིའི་གནམ་ཐང་གི་འབྲེལ་ཐག་གཅོད་རྒྱུ་དང་། དེ་ནས་རྒྱལ་ཚོགས་བདེ་འཇགས་དམག་དང་། རྒྱལ་ཁབ་༢༨ ལས་གྲུབ་པའི་ནུབ་རྒྱ་མཚོའི་མནའ་མཐུན་ཚོགས་པའམ་ཎ་ཊོ་ (Nato)མཉམ་འབྲེལ་དྲག་ཆས་དམག་དཔུང་བཏང་སྟེ། ལེ་བྷེ་ཡའི་གྱེན་ལངས་ཤོག་ཁག་ལ་མཚོན་ཆ་མཁོ་སྤྲོད་དང་དམག་སྤྱོང་སྤྲད་དེ་གྷ་ཌ་ཧྥེའི་གཞུང་ལ་དྲག་རྒོལ་བྱས་ཡོད། འོན་ཀྱང་། རྒྱ་ནག་དང་རཱ་ཤི་ཡ། ལྷོ་ཨ་ཧྥི་རི་ཀ རྒྱ་གར། བྷར་ཛལ། ཎ་ཊོའི་འོག་གི་རྒྱལ་ཁབ་འགའ་བཅས་ཀྱིས་རྒྱབ་སྐྱོར་བྱས་མེད་པ་མ་ཟད། ལེ་བྷེ་ཡའི་གྱེན་ལངས་ཤོག་ཁག་ལ་ངོ་རྒོལ་བྱས་ཡོད། ཧྥ་རན་སི་དང་ཨ་རི། དབྱིན་ཇི་སོགས་ཀྱིས་གདོང་མཆོང་བྱས་ཏེ་ལེ་བྷེ་ཡའི་གནད་དོན་དེ་རྒྱལ་སྤྱི་ཅན་དུ་བསྒྱུར་ཡོད། ལེ་བྷེ་ཡའི་དམག་འཐབ་ཁྲོད་ཀྱི་དམག་མི་དང་མཚོན་ཆའི་བརྒྱ་ཆ་ ༤༠ ཙམ་ཨ་རིའི་ཡིན་རབ་བཤད། 

 

རྒྱལ་སྤྱིའི་སྟེང་གི་གྷ་ཌ་ཧྥེའི་ཤུགས་རྐྱེན།

གྷ་ཌ་ཧྥེ་ཡིས་མི་ལོ་ ༤༢ རིང་ལེ་བྷེ་ཡའི་རྒྱལ་ཁབ་ལ་དབང་བསྒྱུར་བྱས་རིང་། ཁོང་ནི་གཏུམ་དྲག་ཅན་ཞིག་ཡིན་པའི་སྐྱོན་བརྗོད་བྱེད་མཁན་ཡོད་ལ། རྣམ་དཔྱོད་ལྡན་དང་ལྡན་པའི་མགོ་ཁྲིད་རླབས་ཆེན་ཞིག་ཏུ་ངོས་འཛིན་བྱེད་མཁན་ཡང་ཡོད། ཨ་རབ་གླིང་དང་ཨ་ཧྥི་ཀ་གླིང་གི་ཆིག་སྒྲིལ་དང་དཔལ་འབྱོར་ཐོག་ཤུགས་རྐྱེན་ཆེན་པོ་ཐེབས་མཁན་ཞིག་དང་། རྒྱལ་ཁབ་ ༥༤ ལས་གྲུབ་པའི་ཨ་ཧྥི་རི་ཀ་མཉམ་འབྲེལ་མཐུན་ཚོགས་གསར་འཛུགས་ཀྱི་བློ་འདོན་བྱེད་མཁན་ཡང་ཆགས་ཡོད་འདུག འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཨ་རབ་གླིང་དང་ཨ་ཧྥི་རི་ཀ་གླིང་གི་རྡོ་སྣུམ་གཏེར་དངོས་ཐོན་རྫས་རིགས་ནུབ་ཕྱོགས་པའི་སྟངས་འཛིན་འོག་ཤོར་ཡོད་སྟབས། བདུན་ཅུ་དོན་གྲངས་ནང་གྷ་ཌ་ཧྥེ་ཡིས་ ལོ་ངོ་ ༥༠༠༠ རིང་སྣུམ་མེད་པར་མི་རྣམས་གནས་ཐུབ་ཡོད་ལ། ང་ཚོའི་བཟོ་ལས་ཐོན་སྐྱེད་རང་རྐྱ་མ་འཕེར་པར་གྱི་ལོ་འགར་ཅིའི་ཕྱིར་སྡོད་མ་ཐུབ་པ་རེད། ཅེས་བརྗོད་དེ། ཨ་རབ་གླིང་གི་རྡོ་སྣུམ་ཐོན་ལས་རིགས་ནུབ་ཕྱོགས་སུ་མ་ཤོར་བར་རྒྱལ་ཁབ་སོ་སོས་ཐོན་སྐྱེད་བྱེད་མགོ་བརྩམས་ཡོད། དེ་བཞིན། ༢༠༠༩ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྟེང་ཁོས་གཏམ་བཤད་སྤེལ་ཏེ། རྒྱལ་ཚོགས་བདེ་འཇགས་ལྷན་ཁང་ནི་དྲག་སྤྱོད་རིང་ལུགས་པ་དང་གཅིག་མཚུངས་ཡིན་སྐོར་བརྗོད་དེ། རྒྱལ་ཚོགས་ཀྱི་བཅའ་ཁྲིམས་ཡིག་ཆ་རྩབ་རལ་བཏང་སྟེ། ནུབ་ཕྱོགས་རྒྱལ་ཁབ་སྟོབས་ལྡན་ཁག་གིས་ཨ་ཧྥི་རི་ཀ་གླིང་དང་། ཨ་རབ་གླིང་ལ་བཤུ་གཞོག་ཚབས་ཆེན་བྱས་ཡོད་སྟབས། ཨ་སྒོར་ཐེར་ཆེན་ ༧།༧ གྱིས་ཁོང་ཚོར་གུན་གསབ་སྤྲོད་དགོས་སྐོར་སོགས་བརྗོད་ཡོད།

 

གྷ་ཌ་ཧྥེ་ལ་མིག་གསུམ་པའི་ལྟ་སྟངས།

དེ་སྔ་ཨ་རབ་དང་ཨ་ཧྥི་རི་ཀ་གླིང་དུ་གྷ་ཌ་ཧྥེ་ལ་རྒྱབ་སྐྱོར་བྱེད་མཁན་མང་པོ་ཡོད་པ་དང་། ༢༠༠༨ ལོར་ཨ་ཧྥི་ཀའི་སྲོལ་རྒྱུན་དཔོན་རིགས་ཚོས་ཁོང་ལ་ རྒྱལ་མང་གི་རྒྱལ་བོ(King of the Kings)ཞེས་པའི་ཆོ་ལོ་ཕུལ་ཡོད་ལ། ནོ་བྷེལ་ཞི་བདེ་གཟིངས་རྟགས་ཐོབ་མཁན་ནེལ་སོན་མན་ཌེ་ལཱ་(Nelson Mandela)ཡིས་ཀྱང་སྤུན་ཟླ་དབུ་ཁྲིད(Brother Leader)ཅེས་བརྗོད་ཡོད་འདུག རྒྱལ་ཁབ་ ༥༤ ལས་གྲུབ་པའི་ཨ་ཧྥི་ཀ་མཉམ་འབྲེལ་མཐུན་ཚོགས་(African Union)ཀྱིས་ད་ལྟའི་ལེ་བྷེ་ཡའི་བར་བརྒལ་གཞུང་ཁྲིམས་མཐུན་ངོས་ལེན་བྱས་མེད་ལ། གྷ་ཌ་ཧྥེའི་ནང་མི་སོགས་ཨལ་ཇེ་རེ་ཡ་(Algeria) དང་ནེ་ཇར (Niger)སོགས་སུ་སྐྱབས་བཅོལ་དུ་ཕེབས་པར་དགའ་བསུ་ཡོད་ཚུལ་བརྗོད་ཡོད། ཕྱི་ཚེས་ ༢༦ རཱ་ཤི་ཡའི་སྲིད་བློན་པུ་ཊེན་(Vladimir Putin)གྱིས་གྷ་ཌ་ཧྥེ་དམར་གསོད་བཏང་པ་དང་ཁོང་གི་ལུས་ཡོངས་ཁྲག་གིས་ཁེངས་པ་རྒྱལ་སྤྱིའི་གསར་ལམ་ཁག་ནས་བསྐྱར་སྟོན་ཡང་སྟོན་བྱས་པ་དེ། རྒྱལ་སྤྱིའི་གསར་ལམ་ཁག་གི་ཐལ་ཆ་ཆེ་བའི་བྱ་སྤྱོད་ཡིན་པའི་སྐྱོན་བརྗོད་ཀྱང་བྱས་ཡོད། ཨ་ཧྥི་རི་ཀ་གླིང་དང་ཨ་རབ་བཅས་སུ་གྷ་ཌ་ཧྥེ་ནི། ཡུལ་ལུང་དེ་དག་གི་སྤྱི་ཚོགས་འཕེལ་རྒྱས་དང་། ཆིག་སྒྲིག་ཐོག་ཤུགས་རྐྱེན་གང་འཚམ་ཐེབས་མཁན་ཞིག་ཡིན་པར་ངོས་འཛིན་བྱེད་མཁན་ཡོད་ལ། ཁ་ཆེ་ཆོས་ལུགས་སྲུང་སྐྱོབ་བྱེད་མཁན་གྱི་སྒོ་ཁྱི་དང་། ནུབ་ཕྱོགས་པའི་ཆབ་སྲིད་དང་དཔལ་འབྱོར་གྱི་གནོན་ཤུགས་ལ་ཁ་གཏད་གཅོག་མཁན་གྱི་དཔའ་རྒོལ་ཞིག་ཏུ་བགྲང་མཁན་ཡང་ཡོད་འདུག

 

ལེ་བྷེ་ཡའི་ད་ལྟའི་གནས་བབ།

གྷ་ཌ་ཧྥེ་བསད་རྗེས་ལེ་བྷེ་ཡའི་ནང་དུས་བདེ་ལྷིང་འཇགས་ལྟ་བུ་བྱུང་ཡོད་ཀྱང་། གྷ་ཌ་ཧྥེའི་རྗེས་འབྲང་པས་ཟིང་ཆ་སློང་ཉེན་གྱི་འཇིགས་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་དང་། གསར་བརྗེ་གྱེན་ལངས་པའི་ནང་ཁུལ་དུ་ཤོག་ཁག་ནང་ཆབ་སྲིད་ལྟ་གྲུབ་མི་མཐུན་པའི་ཚོ་ཁག ཁ་ཆེ་རིང་ལུགས་པའི་ལྟ་གྲུབ་མཁྲེགས་འཛིན་བྱེད་མཁན། ཆོས་ལུགས་རིས་མེད་རིང་ལུགས་པ་སོགས་ཀྱི་རྙོག་དྲ་མི་མཐུད་གནས་ཡོད་སྟབས། གསར་བརྗེ་གཞུང་གིས་རྒྱལ་ཚོགས་དང་ཎ་ཊོའི་རོགས་དམག་མུ་མཐུད་གནས་དགོས་པའི་འབོད་སྐུལ་ཞུས་པར་ཁས་ལེན་བྱས་མི་འདུག དེ་སྔོན་ལེ་བྷེ་ཡའི་ཕྱི་འབྲེལ་མ་དངུལ་ཨ་སྒོར་ཐེར་འབུམ་ ༥༣ ཙམ་རྒྱལ་ཁོངས་ཟིང་འཁྲུག་སྐབས་རྒྱལ་སྤྱིའི་དངུལ་ཁང་དང་། སྲིད་གཞུང་ཁག་གིས་བཀག་སྡོམ་བྱས་ཡོད་པ་ལས་གང་མགྱོགས་ཨ་སྒོར་ཐེར་འབུམ་ ༢།༥ ཙམ་ད་ལྟའི་གཞུང་གསར་པར་རོགས་འདེགས་སླད་ཕྱིར་སྤྲོད་བྱ་རྒྱུར་རེ་བ་བཏོན་པར། རྒྱལ་ཚོགས་ཀྱིས་ཨ་སྒོར་ས་ཡ་ ༥༠༠ ཙམ་མི་མང་བདེ་རྩ་ཁག་ལ་སྤྲོད་རྒྱུ་ཁས་ལེན་བྱུང་ཡོད་འདུག

    གྷ་ཌ་ཧྥེ་ནི་ ༡༩༤༢ ལོར་ལེ་བྷེ་ཡའི་སར་ཊེ་(Sirte)ས་ཁུལ་དུ་སྐྱེས་ཤིང་། མཐོ་སློབ་སྐབས་དམག་ལ་ཞུགས་ཏེ་དབྱིན་ཡུལ་ནས་དམག་སྤྱོང་བྱས་ཡོད། རང་ལོ་༢༧ སྟེང་ཁོང་གི་སྣེ་ཁྲིད་འོག་དམག་མིའི་གྱེན་ལངས་ཤོག་ཁག་བཙུགས་ཏེ་ ༡༩༦༩ ལོར་ལེ་བྷེ་ཡའི་རྒྱལ་བོ་ཨའེ་ཌིརེ་སི་(Idris)མཐར་སྐྲོད་བཏང་རྗེས་གྷ་ཌ་ཧྥེ་ཁོང་རང་ཉིད་ཀྱིས་ལེ་བྷ་ཡའི་སྲིད་དབང་བཟུང་ཡོད། གྷ་ཌ་ཧྥེ་ནི་དུས་རྒྱུན་བུད་མེད་མཛེས་མ་མང་པོར་དགའ་མགུར་རོལ་རྒྱུར་མོས་ཤིང་། ནམ་རྒྱུན་ཁོ་རང་གི་སྐུ་སྲུང་དམག་མིར་ཡང་བུད་མེད་ཁོ་ན་བསྐོ་བཞག་བྱེད་ཀྱི་ཡོད་འདུག ༡༩༦༩ ལོར་བུ་མོ་(Fatiha al-Nuri)ཟེར་བཞིག་སྐྱེས་དམན་དུ་བླངས་ཏེ་༡༩༧༠ ལོ་གྲོངས་ཡོད་འདུག རྗེས་སུ་བསྐྱར་དུ་(Safia Farkash)ཟེར་བ་ཞིག་བླངས་ཏེ། སྔ་ཕྱིར་བུ་ ༧ དང་བུ་མོ་ ༡ བཅས་སྐྱེས་ཡོད་འདུག གྷ་ཌ་ཧྥེ་ལ་ཨེ་ཇིབ་སྲིད་འཛིན་ནཱ་སར་(Gamal Abdul Nasser)གྱི་ལྟ་གྲུབ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་ཅིང་། རྗེས་སུ་ཁོས་ཆབ་སྲིད་ལམ་ལུགས་སྐོར་གྱི་དཔེ་དེབ་ལྗང་ཁུ་(Green Book) ཞེས་པ་ཞིག་བརྩམས་ཏེ་ལེ་བྷེ་ཡའི་མི་མང་ལ་སློབ་སྦྱོང་བྱེད་དུ་བཅུག་ཡོད། དེ་ལ་འཇིག་རྟེན་ཆབ་སྲིད་གཞུང་ལུགས་གསུམ་པ་ (The third universal theory)ཞེས་གྲགས་ཤིང་། ཆབ་སྲིད་ལམ་ལུགས་དེ་ནི་ཨེ་ཇིབ་ཀྱི་གནའ་བོའི་མཚན་ཉིད་རིག་པ་སྨྲ་བ་པི་ལཱ་ཊོ་(Plato)ཡི་མ་རྩ་རིང་ལུགས་དང་། མཱ་ཁེ་སི་ཡི་སྤྱི་ཚོགས་རིང་ལུགས་གཉིས་ལས་བརྒལ་པའི་ཆབ་སྲིད་ལམ་ལུགས་ཤིག་ཏུ་ངོས་འཛིན་བྱེད་མཁན་ཡང་བྱུང་ཡོད།


ད་ལྟ་རང་བྷེ་བྷེ་སི་( BBC)བརྙན་འཕྲིན་ཁང་གིས་གནས་ཚུལ་ཐད་གཏོང་བྱེད་བཞིན་པ་ལྟར་ན། ཆུ་ཚོད་སྐར་མ་ ༦ གི་གོང་དུ་ལེ་བྷེ་ཡའི་སྲིད་དབང་སྒེར་གཅོད་པ་གྷ་ཌ་ཧྥེ་(Gaddafi )ལེ་བྷེ་ཡའི་རྒྱལ་ས་ཊི་རེ་པོ་ལེ་ཡི་(Sirtefalls)ཞེས་པའི་ས་གནས་ཀྱི་ས་འོག་གི་ཆུ་ཡུར་སྦུབས་ལམ་ཞིག་ཏུ་སྦེད་སྐུང་བྱས་ཡོད་པ་རྒྱལ་སྤྱིའི་བར་བརྒལ་ཚོགས་པ་( NTC )ཞེས་པའི་འཐབ་མོ་བ་དག་གིས་དམར་གསོད་བཏང་ཡོད་འདུག དེ་བཞིན། གྷ་ཌ་ཧྥེ་ཡི་བུ་མའུ་ཊ་སེམ་( Mutasim)ཟེར་བ་བསད་པའི་ཕུང་བོ་ཡང་རག་ཡོད་ཚུལ་རྒྱང་སྲིང་བྱེད་བཞིན་འདུག 

གྷ་ཌ་ཧྥེ་བསད་པའི་གནས་ཚུལ་ཕྱིར་བསྒྲགས་བྱས་མ་ཐག་ལེ་བྷེ་ཡའི་རྒྱལ་ས་ཊི་རེ་པོ་ལེ་གྲོང་ཁྱེར་གྱི་སྲམ་ལམ་ཁག་ཏུ་མི་མང་དང་དམག་མི་ཚོས་དགའ་སྤྲོའི་མཆོངས་ལྡིང་བྱེད་པ་དང་སྤྲོ་སྐྱིད་གཏོང་བ། ཤོག་སྦག་སྒྲོན་པ། གྷ་ཌ་ཧྥེ་ཡི་པར་མེར་བསྲེགས་གཏོང་བ་སོགས་བྱས་ཏེ་དགའ་སྤྲོའི་རྣམ་པ་ཤུགས་ཆེན་སྟོན་བཞིན་འདུག 

དབྱིན་ཡུལ་གྱི་སྲིད་བློན་ཁ་མེ་རོན་(David Cameron)དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་བྷན་ཁེ་མོན་བཅས་ཀྱིས་གསར་འགོད་གསལ་བསྒྲགས་བསྐྱངས་ཏེ། དེ་རིང་ལེ་བྷེ་ཡའི་སྲིད་འཛིན་གྷ་ཌ་ཧྥེ་བསད་པ་ནི། ལེ་བྷེ་ཡའི་མི་མང་ལ་སྤྲོ་སྐྱིད་ཀྱི་དུས་ཚོད་གསར་པ་ཞིག་འཆར་བ་རེད་ལ། ལོ་རྒྱུས་རང་བཞིན་གྱི་ལེ་བྷེ་ཡའི་སྲིད་དབང་སྒེར་འཛིན་གཞུང་མཇུག་བསྒྲིལ་ཏེ། མི་མང་ལ་དམངས་གཙོ་དང་ཞི་བདེ་ཡོང་རྒྱུར་རེ་བ་གསར་པ་ཞིག་བསླེབས་པ་རེད། མ་འོངས་པར་རྒྱལ་སྤྱི་དང་མང་ཚོགས་ཀྱི་རྒྱབ་སྐྱོར་འོག་གཞུང་གསར་པ་བཙུགས་ཏེ། དམངས་གཙོའི་འོས་བསྡུ་ཡི་ལམ་ནས་མགོ་འཁྲིད་གསར་པ་བསླེབ་རྒྱུར་རེ་བ་བྱེད་ཀྱི་ཡོད་ཅེས་ཀྱི་བསྒྲགས་གཏམ་སྤེལ་སོང་།

 

 

ཟླ་འདིའི་ཕྱི་ཚེས་ ༩ ཉིན་ལྷོ་ཨ་ཧྥི་ཀི་རི་ཀར་རྟེན་གཞི་བྱས་པའི་བདག་ཉིད་ཆེན་པོ་གྷན་ངྷི་ཐེབས་རྩ་ཁང་གིས་འདི་ལོའི་གྷན་ངྷི་རྒྱལ་སྤྱིའི་གཟེངས་རྟགས་(MAGI Award) ༸གོང་ས་མཆོག་ལ་ཕུལ་ཡོད་པ་དང་། དེ་ནི། ༸གོང་ས་མཆོག་གིས་ད་ལྟའི་བར་འཛམ་གླིང་ནང་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེ་ཐོག་རླབས་ཆེན་གྱི་མཛད་འཕྲིན་ལ་ཆེད་བསྟོད་དང་ངོས་འཛིན་གནང་བ་ཞིག་ཡིན་འདུག

ཉེ་ཆར་ཐེབས་རྩ་ཁང་དེས་༸གོང་ས་མཆོག་ལྷོ་ཨ་ཧྥི་རི་ཀའི་ཡེ་ཤུ་ཆོས་དཔོན་ཌེ་སི་མན་ཊུ་ཊུ་མཆོག་གི་འཁྲུངས་སྐར་ཐོག་ཆིབས་བསྒྱུར་སྐབས་གཟེངས་རྟགས་འབུལ་འཆར་ཡོད་ཀྱང་། རྒྱ་གཞུང་གི་གནོན་ཤུགས་འོག་ལྷོ་ཨ་ཧྥི་རི་ཀའི་གཞུང་གིས་༧གོང་ས་མཆོག་ལ་ཐོངས་མཆན་མ་སྤྲད་པར། ༸གོང་ས་མཆོག་གིས་ཆིབས་བསྒྱུར་ཕྱིར་འཐེན་གནང་རྗེས། ཕྱི་ཚེས་༩ ཉིན་ལྷོ་ཨ་ཧྥི་རི་ཀའི་གྲོང་ཁྱེར་ཊར་བྷན་དུ་ཡོད་པའི་ཚོགས་ཁང་ཆེན་མོའི་ནང་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་ཞུའི་ཐོག ཉིན་དེར་གྷན་ངྷི་ཐེབས་རྩ་ཁང་གི་ཚོགས་གཙོ་ཨེ་ལ་གྷན་ངྷི་མཆོག་ནས་ཞི་བདེ་གཟེངས་རྟགས་སྐུ་ཚབ་དོན་གཅོད་བསོད་ནམས་ཚེ་རིང་ལགས་ཀྱིས་བཞེས་ཡོད་ཅིང་། ༧གོང་ས་མཆོག་གིས་འཛམ་གླིང་ཞི་བདེ་དང་ཆོས་ལུགས་མཐུན་ལམ་ཐོག་སྐུ་ངལ་སྐྱོན་བཞིན་པའི་མཛད་འཕྲིན་ལ་བསྔགས་བརྗོད་དང་། རྒྱ་ནག་དང་མཉམ་དུ་ཞི་བའི་གྲོས་མོལ་གྱི་ལམ་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་གནང་སྟེ། བོད་མིའི་བདེན་དོན་དང་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་ཕྱག་ལས་གནང་བཞིན་པའི་སྐོར་སོགས་ངོ་སྤྲོད་གནང་ཡོད་འདུག

གྷན་ངྷི་རྒྱལ་སྤྱིའི་གཟེངས་རྟགས་དེ་ནི། ཕྱི་ལོ་ ༢༠༠༣ ལོར་ལྷོ་ཨ་ཧྥི་རི་ཀར་རྟེན་གཞི་བྱས་པའི་གྷན་ངྷི་ཐེབས་རྩ་ཁང་གིས་མགོ་འཛུགས་གནང་བའི་རྒྱལ་སྤྱི་རང་བཞིན་གྱི་གཟེངས་རྟགས་ཤིག་ཡིན་ཞིང་། གཟེངས་རྟགས་ཀྱི་དམིགས་ཡུལ་གཙོ་བོ། འཛམ་གླིང་སྟེང་ཞི་བདེ་དང་སྤྱི་ཚོགས་འཆམ་མཐུན། འཚེ་མེད་ཞི་བ། དམངས་གཙོ་ཡར་རྒྱས། སྤྱི་ཚོགས་ཞབས་ཞུ། ཆིག་སྒྲིག་བཅས་ཀྱི་ཐོག་ཕྱག་ལས་གནང་མཁན་གྱི་མི་སྣར་ཆེ་བསྟོད་དང་སྐུལ་ལྕག་གནང་ཆེད་ཡིན་པ་དང་། ད་ལྟའི་བར་འབར་མའི་དམངས་གཙོ་དོན་གཉེར་ཨང་སན་སི་ཀེ་དང་ལྷོ་ཨ་ཧྥི་རི་ཀའི་ཟུར་འཛིན་ཟུར་པ་ནེན་སེན་མན་ཌལ་ལཱ། ཊེན་སེན་ནི་ཡཱ་རྒྱལ་ཁབ་ཀྱི་རྗོ་ལེ་སི་ནེལ་རི་བཅས་ལ་ཕུལ་ཡོད་འདུག

གསར་འགོད་པ། དོན་གོ

ཉེ་ཆར་རྒྱ་ནག་གཞུང་གི་གནོད་ཤུགས་འོག་ལྷོ་ཨ་ཧྥི་རི་ཀ་གཞུང་གིས་༸གོང་ས་མཆོག་ལ་ཐོངས་ཆེན་སྤྲོད་རྒྱུར་ཕྱི་འགྱངས་བྱས་སྟབས། ལྡི་ལི་སྐུ་ཚབ་དོན་གཅོད་མཆོག་གིས་མཛད་འཆར་དེ་ཕྱིར་འཐེན་གནང་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་  ཉིིན་གྱི་ཡེ་ཤུ་ཆོས་དཔོན་ཌི་སི་མིན་ཊུ་ཊུ་ཡི་དགུང་གྲངས་ ༨༠ སོན་པའི་འཁྲུངས་སྐར་གྱི་ཉིན་མོར་༸གོང་ས་མཆོག་གིས་དྲ་ལམ་བརྒྱུད་དེ་འཁྲུངས་སྐར་ལ་འཚམས་འདྲི་གནང་ཡོད་འདུག  དྲ་རྒྱའི་བརྒྱུད་ལམ་ནས་འཚམས་འདྲིའི་སྐབས་༸གོང་ས་མཆོག་གིས་ཡེ་ཤུ་ཆོས་དཔོན་ཊུ་ཊུ་མཆོག་ལ། “ སྐུ་ཉིད་བགྲེས་ཡོལ་དུ་ཕེབས་པའི་རྗེས་སུ་ནོ་སྤེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཚོ་ལྷན་འཛོམས་ཐེངས་འགའ་བྱས་ཡོད་ཀྱང་། སྐུ་ཉིད་ལྷན་འཛོམས་ཀྱི་གྲས་སུ་ཕེབས་ཐུབ་མེད་པར་ང་ལ་རླབས་ཆེན་གྱི་སྐྱེ་བུ་ཞིག་ཚང་མེད་པའི་ཚོར་བ་སྐྱེས་ཡོང་གི་འདུག  ངས་དུས་ཡུན་རིང་བོར་སྐུ་ཉིད་ཀྱི་འཁྲུངས་སྐར་དུས་ཆེན་ཐོག་ང་ཚོ་དངོས་སུ་མཇལ་འཛོམས་ཐུབ་པར་རེ་སྒུག་བྱས་ཤིང་། ཁེ་ཉིན་བར་ལྡི་ལི་གསར་པར་བཅའ་སྡོད་ངའི་སྐུ་ཚབ་ལྷོ་ཨ་ཧྥི་རི་ཀའི་གཞུང་ཚབ་ཁང་ལ་དངོས་སུ་བཅར་ཡོད། ཡིན་ནའང་། ཁོང་ཚོས་ང་ལ་ཐོངས་མཆན་སྤྲོད་རྒྱུ་ཡིན་མིན་གྱི་བརྡ་ལན་གང་ཡང་མེད་སྟབས། ངོས་ནས་ལྷོ་ཨ་ཧྥི་རི་ཀའི་གཞུང་ལ་ཐོངས་མཆན་སྤྲོད་རྒྱུ་སྟབས་མ་བདེ་བ་ཡོང་གི་ཡོད་པར་མཐོང་སྟེ་ཆིབས་སྒྱུར་ཕྱིར་འཐེན་བྱས་པ་ཡིན། ངོས་ཀྱི་ཐེངས་འདིའི་གོ་སྐབས་བརྒྱུད་སྲིད་འཛིན་ཟུར་པ་ཎེན་སེལ་མན་ཌལ་ལཱར་མཇལ་འདོད་ཀྱི་རེ་བ་མ་འགྲུབ་པར་བློ་ཕམ་ཆེན་པོ་ཡོད། ཁོང་དགུང་ལོ་བགྲེས་པོ་ཡིན་སྟབས། མ་འོངས་པར་ང་ཚོ་མཇལ་ཐུབ་མིན་ཡང་ཐེ་ཚོམ་གྱི་གནས་སུ་གྱུར་ཡོད།” ཅེས་གསུངས་ཡོད།

ཡང་༸གོང་ས་མཆོག་གིས། “ ཆོས་གྲོགས་ཊུ་ཊུ་ཁྱེད་ཉིད་དགུང་ལོ་ ༨༠ ཕེབས་ཡོད་ཀྱང་།  སྐུ་ཉིད་ཀྱིས་བཟང་སྤྱོད་ཀྱི་ལྟ་བ་དང་རྩ་དོན་བརྟན་པོས་དུས་དང་རྣམ་པ་ཀུན་ཏུ་བྱམས་བརྩེ་དང་ཞི་བདེ། འཚེ་བ་མེད་པའི་ལྟ་གྲུབ་དར་སྤེལ་གཏོང་བཞིན་ཡོད། ངོས་ཀྱི་ང་ཚོ་སླར་མཇལ་ལ་རེ་བ་དང་བཅས་སྐུ་ཉིད་ཀྱི་དགུང་ལོ་ ༨༠ འཁྲུངས་སྐར་ཉིན་དྭངས་གཙང་གི་ཁ་བཏགས་དང་ལག་གཉིས་ཐལ་མོ་སྦྱར་ནས་འཁྲུངས་སྐར་སྤྲོ་བོ་ཡོང་བའི་འཚམས་འདྲི་ཞུ་རྒྱུ་ཡིན། བློ་ཕངས་པ་ཞིག་ལ་འཛམ་གླིང་ནང་སྐུ་ཉིད་ལྟར་སྐྱེ་འགྲོ་ཡོངས་ལ་རེ་བ་སྟེར་ཐུབ་པའི་རླབས་ཆེན་གྱི་སྐྱེ་བུ་དཀོན་ཞིང་། ངོས་ཀྱི་རྒྱུན་དུ་ང་ཚོའི་མི་རབས་འདི་དུས་རབ་ཉུ་ཤུ་བའི་མི་རབས་ཡིན་པ་འགྲེལ་བཤད་རྒྱག་གི་ཡོད། ང་ཚོའི་དུས་རབས་རྫོགས་བ་དང་མཉམ་དུ་ང་ཚོ་ལོ་ན་རྒས་བཞིན་ཡོད། ཡིན་ནའང་། སྐུ་ཉིད་ལྟ་བུའི་སྐྱེ་བུ་ཚོས་དུས་རབས་ཉེར་གཅིག་པར་ཤུགས་རྐྱེན་ཐེབས་ཐུབ་པར་མ་ཟད། ངོས་ནས་ཀྱང་དུས་རབས་ཉེར་གཅིག་པ་ཞི་བདེ་དང་གྲོས་མོལ། བྱམས་བརྩེ་དང་འགྲོ་བ་མིར་བརྩེ་སེམས་ལྡན་པའི་དུས་རབས་ཤིག་ཡིན་དགོས་ཞེས་ནན་གྱིས་བརྗོད་བཞིན་ཡོད།  མཐའ་མར་ཆོས་གྲོགས་དམ་པ་གང་ཉིད་ཀྱི་སྐུ་གཟུགས་བདེ་ཐང་དང་སྐུ་ཚེ་ཡུན་རིང་འཚོ་བའི་སྨོན་འདུན་ཞུ་རྒྱུ་ཡིན། ” ཞེས་གསུངས་ཡོད་འདུག

 

     ཟླ་ ༡༠་བའི་ཕྱི་ཚེས་༧ ཉིན་གྱི་ཡེ་ཤུ་ཆོས་དཔོན་ཌི་སི་མིན་ཊུ་ཊུ་ཡི་ཁོང་ཉིད་དགུང་གྲངས་ ༨༠ སོན་པའི་འཁྲུངས་སྐར་ཐོག ༧གོང་ས་མཆོག་མགྲོན་འབོད་གནང་ཡོད་ཀྱང་། རྒྱ་ནག་གཞུང་གི་གནོན་ཤུགས་འོག་ལྷོ་ཨ་ཧྥི་རི་ཀ་གཞུང་གིས་ཐོངས་ཆེན་སྤྲོད་ རྒྱུར་ཕྱི་འགྱངས་བྱས་པས། ཡེ་ཤུ་ཆོས་དཔོན་མཆོག་གིས་ཨ་ཧྥི་རི་ཁ་གཞུང་ལ་བློ་ཕམ་གྱི་གསར་འགོད་གསལ་ བསྒྲགས་ཤིག་བསྐྱངས་འདུག་པའི་ནང་དུ།

  “ སྲིད་འཛིན་ཛུ་མ་ལགས་དང་ཁྱེད་ཀྱི་གཞུང་འདིས་ང་དང་ང་ཚོའི་མི་དམངས་ཀྱི་ངོ་བོ་ མཚོན་ཐུབ་ཀྱི་མི་འདུག་ལ། ཁྱེད་ཀྱིས་སོ་སོའི་ཁེ་ཕན་གྱི་ཆེད་དུ་རྒྱལ་དམངས་ལ་བརྩི་བཀུར་མི་འདུག ད་ལྟའི་ཁྱེད་ཀྱི་སྲིད་གཞུང་ལས་འདས་པའི་ལོ་རྒྱུས་ཐོག་གི་མི་རིགས་དཀར་ནག་ དབྱེ་འབྱེད་སྐབས་ཀྱི་གཞུང་དེ་ཡག་པོར་མཐོང་གི་ཡོད། གལ་སྲིད་སྐབས་དེའི་སྲིད་གཞུང་ཡིན་ན་དེ་རིང་ཏཱ་ལའི་བླ་མར་ཐངས་མཆན་སྤྲད་ཡོད་ པར་ངས་ཡིད་ཆེས་བྱེད་ཀྱི་ཡོད། ད་ལྟ་བོད་ནང་དཀའ་སྡུག་མྱོང་བཞིན་པའི་གནས་བབས་ལ་རྒྱབ་སྐྱོར་མི་བྱེད་པ་འདིས་ ང་དང་མི་དམངས་ཡོངས་ཀྱི་འདོད་འདུན་རྡོག་རོལ་བཏང་བ་ནི། གཞུང་གིས་མི་མང་གི་ཚབ་མཚོན་མ་ཐུབ་པའི་དན་རྟགས་ཡིན ” ཞེས་བཀོད་འདུག

རླབས་ཆེན་གྱི་སྐྱེད་མ་གསུམ།

       ཕྱི་ཚེས་ ༧ ཉིན་ནོར་ཝེ་རྒྱལ་ས་ཨོ་སི་ལོ་རུ་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཚོགས་ཆུང་གི་ཚོགས་གཙོ་ཡཱ་ཀི་ལན་(Jagland)ལགས་ཀྱིས།   ཕྱི་ལོ་ ༢༠༡༡ ལོའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་དེ་ལི་བྷི་ཡ་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་སྲིད་འཛིན་ཐོག་མ་ལྕམ་ཇོན་སོན་སིར་ལེ་ཌི་(Ellen Johnson-Sirleaf)དང་། ལི་བྷི་ཡའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ལྩམ་ལའེ་མཱ་གྷོ་བའེ(Leymah Gbowee) ཡེ་མན་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ལྕམ་ཋ་བ་ཀོལ་ཀར་མཱན་(Tawakkul Karman)གསུམ་ལ་ཕུལ་བ་གསལ་བསྒྲགས་བསྐྱངས་ཏེ། རླབས་ཆེན་གྱི་སྐྱེས་མ་འདི་གསུམ་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་འབུལ་དགོས་པའི་རྒྱུ་མཚན་སྐོར་ལ། ཁོ་མོ་ཚོར་ལྷན་སྐྱེས་སུ་ཡོད་པའི་བདེ་འཇགས་རང་བཞིན་དང་བུད་མེད་རྣམས་ཞི་བདེ་འཛུགས་སྐྲུན་བྱེད་པའི་ཁེ་དབང་ཁྲོད་ཕྱོགས་ཡོངས་ནས་མཉམ་ཞུགས་གནང་སྟེ་འཚེ་བ་མེད་པའི་འཐབ་རྩོད་ལག་ལེན་བསྟར་གྱི་ཡོད་སྐོར་བརྗོད་འདུག  ད་དུང་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཚོགས་ཆུང་གི་ཚོགས་གཙོ་མཆོག་གིས། གལ་སྲིད་བུད་མེད་རྣམས་ལ་སྐྱེས་པ་དང་གཅིག་མཚུངས་ཀྱི་གོ་སྐབས་ཐོབ་པ་ཡིན་ན། ཞི་བདེ་ཅན་གྱི་འཛམ་གླིང་མངོན་འགྱུར་ཡོང་བར་དུས་ཡུན་རིང་པོ་མི་དགོས་ཅེས་བུད་མེད་ཀྱི་ཞི་བདེ་དང་བརྩེ་བ་ལྡན་པའི་བུད་མེད་ཀྱི་རང་གཤིས་ལ་ཆེ་བསྟོད་བྱས་ཡོད་འདུག

      རང་ལོ་ ༧༢ སོན་པའི་ལྕམ་ཇོན་སོན་སིར་ལེ་ཌི་ལགས་ནི་ཧཱ་ཝར་ཌི་སློབ་ཆེན་ནང་དཔལ་འབྱོར་དང་སྤྱི་དམངས་སྲིད་ཇུས་ཐོག་ཞིབ་འཇུག་སློབ་མཐར་ཕྱིན་རྗེས། ལི་བྷི་ལི་ཡར་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་དང་། མཉམ་འབྲེལ་རྒྱལ་ཚོགས་བཅས་སུ་ནོར་སྲིད་ཀྱི་ལས་འགན་ཁུར་མྱོང་ཡོད་པ་རེད། ཕྱི་ལོ་ ༢༠༠༥ ལོར་ཨ་ཧྥི་རི་ཀའི་མི་དམངས་ཀྱིས་ཐད་ཀར་འོས་འདེམས་བྱས་པའི་སྲིད་འཛིན་ཐོག་མ་དེ་ཆགས་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་ཁོ་མོ་ལི་བྷི་ལི་ཡའི་སྲིད་འཛིན་འོས་བསྡུའི་འགྲན་རྩོད་ལ་ཞུགས་རྒྱུ་ཡིན་འདུག  ཁོ་མོའི་འོས་བསྡུའི་ལས་དོན་འགན་ཁུར་པས་ལྕམ་ཇོན་སོན་སིར་ལེ་ཌི་ལགས་ཀྱི་མི་ཚེ་གཅིག་ནང་སྒྲུབ་པའི་ལས་དོན་དང་བྱ་འགུལ་དག་གིས་ཨ་ཧྥི་རི་ཀའི་བུད་མེད་གཙོས་པའི་ལི་བྷི་ལི་ཡའི་མི་དམངས་དང་། དེ་བཞིན་འཛམ་གླིང་སྤྱི་ཡོངས་ལ་རླབས་ཆེན་གྱི་མཛད་རྗེས་བཞག་ཡོད་སྐོར་བརྗོད་ཡོད་པར་མ་ཟད། ནོ་སྦེལ་ཞི་བདེ་གཟེངས་རྟགས་ཚོགས་ཆུང་གིས་ཀྱང་ལྕམ་ཇོན་སོན་སིར་ལེ་ཌི་ལགས་ཨ་ཧྥི་རི་ཀའི་ནང་ཞི་བདེ་འབྱུང་ཐབས་དང་།  དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། བུད་མེད་ཀྱི་གནས་བབ་ཡར་རྒྱས་བཅས་ཀྱི་ཆེད་དུ་འབད་བརྩོན་གནང་ཡོད་པར་ངོས་འཛིན་ཆེ་མཐོང་གནང་ཡོད་པ་རེད། ཁོ་མོས་རང་ཉིད་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཕུལ་བ་དེ་ནི། འདས་པའི་ལོ་མང་རིང་ལི་བྷེ་ལི་རྒྱལ་ཁབ་ནང་དྲང་སྙོམས་དང་། ཞི་བདེ་ཡོངས་ཐབས་སུ་སྒེར་ངོས་ནས་འབད་བརྩོན་གནང་བ་དེར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངོས་འཛིན་གནང་བ་ཞིག་ཡིན་པར་ཡིད་ཆེས་བྱེད་ཀྱིན་ཡོད་སྐོར་བརྗོད་འདུག 

     རང་ལོ་ ༣༩ སོན་པའི་ལྕམ་ལའེ་མཱ་གྷོ་བའེ་ལགས་ནི་ལིས་བྷི་ལི་ཡ་ལགས་ནི། ཨ་ཧྥི་རི་ཀའི་བུད་མེད་ཀྱི་ཞི་བདེ་དང་བདེ་འཇགས་འབྲེལ་མཐུད་(Women Peace and Security Network-Africa)ཡི་གསར་འཛུགས་གནང་མཁན་ཡིན་པ་དང་། ཁོ་མོས་རིགས་རིས་དབྱེ་འབྱེད་བསམ་བློའི་བཀག་རྒྱ་ལས་བརྒལ་ཏེ། ལི་བྷི་ལི་ཡའི་ནང་ཡེ་ཤུ་ཆོས་ལུགས་དང་ཁ་ཆེ་ཆོས་ལུགས་ཀྱི་བུད་མེད་རྣམས་རྩ་འཛུགས་ཀྱིས་ངག་བཅད་ཀྱི་ངོ་རྒོལ་ལས་འགུལ་དང་འཚེ་བ་མེད་པའི་ངོ་རྒོལ་གྱི་ལས་འགུལ་སྣ་ཚོགས་སྤེལ་ཏེ། ལི་བྷི་ལི་ཡའི་ནང་འཁྲུག་ཞི་འཇགས་ཡོང་བར་འབད་བརྩོན་ཆེན་པོ་གནང་ཡོད་པ་དང་།  ཕྱི་ལོ་ ༢༠༠༢ ལོར་ཁོ་མོས་ལི་བྷི་ལི་ཡའི་ནང་བུད་མེད་ཚོས་ལས་མཚམས་བཞག་སྟེ་ཞི་བའི་ངོ་རྒོལ་ལས་འགུལ་སྤེལ་མགོ་བརྩམས་ཏེ། བརྩེ་བ་དང་ཞི་བདེ་ཐབས་ལམ་ལ་བརྟེན་ནས་འདས་པའི་ལོ་ ༡༤ རྒྱུན་མཐུད་དེ་འབྱུང་བཞིན་པའི་ཁྲག་དྲི་བྲོ་བའི་ནང་འཁྲུག་མཇུག་སྒྲིལ་བཅུག་ཡོད་འདུག  ༼གདོན་འདྲེ་ཕྱིར་ལྡོག་གི་སྨོན་ལམ༽(Pray the Devil Back to Hell)ཞེས་པའི་དངོས་བྱུང་གློག་བརྙན་གྱི་ནང་དུའང་ཁོ་མོའི་མཛད་རྗེས་གཙོ་བོར་བཟུང་སྟེ་ལི་བྷི་ལི་ཡའི་བུད་མེད་ཀྱི་སྙིང་སྟོབས་མཚོན་པར་བྱས་ཡོད་པ་རེད།

      རང་ལོ་ ༣༢ ཡིོན་པའི་ལྕམ་ཋ་བ་ཀོལ་ཀར་མཱན་ལགས་ནི་༼འཆིང་ཐག་མེད་པའི་བུད་མེད་གསར་འགོད་པ༽(Women journalists Without Chains)ཞེས་པའི་འགྲོ་བ་མིའི་ཐོབ་ཐང་རྩ་འཛུགས་ཚོགས་པའི་འགན་ཁུར་བ་དང་། ཡེ་མན་ནང་ཤུགས་རྐྱེན་ཆེ་བའི་དམངས་གཙོའི་ལས་འགུལ་པ གསར་འགྱུར་ལས་རིགས་པ་ཞིག་བཅས་ཡིན་འདུག ཁོ་མོས་ཡེ་མན་ནང་བུད་ཚོའི་དམངས་གཙོའི་ཁེ་དབང་རྩོད་ལེན་དང་ཞི་བདེ་ལས་འགུལ་སྤེལ་བའི་བརྒྱུད་རིམ་ཁྲོད་ཤུགས་རྐྱེན་ཆེན་པོ་བཞག་ཡོད་པར་མ་ཟད། ད་ལོའི་ཟླ་དང་པོ་ནས་བཟུང་ཡེ་མན་སྲིད་འཛིན་ཧྲ་ལིས་ཡི་སྒེར་གཅོད་སྲིད་གཞུང་མགོ་རྟིང་སློག་པའི་ལས་འགུལ་ཁྲོད་ཞུགས་ཏེ། ལས་འགུལ་རྩ་འཛུགས་དང་སྣེ་ཁྲིད་མཁན་གྱི་མི་སྣ་གཙོ་བོ་དེ་ཆགས་ཡོད་པ་རེད། ཁོ་མོས་རང་ཉིད་ལ་གཟེངས་རྟགས་ཐོབ་པ་ཐོས་རྗེས། ད་ལོའི་ནོ་སྦེལ་ཞི་བདེ་གཟེངས་ང་ལ་སྤྲད་པ་དེར་དགའ་ཚོར་ཆེན་པོ་བྱུང་། ངས་ཞི་བདེ་གཟེངས་རྟགས་འདི་ཡེ་མན་གསར་བརྗེ་ལས་འགུལ་སྤེལ་མཁན་གཞོན་རབས་པ་ཚོ་དང་ཡེ་མན་མི་མང་ལ་འབུལ་རྒྱུ་ཡིན  ཞེས་བརྗོད་ཡོད་འདུག 

             ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གིས། བུད་མེད་དེ་གསུམ་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཕུལ་བ་འདི་ལ་བརྟེན་ཏེ།  འཛམ་གླིང་རྒྱལ་ཁབ་མང་པོའི་ནང་བུད་མེད་རྣམས་ལ་སྔར་བཞིན་གཉའ་གནོན་གྱི་གནས་ཚུལ་འབྱུང་བཞིན་པ་མཇུག་སྒྲིལ་ཐུབ་རྒྱུར་རེ་བ་དང་། བུད་མེད་ལ་རང་ཆས་སུ་ཡོད་པའི་ཞི་བདེ་དང་དམངས་གཙོའི་ནུས་ཤུགས་གོང་འཕེལ། ཁོ་མོ་ཚོས་འཚེ་བ་མེད་པའི་ཐོག་ནས་བུད་མེད་ཀྱི་བདེ་འཇགས་དང་ཁེ་དབང་རྩོད་ལེན་ལ་ཡི་རངས། ལྷག་པར་དུ་འཛམ་གླིང་བུད་མེད་རྣམས་ཕྱོགས་ཡོངས་ནས་ཞི་བདེ་འཛུགས་སྐྲུན་ལས་དོན་ཁྲོད་ཞུགས་རྒྱུར་སྐུལ་འདེད་ཐོབ་པའི་རེ་འདུན་བཏོན་ཡོད་པར་མ་ཟད། ད་ལོའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་དེ་ཨ་ཧྥི་རི་ཀའི་བུད་མེད་ཚོར་གནང་བ་འདིས། འཕེལ་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གི་བུད་མེད་ཀྱི་ཁེ་དབང་ཐད་གཙིགས་ཆེན་གནང་དགོས་པའི་བརྡ་ལན་ཞིག་ཡིན་པར་བརྗོད་འདུག  

      བུད་མེད་དེ་གསུམ་གྱིས་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་རྒྱལ་ས་ཨོ་སི་ལོ་རུ་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོར་ཕེབས་རྒྱུ་ཡིན་པ་དང་། ད་ལོའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་ལ་བྱ་དགའི་མ་དངུལ་ཨ་སྒོར་ཁྲི་ ༡༥༠ ཡོད་འདུག 

      རླབས་ཆེད་ཞི་བདེའི་སྐྱེད་མ་གསུམ་ལ་གུས་འདུད་བསྔགས་བརྗོད་ཞུ། ལོ་རྗེས་མར་ཕུལ་བྱུང་རང་དབང་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ལ་ཡང་གཟི་བརྗིད་ཀྱི་གཟེངས་རྟགས་འདི་འཐོབ་པའི་རེ་བ་ཡོད།


ལོ་
 ༨༠ སོན་པའི་ལིག་ཞོ་པའོ་ཡི་ཨ་ཕ་ཕྱི་ཟླ་  ཚེས་ ༡༢ ཉིན་འདས་གྲོངས་སུ་ཕྱིན་པའི་རྗེས།  ཚེས་ ༡༨ ཉིན་ལིག་ཞོ་པའོ་དམག་མིའི་ལྟ་རྟོག་འོག་བཙོན་ཁང་ནས་ཀློད་དེ་དུས་ཐུང་རིང་ཕྱིར་ཁྱིམ་དུ་ལོག་བཅུག་ཅིང་། ཁོང་གི་ཕ་རྒན་འདས་ཏེ་བདུན་ཚིགས་དང་པོ་འཁོར་བའི་མཆོད་འབུལ་བྱེད་བཅུག་ཡོད་འདུག

ཟླ་སྔོན་མའི་ཕྱི་ཚེས་ ༡༨ ཉིན་སྐུ་ཞབས་ལིག་ཞོ་པའོ་རང་ཁྱིམ་ལ་ཐེངས་གཅིག་འགྲོ་བཅུག་པ་དེ་ནི། ཁོང་ལ་རྒྱལ་ཁབ་མགོ་རྟིང་སློག་མཁན་གྱི་ཉེས་མིང་འོག་ལོ་ ༡༡ བཙོན་འཇུག་ཁྲིམས་ཐག་བཅད་དེ་ཕྱིར་རང་ཁྱིམ་དུ་ལོག་པ་ཐོག་མ་དེ་ཆགས་ཡོད་ཅིང་།ལིག་ཞོ་པའོ་ཕྱིར་ཁྱིམ་དུ་ལོག་རྗེས་ལས་དོན་ག་རེ་བྱས་མིན་དང་། དུས་ཡུན་ཅི་ཙམ་སྡོད་ཆོག་མིན་ཕྱིར་བསྒྲགས་བྱེད་བཅུག་མེད།ཁོང་གི་ནུ་བོ་ལིག་ཞོ་ཞོན་གྱིས་གསར་འགོད་པ་ཚོར་ཐེངས་འདིར་ལིག་ཞོ་པའོ་ཁྱིམ་དུ་ལོག་པའི་ཞིབ་ཕྲའི་གནས་ཚུལ་བརྗོད་བདེ་བོ་མེད་སྐོར་བརྗོད་འདུག  དེ་བཞིན། ལོ་སྔོན་མར་ལིག་ཞོ་པའོ་ཡི་སྐུ་ཚབ་ཏུ་ནོ་སྦེལ་ཞི་བདེ་གཟེངས་རྟགས་མཛད་སྒོར་ཕེབས་མཁན་ཡཱང་ཅན་ལི་ཡིས་ཀྱང་། ལིག་ཞོ་པའོ་ཨ་ཕའི་འདས་མཆོད་དུ་བཏང་བའི་གུ་ཡངས་ཀྱི་རྣམ་འགྱུར་རྫུན་མ་དེས། འདས་པའི་ལོ་གཅིག་རིང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཡར་རྒྱས་ཕྱིན་པའི་རྣམ་པ་མཚོན་མི་ཐུབ་ཅེས་བརྗོད་འདུག    

ཧོང་ཀོང་དུ་རྟེན་གཞི་བྱས་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལུས་འགུལ་ཚོགས་པའི་གནས་ཚུལ་ནང་། ཟླ་སྔོན་མའི་ནང་ལིག་ཞོ་པའོ་ཡི་ཕུ་བོ་ལིག་ཞོ་ཀུང་དང་། ལིག་ཞོ་ཅོན། ནུ་བོ་ལིག་ཞོ་ཞོན་སྤུན་མཆེད་གསུམ་རྒྱ་ནག་ལེའོ་ཉིན་ལིན་ཀྲིག་བཙོན་ཁང་དུ་ལིག་ཞོ་པའོ་ལ་ལྟ་རུ་བཅུག་ཡོད་ཅིང་། དེ་ནི་སྔར་ལོའི་ཕྱི་ཟླ་ ༡༠ ཚེས་ ༡༠ ཉིན་ཁོང་གི་སྐུ་ཟླ་ལིག་ཞཱ་ཐུག་འཕྲད་བྱས་རྗེས་ཀྱི་ཡོངས་ཁྱབ་ཐུག་འཕྲད་ཐོག་མ་དེ་ཆགས་ཡོད། འོན་ཀྱང་། ལིག་ཞོ་པའོ་དང་ཐུག་འཕྲད་སྐབས་ཀྱི་གནས་ཚུལ་ཁག་རྒྱ་གཞུང་གིས་ཕྱིར་བསྒྲགས་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་སྟབས། ལིག་ཞོ་པའོ་ཡི་ཕུ་བོས་གསར་ལམ་ཁག་ཏུ་ལིག་ཞོ་པའོ་ཡི་གནས་སྟངས་གང་འཚམ་ཡག་པོ་ཡོད་པ་དང་། ཐུག་འཕྲད་སྐབས་སེམས་་དགའ་ཚོར་བྱུང་སྐོར་ཙམ་ལས་ཞིབ་ཕྲའི་གནས་ཚུལ་བཤད་མེད། ལིག་ཞོ་པའོ་ཡི་ནུ་བོ་ལིག་ཞོ་ཞཱོན་གྱིས་ཁོང་ཚོ་སྤུན་མཆེད་གསུམ་བཙོན་ཁང་དུ་ལིག་ཞོ་པའོ་ལ་ལྟ་རུ་ཕྱིན་སྐབས། ལིག་ཞོ་པའོ་ཡིས་ཁོ་ཚོར་ད་ལོའི་ཕྱི་ཟླ་  ནང་ལིག་ཞཱ་བཙོན་ཁང་དུ་ཁོང་ལ་ལྟ་རུ་ཐེངས་གཅིག་བཏང་ཡོད་སྐོར་བརྗོད་འདུག་ཟེར།

རྒྱ་གཞུང་གིས་དེ་སྔོན་ནས་ལིག་ཞོ་པའོ་དང་འབྲེལ་བའི་བརྒྱུད་ལམ་ཡོངས་ལ་བཀག་སྡོམ་བྱས་ཡོད་ཀྱང་། ད་ལོའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་སུ་ལ་སྤྲོད་མིན་གསལ་བསྒྲགས་བྱེད་ལ་ཉེ་སྐབས། རྒྱ་གཞུང་གིས་ལིག་ཞོ་པའོ་དང་ཁོང་གི་ནང་མི་ཐུག་འཕྲད་བྱེད་བཅུག་སྟེགུ་ཡངས་ཀྱི་རྣམ་འགྱུར་བསྟན་ཡོད་པ་དང་།ཧོང་ཀོང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དྲ་རྒྱའི་ཉམས་ཞིབ་པ་ཝང་སུང་ལིན་གྱིས རྣམ་འགྱུར་དེ་ནི་རྒྱ་གཞུང་གིས་དམིགས་ཡུལ་ལྡན་པའི་སྒོ་ནས་ལིག་ཞོ་པའོ་དང་འབྲེལ་བའི་གནས་ཚུལ་ཕྲན་བུ་ཕྱི་ཕྱོགས་སུ་སྒྲོག་ཐབས་བྱས་པ་ཞིག་རེད། དེའི་རྒྱུ་མཚན་གཙོ་བོ་ནི་ལིག་ཞོ་པའོ་ལ་ཞི་བདེ་གཟེངས་རྟགས་ཕུལ་དེ་ལོ་གཅིག་འཁོར་བའི་དུས་དྲན་སྐབས། རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་ལིག་ཞོ་པའོ་ཡི་གནས་སྟངས་ཐད་ཚ་འདྲི་མི་ཡོང་ཐབས་དང་། དམངས་གཙོ་དོན་གཉེར་བ་དང་མང་ཚོགས་ཚོའི་ངོ་རྒོལ་ལས་འགུལ་རིགས་འགོག་ཐབས་བཅས་ལ་དམིགས་པ་ཞིག་ཡིན་ཚུལ་བརྗོད་ཡོད། དེ་བཞིན། བྷི་བྷི་སིའི་གསར་འགྱུར་དབྱེ་ཞིབ་པས་ཀྱང་། མེ་ཏོག་བ་སྤྲུའི་གསར་བརྗེ་སུ་འབོད་པའི་ཨ་རུབ་ཀྱི་དམངས་གཙོའི་ལས་འགུལ་གྱི་གཡོ་འགུལ་དེས་རྒྱ་གཞུང་ལ་སྡོད་མི་བདེ་བའི་ཚོར་བ་ཞིག་སྤྲད་དེད་ལོའི་ཕྱི་ཟླ་ ༡༠ ནང་རྒྱ་ནག་དབུས་གཞུང་གིས་སྐབས་བཅུ་བདུན་པའི་དམར་ཤོག་འཐུས་མིའི་ཚོགས་འདུ་ཐེངས་  འཚོགས་འཆར་གྱི་སྐབས་དང་བསྟུན་ཏེརྒྱ་ནག་ནང་མང་ཚོགས་ཀྱིས་གཞུང་གི་གཅིག་སྡུད་ཆབ་སྲིད་ལམ་ལུགས་བཅོས་བསྒྱུར་གྱི་སྐད་འབོད་ཤུགས་ཆེན་ཡོང་ཉེན་ལ་དོགས་ཏེ་ལིག་ཞོ་པའོ་ཡི་བཀག་སྡོམ་ལྷོད་ཡངས་བཏང་བ་རེད་ཟེར།  

ཟླ་འདིའི་ཕྱི་ཚེས་  ཉིན་ཕྱི་ཕྱོགས་ཀྱི་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས། རྒྱ་གཞུང་གིས་གང་མགྱོགས་ལིག་ཞོ་པའོཀློད་གྲོལ་དང་། ཁོང་གི་སྤྱི་དམངས་གྱི་ཐོབ་ཐང་བསྐྱར་གསོ་བྱ་དགོས་པ་དང་ ལིག་ཞོ་པའོ་ཡི་སྐུ་ཟླ་ལིག་ཞཱ་ལ་གནས་ཚུལ་བརྒྱུད་སྒྲོག་གི་རང་དབང་དང་། ཁོ་མོའི་བདེ་འཇགས་དང་ནང་མི་ལྷན་འཛོམས་ཀྱི་ཁེ་དབང་ལ་རྩི་མཐོང་བྱ་དགོས་པའི་འབོད་སྐུལ་བྱས་འདུག ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་ཀྱང་། ཕྱི་ལོ་ ༢༠༡༠ ལོར་སྐུ་ཞབས་ལིག་ཞོ་པའོ་ལ་ནོ་སྦེལ་ཞི་བདེ་གཟེངས་འབུལ་བཞེས་ཀྱི་མཛད་སྒོར་མཉམ་ཞུགས་གནང་མཁན་འཛམ་གླིང་རྒྱལ་ཁབ་ཁག་ལ་འབོད་སྐུལ་ཞུས་ཏེ། རྒྱ་གཞུང་གིས་ལིག་ཞོ་པའོ་ལ་ཞི་བདེ་གཟེངས་རྟགས་ཕུལ་ཏེ་ལོ་འཁོར་གཅིག་འཁོར་བའི་དུས་དྲན་དང་བསྟུན་ཏེ་ཁོང་ཀློད་གྲོལ་དང་།གཞུང་གིས་ཁྲིམས་འགལ་ཐོག་ཁོང་གི་ནང་མིབཀག་སྡོམ་བྱ་རྒྱུ་མཚམས་འཇོག་ཡོང་རྒྱུར་གནོན་ཤུགས་སྤྲོད་དགོས་ཚུལ་བརྗོད་འདུག 

གཞན། ལིག་ཞོ་པའོ་ཡི་སྐུ་ཟླ་ལིག་ཞཱ་རྒྱ་གཞུང་གི་ལྟ་རྟོག་འོག་བཀག་སྡོམ་བྱས་ཏེ་ཕྱི་ཕྱོགས་སུ་འབྲེལ་བ་བྱེད་འཇུག་གི་མེད་པའི་ཐད། ལིག་ཞོ་པའོ་ཡི་ནུ་བོ་ལིག་ཞོ་ཞོན་གྱིས་ཟླ་ ༡༠ ཚེས་  ཉིན་ཨ་རིའི་རླུང་འཕྲིན་ཁང་ལ། ད་བར་ནང་མི་ཚོས་ལིག་ཞཱ་ཡི་སྐོར་གང་ཡང་ཤེས་ཐུབ་ཀྱི་མེད་སྐོར་བརྗོད་འདུག གསར་ལམ་ཁག་གིས་ལིག་ཞཱ་ཡི་ཨ་མ་ཁ་པར་བརྒྱུད་གནས་ཚུལ་དྲིས་སྐབས། ལིག་ཞཱ་ད་ལྟ་བདེ་འཇགས་ཡིན་ཚུལ་ཙམ་ལས་ཞིབ་ཕྲ་བཤད་ཐུབ་མེད། ཟླ་འདིའི་ཕྱི་ཚེས་ ཉིན་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་ཧུའུ་ཀཱ་ལགས་ཀྱི་བཟའ་ཟླ་ཙིན་ཅན་ཡཱན་གྱིས་ལིག་ཞོ་པོ་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཕུལ་ཏེ་ལོ་གཅིག་འཁོར་བཞིན་པའི་དུས་ཡུན་རིང་། ང་ཚོས་ལིག་ཞཱ་ཡི་གནས་སྟངས་ལ་ཧ་ཅང་བློ་ཚབ་བྱེད་ཀྱི་ཡོད། ཁོ་མོ་བཀག་སྡོམ་འོག་ག་ཚོད་སྡོད་དགོས་མིན་ད་དུང་ཤེས་ཐུབ་ཀྱི་མི་འདུག ང་ཚོའི་རེ་བར་ཁོ་མོ་གང་མགྱོགས་རང་དབང་ཐོབ་རྒྱུ་དེ་ཡིན་ཞེས་བརྗོད་འདུག

གཟི་བརྗིད་ཀྱི་ནའོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་གྱི་རླབས་ཆེའི་རྩོམ་པ་པོ་ཞིག་ཀྱང་བཙོན་གྲོལ་མི་གཏོང་བ་འདིས་རྒྱ་དམར་གཞུང་གི་འགྲོ་བ་མིའི་ཐོབ་ཐང་ལ་ངོས་འཛིན་ཅི་འདྲ་ཞིག་བྱེད་ཀྱིན་པ་དང་ལྷག་པར་རྩོམ་པ་པོའི་སྨྲ་བརྗོད་རང་དབང་ལ་སྒོ་ལྕགས་ཇི་ལྟར་རྒྱག་བཞིན་པ་གསལ་མཚོན་ཐུབ། ཁོང་ཉིད་གང་མྱུར་རང་དབང་འཐོབ་པར་སྨོན།

༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༡༠ རེས་གཟའ་སྤེན་པའི་ཉིན་རྡ་སའི་ཉེ་འགྲམ་ཤཱ་པུར་ཞེས་པའི་གྲོང་དུ་རྒྱལ་སྤྱིའི་ཁྲིམས་ལུགས་རིག་པ་སྨྲ་བའི་མཁས་དབང་གི་ལོ་འཁོར་ལྷན་ཚོགས་ཐེངས་གཉིས་པ་དེ་ཉིན་གསུམ་རིང་ཚོགས་ཡོད། ལྷན་ཚོགས་དེའི་སྐབས་ཉི་ཧོང་དང་ཨོ་སི་ཊོ་ལི་ཡ། བྷར་སིལ། ཌེན་མཀ་གི་གཙོས་འཛམ་གླིང་ཡུལ་གྲུ ༡༡ ཙམ་ནས་ཁྲིམས་ལུགས་མཁས་དབང་ ༡༤༠ ཙམ་མཉམ་ཞུགས་གནང་ཡོད།  ཉིན་དང་པོའི་སྐབས་བརྗོད་གཞི་གཙོ་བོ་ནི་ཞི་བདེ་དང་དྲང་བདེན། ཡར་རྒྱས་བཅས་ཡིན་འདུག  དེ་ཡང་ལྷན་ཚོགས་ཀྱི་ཉིན་དང་པོ་དབུ་འབྱེད་མཛད་སྒོའི་སྐབས་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་གིས་ཚོགས་འདུ་གཙོ་སྐྱོང་གནང་སྟེ་གསུང་བཤད་གནང་དོན། Dr Lobsang Sangay
བོད་མི་ཚོས་འཚེ་མེད་ཞི་བའི་ཐབས་ལམ་ཐོག་ནས་བོད་དོན་འཐབ་རྩོད་བྱེད་བཞིན་པ་ནི་ཐབས་ལམ་ཕུལ་དུ་བྱུང་བ་ཞིག་ཡིན་པར་བརྟེན་རྒྱལ་ཁ་ཐོབ་རྒྱུར་ང་ཚོར་ཡིད་ཆེས་གཙང་མ་ཡོད།  བོད་མི་ཚོས་དྲང་བདེན་རྩོད་བཞིན་ཡོད། ཡར་རྒྱས་བོད་མི་ཚོ་ལའང་དགོས་ཀྱི་ཡོད། འོན་ཀྱང་ཡར་རྒྱས་ལ་ཁ་གཡར་ནས་དྲང་བདེན་རྩིས་མེད་བཏང་བ་དེར་ང་ཚོས་ངོས་ལེན་ནམ་ཡང་བྱ་ཐབས་མེད། དེར་བརྟེན་དྲང་བདེན་ལ་གཞི་བཅོལ་བའི་ཡར་རྒྱས་ཤིག་བྱུང་ན། ང་ཚོས་དགའ་བསུ་དང་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན། དེ་རིང་ལྷན་ཚོགས་ཀྱི་དགོས་པའང་དེ་རང་ཡིན་ཞེས་སོགས་ཀྱི་གསུང་བཤད་གནང།
ཕྱོགས་མཚུངས་ཨོ་སི་ཊོ་ལི་ཡའི་ཁྲིམས་ལུགས་མཁས་དབང་ལྕམ་སྐུ་ཇུ་ལི་ཡན་ཕེ་ལ་ཆར་ལགས་ཀྱིས་རང་གི་ཆེད་རྩོམ་ནང་འཁོད་དོན། དེ་རིང་ཚོགས་འདུའི་བརྗོད་གཞི་འཚེ་མེད་ཞི་བ་དང་བོད་ཀྱི་གནད་དོན་གཉིས་སྤྱིར་བཏང་གི་འབྲེལ་བ་ཞིག་ཆགས་ཡོད། གང་ཡིན་བརྗོད་ན་བོད་མི་ཚོས་འཚེ་མེད་ཞི་བ་དངོས་སུ་ལག་ལེན་གྱི་ཐོག་ནས་རང་དབང་འཐབ་རྩོད་བྱེད་བཞིན་ཡོད་པར་བརྟེན། འཐབ་རྩོད་དེ་དཔང་རྟགས་ཤིག་ཆགས་ཡོད་ཅེས་སོགས་འཁོད་ཡོད།
གཞན་ཡང་ཚོགས་འདུ་གོ་སྒྲིག་གནང་མཁན་རྡ་སར་རྟེན་གཞི་བྱས་པའི་མངའ་སྡེའི་གཙུག་ལག་སློབ་ཁང་གི་ཉེ་བའི་རིག་བདག་སློབ་དཔོན་ཕར་ཀན་ཀ་མར་(Prof.Furqan Qamar)ལགས་ཀྱིས་གསུང་དོན། དེ་རིང་ཚོགས་འདུའི་བརྗོད་གཞི་གཙོ་བོ་དེ་ཞི་བདེ་དང་དྲང་བདེན། ཡར་རྒྱས་ཞེས་པ་ཡིན། བརྗོད་གཞི་འདི་བཞིན་ཁྲིམས་ལུགས་སྨྲ་བ་ཚོར་དེ་ཙམ་སྤྱིར་བཏང་ཞིག་ཆགས་མེད་ནའང་།  རྒྱ་གར་ནང་དང་ལྷག་པར་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་རྡ་རམ་ས་ལར་བཞུགས་གདན་འཇགས་ཡོད་པར་བརྟེན་བརྗོད་གཞི་འདི་བཞིན་ཆེད་མངགས་བདམས་པ་ཞིག་ཡིན་འདུག་ཅེས་གསུངས། ལྷན་ཚོགས་དང་པོ་དེ་ཉི་ཧོང་དུ་ཕྱི་ལོ་ ༡༩༩༥ ལོར་ཚོགས་ཡོད་པ་བཅས

༢༠༡༡ཟླ་༩་ཕྱི་ཚེས་ ཉིན་ཧྥ་རན་སིའི་རྒྱལ་ས་པེ་རིས་(Paris) ནང་རྒྱལ་སྤྱིའི་སྲིད་གཞུང་ ༦༠ ལྷག་གི་དབུ་ཁྲིད་དང་འཐུས་མི་ལྷན་འཛོམས་ཤིག་ཚོགས་ཏེ། ལེ་བྷེ་ཡའི་འབྱུ་འགྱུར་གྱི་གནད་དོན་ཐད་གྲོས་བསྡུར་བྱས་ཡོད།

ཧྥ་རན་སིའི་སྲིད་འཛིན་སཱར་ཁོ་ཛེ་(Nicholas Sarkozy) དང་དབྱིན་ཇིའི་སྲིད་བློན་ཁཱ་མེ་རོན་(David Cameron) ཨ་རིའི་ཕྱི་འབྲེལ་དྲུང་ཆེ་ཧེ་ལཱ་རེ་(Hillary Clinton) དེ་བཞིན་རྒྱལ་ཚོགས་དྲུང་ཆེ་བྷན་ཀེ་མོན། ལེ་བྷེ་ཡའི་བར་རྒལ་གཞུང་གི་མགོ་དཔོན་ཇཱ་ལེལ་(Mustafa Abdul Jalil) སོགས་རྒྱལ་ཁབ་ ༦༠ ལྷག་གི་དབུ་ཁྲིད་དང་འཐུས་མི། དེ་བཞིན་རྒྱལ་ཚོགས་དང་ཨ་ཧྥི་རི་ཀའི་གནའ་མཐུན་ལྷན་ཚོགས་སོགས་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་མགོ་ཁྲིད་རིམ་པ་བཅས་ཀྱིས། འབྱུང་འགྱུར་ལེ་བྷེ་ཡའི་ཆབ་སྲིད་དང་དཔལ་འབྱོར་བསྐྱར་སྐྲུན་གཏན་འབེབ། ཡུལ་གྱི་འཛུགས་སྐྲུན། རྒྱལ་ཁོངས་ཆིག་སྒྲིལ། གྷ་བྷ་ཧྥེའི་ཤོག་ཁག་ལ་གདོང་ལེན་བྱ་ཕྱོགས་བཅས་ཀྱི་ཐད་གྲོས་བསྡུར་བྱས་ཡོད་འདུག

ཉིན་གཉིས་པར་ཧྥ་རན་སིའི་སྲིད་འཛིན་དང་དབྱིན་ཇིའི་སྲིད་བློན། ལེ་བྷེ་ཡའི་བར་རྒལ་གཞུང་གི་མགོ་དཔོན་ཇཱ་ལེལ་བཅས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་པའི་ནང་། ལོ་ངོ་ ༤༢ རིང་གི་མི་གཅིག་དབང་འཛིན་གཞུང་འདི་དམངས་གཙོར་བསྒྱུར་རྒྱུ། གྷ་ཌ་ཧྥེའི་ཤོག་ཁག་གཙང་བཟོ་མ་བྱུང་པར་དུ་ཎ་ཊོའི་(Nato)མཉམ་འབྲེལ་དམག་མུ་མཐུད་ལེ་བྷེ་ཡའི་ནང་འཇོག་རྒྱུ། གྷ་ཌ་ཧྥེ་གཞུང་གི་ཕྱི་འབྲེལ་མ་དངུལ་ཁག་ཉེ་སྔོན་ཟིང་འཁྲུག་བྱུང་རྗེས་རྒྱལ་སྤྱིའི་གཞུང་དང་སྡེ་ཚན་ཁག་གིས་ཕྱིར་སློག་མ་བྱས་པར་བཀག་ཡོད་པ་ཁྱོན་ཨ་སྒོར་ཐེར་འབུམ་ ༡༥ ཙམ་ཡོད་པ་དེ་ད་ལྟ་ཕྱིར་སློག་གིསལེ་བྷེ་ཡའི་གནས་བབ་བསྐྱར་གསོ་བྱ་རྒྱུ། འཕྲད་དུ་ལེ་བྷེ་ཡའི་མི་མང་ཞི་འགྲིག་ཚོགས་ཆུང་བཙུགས་ཏེ། རྒྱལ་ཁོངས་བདེ་འཇགས་དང་ཆིག་སྒྲིལ་ལ་འབད་རྒྱུ་བཅས་ཀྱི་ཐད་གྲོས་ཆོད་བྱུང་ཡོད་འདུག་ལ། ཇཱ་ལེལ་གྱིས་འབྱུང་འགྱུར་ཟླ ༡༨ ནང་ཚུན་དུ་ལེ་བྷེ་ཡའི་རྒྱལ་ཡོངས་འོས་བསྡུ་བྱ་རྒྱུར་ཁས་ལེན་ཀྱང་ཞུས་ཡོད་པ་རེད།

ཕྱི་ཚེས་ ཉིན་སྒྲ་ལེན་བྱས་པའི་གྷ་ཌ་ཧྥེ་ཡི་གཏམ་བཤད་ཐུང་ངུ་ཞིག་ཨ་རབ་བརྙན་འཕྲིན་(Arab satellite television) དུ་བསྒྲགས་ཡོད་པའི་ནང་། ལེ་བྷེ་ཡའི་གྲོང་ཁྱེར་གང་སར་འཇབ་རྒོལ་དམག་དང་དཔུང་སྒྲིག་བཙན་རྒོལ་པས་དགྲ་བོར་དམག་འཐབ་བྱ་རྒྱུ་ཡིན་པས། མི་མང་གིས་དགྲ་བོར་མཐའ་གཅིག་ཏུ་ངོ་རྒོལ་བྱ་དགོས ཞེས་ཉེན་བརྡ་དང་སྐུལ་སློང་བྱུ་ཡོད་འདུག

དེ་སྔོན་ལེ་བྷེ་ཡའི་དམངས་གཙོའི་གྱེན་ལངས་ཐད་རྒྱ་ནག་དང་ར་ཤི་ཡ། ཨལ་ཇི་རེ་ཡ་སོགས་ཀྱིས་རྒྱབ་སྐྱོར་བྱས་མེད་ལ། ཎ་ཊོ་མཉམ་འབྲེལ་དམག་དང་ཨ་རི། དབྱིན་ཡུལ་བཅས་ཀྱི་དམག་དཔུང་གིས་ལེ་བྷེ་ཡའི་གྱེན་ལངས་ཤོག་ཁག་ལ་རྒྱབ་རོགས་བྱས་པ་དེར་ཡང་མོས་མཐུན་བྱས་མེད། ཉེ་ཆར་ལེ་བྷེ་ཡའི་མང་ཚོགས་གྱེན་ལངས་ལ་རྒྱལ་ཁ་ཐོབ་རྗེས་ཀྱི་བར་བརྒལ་སྲིད་གཞུང་དེ་ངོས་ལེན་བྱས་མེད་མོད། ཕྱི་ཚེས་ ༡ ཉིན་གྱི་ཧྥ་རན་སིའི་ཚོགས་ཆེན་སྟེང་མཉམ་ཞུགས་བྱས་ཡོད་འདུག

 

ཕྱི་ཚེས་  ཉིན་གྱི་ཕྱི་དྲོ་རྒྱ་ནག་ཧྲན་ཞི་ཐའེ་ཡོན་གྲོང་ཁྱེར་ཡཱེན་ཡཱས་སྤྱི་གླིང་གི་ཐོག་ཁང་མདུན་དུ།  མི་སྐོར་ཅིག་གིས་མའོ་འདས་ནས་ལོ་༣༥ ཕྱིན་པར་རྗེས་དྲན་བྱ་འགུལ་གྱི་མིང་ཐོག་ནས༼ ཧྲན་ཞི་མི་མང་གིས་རླབས་ཆེན་མའོ་ཀྲུའུ་ཞི་རྗེས་དྲན་གཟབ་རྒྱས་བྱེད ༽ ཅེས་པའི་འཕྲད་དར་ཕྱར་ཏེ།  ༼ ཤར་ཕྱོགས་དམར ༽དང་༼ རྒྱལ་སྤྱིའི་གླུ ༽སོགས་དམར་ཤོག་པའི་གླུ་བླངས་པ་དང་།   དམར་ ཤོག་ལ་བསྟོད་པའི་སྙན་ཚིག་གྱེར་འདོན་དང་དམར་ཤོག་པའི་མཐོ་རླབས་བསྐྱར་དུ་སྤེལ་ དགོས་པའི་འབོད་སྐུལ་གཏམ་བཤད་སྣ་ཚོགས་བྱས་ཏེ་མང་ཚོགས་ཁྲོད་དྲིལ་བསྒྲགས་བྱས་ཡོད་པ་རེད།  བྱ་འགུལ་དེ་མཇུག་སྒྲིལ་ལ་ཉེ་སྐབས་རྒྱ་གཞུང་གི་ཉེན་རྟོག་པ་སྐོར་ཅིག་སླེབས་ཏེ་བྱ་འགུལ་དེར་མགོ་འཛིན་བྱེད་མཁན་འཛིན་བཟུང་བྱེད་རྩིས་བྱས་སྟབས། བྱ་འགུལ་སྤེལ་མཁན་དང་ཉེན་རྟོག་པའི་བར་འཁྲུག་འཛིང་ཤོར་ཏེ་བྱ་འགུལ་སྤེལ་མཁན་ཁག་ཅིག་ལ་རྨས་སྐྱོན་བཟོས་ཡོད་པར་མ་ཟད། ཉེན་རྟོག་པས་བྱ་འགུལ་སྤེལ་མཁན་མི་  འཛིན་བཟུང་བྱས་འདུག

མཐ་མཇུག་བྱ་འགུལ་སྤེལ་མཁན་གྱི་མགོ་འཛིན་པས་རང་འགུལ་ཐོག་ཉེན་རྟོག་ཁང་ལ་འགྲོ་རྒྱུ་ཁས་ལེན་བྱས་སྟབས། འཇུ་བཟུང་བྱས་པའི་མི་  ནས་མི་ ཕྱིར་ཀློད་ཡོད་པ་དང་། མི་  ལ་ཁྲིམས་འགལ་གྱི་འདུ་འཛོམས་བྱ་འགུལ་སྤེལ་བའི་ཉེས་མིང་འོག་ཉིན་  བཀག་སྐྱིལ་ཉེས་ཆད་དང་།  དེ་བཞིན་བྱ་འགུལ་མགོ་འཛིན་པར་ཡང་གཅིག་མཚུངས་ཀྱི་ཉེས་མིང་འོག་ཉིན་  བཀ་སྐྱིལ་ཉེས་ཆད་བཅས་བཅད་འདུག 

རྒྱ་ནང་དམར་ཤོག་རིང་ལུགས་པའི་ལྟ་བ་དྲིལ་བསྒྲགས་བྱེད་མཁན་༼ བོའུ་ཡིག་ཀྲི་ཞང ༽ཞེས་པའི་རྒྱ་ཡིག་དྲ་བའི་སྟེང་དུ། མའོ་ལ་རྗེས་དྲན་བྱེད་པ་ནི་རྒྱལ་གཅེས་རིང་ལུགས་ཀྱི་དམངས་ཁྲོད་བྱ་འགུལ་ཞིག་ཡིན་པ་དང་། མང་ཚོགས་ནས་ཉེན་རྟོག་པའི་བྱ་སྤྱོད་དེར་རྒོལ་ལན་སློག་དགོས་པ་ནན་སྐུལ་བྱས་ཡོད་པ་རེད།གཞན་ རྒྱ་ནག་གི་དྲ་བ་རེ་འགའི་སྟེང་གནད་དོན་དེ་ནི་མི་རེ་འགས་བསམ་བཞིན་དུ་འཆམ་ མཐུན་སྤྱི་ཚོགས་སྐྲུན་རྒྱུར་འགལ་རྐྱེན་བསླངས་པ་ཞིག་ཡིན་པ་བརྗོད་འདུག་ལ།  དེ་བཞིན་དྲ་ངོས་སུ་བསམ་ཚུལ་སྤེལ་མཁན་རེ་འགས་དེ་ནི་དམར་ཤོག་དྲག་སྤྱོད་རིང་ལུགས་པ་བསྐྱར་དུ་གྱེན་ལངས་བྱ་འདོད་ཀྱི་རྣམ་འགྱུར་ཅིག་ཡིན་སྐོར་ང་བརྗོད་འདུག 

ཟླ་སྔོན་མའི་ནང་པེ་ཅིན་དུ་རྒྱ་གཞུང་དམར་ཤོག་པའི་ལོ་རྒྱུས་གནད་དོན་སྐོར་གྱི་ཚོགས་འདུ་ཚོགས་ཏེ།   ཆབ་སྲིད་ལམ་ལུགས་བཅོས་བསྒྱུར་གྱི་ལངས་ཕྱོགས་འཛིན་མཁན་གནད་ཡོད་མི་སྣ་ ༡༠༠ ལྷག་གིས་བགྲོ་གླེང་གཏམ་བཤད་སྤེལ་སྐབས།  དེ་ སྔའི་རྒྱ་གཞུང་གི་སྲིད་འཛིན་ཧུའུ་ཡའོ་པང་གི་བུ་ཧུའུ་ཏིག་ཕེན་གྱིས་ཉེ་བའི་ ལོ་འགའི་ནང་མི་རེ་འགས་རིག་གསར་སྤྱད་དེ་ཡང་བསྐྱར་སྤྱི་ཚོགས་ནང་རིག་གསར་ཅིག་ སྤེལ་འཆར་འདུག་ཅེས་བརྗོད་ཡོད་པ་རེད

ཟླ་༩་ཕྱི་ཚེས་  ཉིན། རྒྱ་ནག་ཅིང་ཞིས་ཞིང་ཆེན་ནན་ཁྲང་གྲོང་ཁྱེར་དུ་གཞི་རིམ་ཞིང་ལས་བ་དང་བཟོ་ལས་པ ༥༠༠ ལྷག་གིས་མགོ་ལ་རས་དཀར་པོ་དཀྲིས་ཤིང་། ལུས་ལ་"མ་ཉེས་ཁ་གཡོགས" དང་ "རྫུན་འགེབས" སོགསཀྱི་ཡི་གེ་བྲིས་ཏེ། རྒྱ་གཞུང་ལ་ངོ་རྒོལ་ཆེད་ཟམ་ཐོག་ནས་སྡེབ་གཅིག་ཏུ་མཆོངས་ཏེ་རང་ཤི་རྒྱག་འཆར་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། སྐབས་དེར་རྒྱ་གཞུང་གིས་དྲག་ཆས་དམག་མི་ ༥༠༠ ལྷག་བཏང་སྟེ་ངོ་རྒོལ་དེ་དག་གི་མཐའ་སྐོར་ཏེ་འགོག་སྲུང་བྱས་ཡོད་པ་མ་ཟད། ལས་འགུལ་བ་དག་ལ་དྲག་རྡུང་དང་སྐོར་ཞིག་འཛིན་བཟུང་བཀར་ཉར་བྱས་ཡོད་འདུག

ཧོང་ཀོང་ཤར་ཕྱོགས་ཉིན་རེའི་གསར་ཤོག་གིས་གནས་ཚུལ་སྤེལ་བ་ལྟར་ན། ནན་ཁྲང་གྲོང་ཁྱེར་གྱི་བཟོ་བ་དང་ཞིང་བ་མང་ཚོགས་ཀྱིས་རང་ཤི་རྒྱག་རྩིས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པ་དེ་ནི། ཅང་ཞིས་ཞིང་ཆེན་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་མགོ་གཙོ་གཞོན་པ་གཙོས་པའི་རྒྱ་གཞུང་མཐོ་རིམ་དཔོན་རིགས་ཚོསདབང་ཆ་སྒེར་གཅོད་བྱས་ཏེ་མི་དམངས་ཀྱི་རྒྱུ་ནོར་ཧམ་ཟ་དང་།  ཁང་ཁྱིམ་དང་ས་ཁང་བདག་དབང་བཙན་འཕྲོག་བྱས་པ་མ་ཟད། གཞན་གུན་གསབ་དང་ཕོག་དངུལ་མ་ཐོབ་པར་ཞུ་གཏུག་བྱེད་མཁན་མང་པོ་ཞིག་ལ་མ་ཉེས་ཁག་གཡོགས་ཀྱིས་བཙོན་འཇུག་ཁྲིམས་ཐག་བཅད་པ་སོགས་ལ་བརྟེན་ཏེ་བྱུང་སྐོར་བཀོད་འདུག  

རང་ཤི་རྒྱག་པའི་ངོ་རྒོལ་ཁྲོད་ཞུགས་མཁན་མང་ཚོགས་ཤིག་གིས་བརྗོད་ན། ཅང་ཞིས་ཞིང་ཆེན་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་མགོ་གཙོ་གཞོན་པ་ཁྲིན་བྷེན་གྱིས།  ཕྱི་ལོ་ ༢༠༠༤  ནས་བཟུང་དབང་ཆ་སྒེར་གཅོད་བྱས་ཏེ། གཞུང་གི་འཛུགས་སྐྲུན་ཁག་གི་མ་དངུལ་སྒེར་ཟོས་དང་། ཁེ་ལས་བ་དག་དང་ལྐོག་འབྲེལ་གྱིས་མི་དམངས་ཀྱི་ས་ཁང་བཙན་འཕྲོག་བྱས་ཏེ་ཁྱོན་བསྡོམས་རྒྱ་སྒོར་དུང་ཕྱིར་  ལྷག་ལྐོག་ཟ་བྱས་ཡོད་ཚུལ་སོགས་བསྒྲགས་འདུ

ཨ་རབ་གླིང་གི་ཁ་ཆེ་རྒྱལ་ཁབ་ལེ་བྷེ་ཡའི་མི་མང་ཚོས་འདས་པའི་ཟླ་ངོ་ ༦ རིང་། སྲིད་དབང་སྒེར་གཅོད་པ་གྷ་ཌ་ཧྥེའི་སྲིད་གཞུང་མགོ་རྟིང་སློག་རྒྱུར་གྱེན་ལངས་བྱས་ཏེ། ད་ཆར་རྒྱལ་ས་ཊི་རེ་པོ་ལེ་བདག་བཟུང་བྱས་ཏེ། སྲིད་འཛིན་གྷ་ཌ་ཧྥེ་འཛིན་བཟུང་བྱ་རྒྱུར་སྟ་གོན་བྱས་འདུག

ཟླ་འདིའི་ཟླ་དཀྱིལ་ཙམ་ལེ་བྷེ་ཡའི་གྱེན་ལངས་ཤོག་ཁག་གིས་ལེ་བྷེ་ཡའི་རྒྱལ་ས་འམ། སྲིད་དབང་སྒེར་གཅོད་པ་གྷ་ཌ་ཧྥེ་ཡི་སྡོད་གནས་གྲོང་ཁྱེར་ཊེ་རི་པོ་ལེ་( Tripoli )རུ་དྲག་འཛིང་བྱས་ཏེ། ད་ལྟ་རྒྱལ་ས་ཏེ་རི་པོ་ལེ་གྲོང་ཁྱེར་ཕལ་ཆེ་བཟུང་ཡོད་ནའང་། ད་དུང་གྷ་ཌ་ཧྥེའི་ཤོག་གཏོགས་པ་གཙང་མ་བཟོ་ཐུབ་མེད་པ་མ་ཟད། གྷ་ཌ་ཧྥེ་ཁོ་རང་ཡང་འཛིན་བཟུང་བྱེད་ཐུབ་མེད་ལ། སེར་ཏེ་ (Sirte) གྲོང་ཁྱེར་ཡང་གྷ་ཌ་ཧྥེའི་ཤོག་ཁག་གིས་བཟུང་ཡོད་འདུག དེ་ནི་གྷ་ཌ་ཧྥེའི་དྲག་དམག་གི་དབང་ཤུགས་འོག་ཡོད་པའི་གྲོང་ཁྱེར་གཅིག་པུ་ཆགས་ཡོད་འདུག གྲོང་ཁྱེར་དེ་ལེན་རྒྱུ་ནི་གྱེན་ལངས་པའི་རྒྱལ་ཁའི་མཚོན་རྟགས་ཤིག་ཏུ་བརྩི་བཞིན་ཡོད་པ་རེད། དེའི་རྒྱུ་མཚན་ནི། གཅིག་ནས་གྷ་ཌ་ཧྥེའི་ཤོག་ཁག་གི་དབང་ཤུགས་ཡོད་པའི་གྲོང་ཁྱེར་མཐའ་མ་ཡིན་པ་དང་། གཉིས་ནས་གྷ་ཌ་ཧྥེའི་སྐྱེས་ཡུལ་ཡང་ཡིན་འདུག

 

ད་ཆར་གྷ་ཌ་ཧྥེ་གར་ཡོད་ཤེས་ཐུབ་ཀྱི་མེད་པ་དང་། གནད་དོན་དེའི་ཐད་ཨེ་ཇབ་ (Egypt) གཞུང་འབྲེལ་གསར་ལམ་མེ་ནཱ་(MENA)ཞེས་པར། ཕྱི་ཚེས་ ༢༦ ཉིན་གྱི་ཞོགས་པར་དྲག་ཆས་ཐོགས་པའི་རླངས་འཁོར་དྲུག་ལེ་བྷེ་ཡའི་རྒྱལ་མཚམས་བརྒལ་ཏེ་ཨལ་ཇེ་རི་ཡཱའི་(Algeria) ས་ཁོངས་སུ་ཕྱིན་ཡོད་ཚུལ་དང་། དེ་ནི་གྷ་ཌ་ཧྥེ་གཞུང་གི་དཔོན་རིགས་ཁག་ཅིག་ཡིན་པ་མ་ཟད། གྷ་ཌ་ཧྥེ་ཡང་ཁོང་ཚོ་མཉམ་དུ་ཡོད་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག འོན་ཀྱང་། གྷ་ཌ་ཧྥེའི་ཤོག་ཁག་གིས་ད་དུང་ཁོང་ལེ་བྷེ་ཡའི་རྒྱལ་སར་ཡོད་པ་དང་། མའོ་སཱ་ཨའེ་བྷི་རཱ་ཧེམ་ཕྱི་ཚེས་ ༢༦ ཉིན་གྷ་ཌ་ཧྥེ་དང་ཐུག་འཕྲད་བྱས་ཡོད་སྐོར་བརྗོད་འདུག

 

ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་གྱེན་ལངས་ཤོག་ཁག་གིས་རྒྱལ་ས་ཏེ་རི་པོ་ལེ་བཙན་བཟུང་རྒྱལ་ཁ་ཐོབ་ཡོད་པའི་དགའ་སྟོན་བྱེད་མགོ་ཚུགས་འཕྲད་ནེ་ཇི་རེ་ཡཱ་(Nigeria) གཙོས་པའི་ཨ་ཧྥི་རི་ཀ་དང་རྒྱལ་སྤྱིའི་སྲིད་གཞུང་ཁག་ཅིག་གིས་ལཱེ་བྷེ་ཡའི་གྱེན་ལངས་ཤོག་ཁག་གི་གཞུང་(Transtional National Council)དེ་ཁྲིམས་མཐུན་ཡིན་པར་ངོས་ལེན་བསྒྲགས་གཏམ་སྤེལ་ཡོད་པ་རེད། འོན་ཀྱང་། ཨལ་ཇེ་རི་ཡཱ་གཞུང་གིས་ལེ་བྷེ་ཡའི་ནང་གྱེན་ལངས་ངོ་རྒོལ་བྱུང་པ་ནས་བཟང་བར་གནས་ཀྱི་སྲིད་ཇུས་བཟུང་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་གྱེན་ལངས་པའི་གཞུང་གསར་པར་ངོས་ལེན་མེད་པའི་གསལ་བསྒྲགས་སྤེལ་འདུག 

ཕྱི་ཚེས་ ༢༤ ཉིན་གྷ་ཌ་ཧྥེ་ཡིས་བསྒྲགས་གཏམ་ཞིག་སྤེལ་ཏེ། འཆི་ན་རྒྱལ་གཅེས་པ་ཞིག་དང་གསོན་ན་རྒྱལ་ཁ་ལེན་ཆེད་ཁོང་གང་དུ་གནས་ཀྱང་གྱེན་ལངས་ཤོག་ཁག་དང་ཎ་ཏོ་(Nato) མཉམ་འབྲེལ་དམག་དཔུང་ལ་ཤི་གསོན་གྱིས་དྲག་འཛིང་མུ་མཐུད་བྱ་རྒྱུ་ཡིནཞེས་དང་། གྲོང་ཁྱེར་མི་མང་ཚོས་རང་ཉིད་སོ་སོའི་ས་ནས་གྱེན་ལོག་པ་དང་ཎ་ཊོ་དམག་མཐར་དཀྲོད་བྱ་རྒྱུར་ཁྱོན་ཡོངས་ནས་ཕར་རྒོལ་བྱོས།” ཞེས་སྐུལ་འདེད་བྱས་ཡོད། ད་ལྟ་གྱེན་ལངས་ཤོག་ཁག་དང་ཎ་ཏོ་མཉམ་འབྲེལ་དམག་གི་ཁོངས་གཏོགས་སྲིད་གཞུང་དག་ལ་བློ་འཚབ་ཆེན་པོ་ཞིག་ཡོད་པ་ནི། ཨེ་རག་གི་སྲིད་འཛིན་ཟུར་པ་སཱ་ཌམ་ཧུ་སེན་(Saddam Husseinགྱི་སྲིད་དབང་ཤོར་རྗེས་ཟླ་བརྒྱད་རིང་སྦེད་སྐུང་བྱས་ཐུབ་པ་མ་ཟད། ཨོལ་ཁ་ཊ་དང་མཉམ་འབྲེལ་བྱས་ཏེ་དྲག་སྤྱོད་ཀྱི་བྱ་འགུལ་སྤེལ་པ་དང་། དེ་བཞིན། བྷེན་ལཱ་ཌན་དགུ་གཅིག་གཅིག་དོན་རྐྱེན་བྱུང་རྗེས་ལོ་ ༡༠ ལྷག་ལ་སྦེད་སྐུང་གིས་ཨ་རི་གཙོས་རྒྱལ་སྤྱིའི་སྲིད་གཞུང་མང་པོར་དཀའ་ངལ་ཆེན་པོ་སྤྲད་ཡོད་སྟབས། ཐེངས་འདིར་གྷ་ཌ་ཧྥེ་འཛིན་བཟུང་ཐུབ་རྒྱུའམ་དེ་མིན་གྲོས་མོལ་འགུག་ཐབས་མ་བྱུང་ཚེ་རྗེས་སུ་དཀའ་རྙོག་འབྱུང་རྒྱུའི་ཉེན་ཁ་ཞིག་ལྷག་ཡོད་པ་དེ་རེད།

 ཉེ་ཆར་ལེ་བྷེ་ཡའི་རྒྱལ་ས་གྱེན་ལངས་པས་འཇུ་བཟུང་བྱས་རྗེས་ཟིང་འཁྲུག་སྐབས་འཛིན་བཟུང་འོག་ཚུད་པའི་བཙོན་པ་མང་པོ་ཞིག་ཀློད་གྲོལ་བཏང་ཡོད་ཀྱང་། བཙོན་པ་མང་པོ་ཤིག་ད་སྔ་གང་དུ་བཀག་ཉར་བྱས་ཡོད་མེད་ཤེས་རྟོགས་ཐུབ་མེད། གནད་དོན་དེའི་ཐད་གྱེན་ལངས་ཤོག་ཁག་གི་དམག་དོན་མགྲིན་ཚབ་པ་ཁོལ་ཨཱ་མེཌི་(Col Ahmed Omar Bani) ལགས་ཀྱིས་ འདས་པའི་ཟླ་འགའི་ཟིང་འཁྲུག་ཁྲོད་གྷ་ཌ་ཧྥེ་གཞུང་གིས་འཛིན་བཟུང་བྱས་པའི་བཙོན་པའི་གྲགས་ཚད་ ༥༧༠༠༠ ནས་ ༦༠༠༠༠ བར་ཡིན་ཡང་། ད་སྔ་ཀློད་གྲོལ་བཏང་པའི་གྲངས་ཚད་ཁྲི་གཅིག་ལྷག་ཙམ་ལས་བྱུང་མེད། ” ཅེས་བརྗོད་ཡོད་དེ། བཙོན་པ་གཞན་རྣམས་ས་འོག་བཙོན་ཁང་ཞིག་ཏུ་བཅུག་ཡོད་པ་དང་། ཡང་ན་སྡེབ་གསོད་བཏང་ཡོད་ཤེས་རྟོགས་མ་ཐུབ་པར་དོགས་པ་སྣ་ཚོགས་བྱེད་བཞིན་ཡོད་འདུག

 གྱེན་ལངས་ཤོག་ཁག་དང་ལེ་བྷེ་ཡའི་མི་མང་ལ་རྒྱབ་སྐྱོར་བྱེད་མཁན་ཚོར་དྲི་བ་ཆེན་པོ་གཞན་ཞིག་ཡོང་གི་ཡོད་པ་ནི། གྷ་ཌ་ཧྥེ་སྲིད་གཞུང་མཇུག་སྒྲིལ་རྗེས་གཞུང་གསར་པའི་དབུ་ཁྲིད་དུ་མི་སུ་ཞིག་བསླེབ་རྒྱུ་ཡིན་པ་དང་། ལེ་བྷེ་ཡའི་རྒྱལ་ཁོངས་གཅིག་གྱུར་བྱ་ཐུབ་མིན་བཅས་རེད། རྒྱུ་མཚན་ནི། གྱེན་ལངས་པའི་ནང་ཁུལ་དུ་ལྟ་གྲུབ་འདྲ་མིན་ཅན་གྱི་ཤོག་ཁག་མང་པ་དང་། གྱེན་ལངས་པའི་མགོ་ཁྲིད་ཚོའི་ཁྲོད་དུ་ཐུན་མོང་གིས་གོང་བཀུར་ཡོད་པའི་མི་སྣ་མེད་སྟབས། དབང་ཆའི་འཐབ་རྩོད་ཡོང་རྒྱུའི་ཉེན་ཁ་ཆགས་ཡོད་འདུག ཉེ་སྔོན་གྱེན་ལངས་པའི་དམག་དོན་སྤྱི་ཁྱབ་པ་ཨབ་ཌོལ་ཟེར་པ་དེ་(Abdul Fattah Younis)ལྐོག་གསོད་ཐེབས་པ་ཡང་ནང་ཁུལ་དུ་ཆབ་སྲིད་དབང་ཆའི་འཐབ་རྩོད་ཡོད་པའི་མཚོན་རྟགས་གལ་ཆེན་ཞིག་ཚུལ་དཔྱད་བརྗོད་པས་གླེང་གི་ཡོད།

 ཕྱི་ཚེས་ ༢༦ ཉིན་ལེ་བྷ་ཡའི་སྲིད་དབང་སྒེར་གཅོད་པ་གྷ་ཌ་ཧྥེའི་མགྲིན་ཚབ་པ་མའོ་སཱ་ཨའེ་བྷི་རཱ་ཧེམ་(Moussa Ibrahim) གྱིས་གྷ་ཌ་ཧྥེ་ད་ལྟ་རྒྱལ་ས་ཏེ་རི་པོ་ལེའི་(Tripoli) ནང་ཡོད་པ་དང་། ཁོང་གིས་གྱེན་ལངས་ཤོག་ཁག་དང་གྲོས་མོལ་བྱ་འཆར་ཡོད་ཚུལ། གྲོས་མོལ་དེ་གྷ་ཌ་ཧྥེའི་བུ་སཱ་ཌེ་(Saadi) ཡིས་ཁོང་གི་སྐུ་ཚབ་བྱ་རྒྱུ་ཡིན་ཚུལ་བསྒྲགས་ཡོད། ཕྱི་ཚེས་ ༢༩ ཉིན་ཨ་རིའི་སེ་ཨན་ཨན་( CNN ) གསར་ཁང་གི་གནས་ཚུལ་ནང་། གྷ་ཌ་ཧྥེའི་བུ་སཱ་ཌེ་དང་སི་ཨན་ཨན་བར་གློག་འཕྲིན་གྱི་འབྲེལ་ཐག་ཡོད་ཚུལ། ཉིན་འགའི་གོང་གྷ་ཌ་ཧྥེ་ཡིས་གློག་འཕྲིན་བརྒྱུད། ཁོས་རྒྱལ་ས་ཏེ་རི་པོ་ལེ་གྲོང་ཁྱེར་གྱི་མི་ས་ཡ་གཉིས་ལྷག་གི་བདེ་འཇགས་ཆེད་གྲོས་མོལ་བྱ་འཆར་ཡོད་པ་དང་། གྲོས་མོལ་མ་བྱུང་ཚེ་གྲོང་ཁྱེར་འདིར་ཁྲག་གི་རྒྱ་མཚོ་བསྐྱིལ་ངེས་ཡིན་པ་དང་། དེ་ལྟར་བྱུང་ན་རྒྱལ་ས་ཏེ་རི་པོ་ལེ་ནི་སཱོ་མཱ་ལེ་ཡཱ་(Somalia)ལྟར། རྩ་མེད་བཟོ་ཉེན་ཡོད་སྐོར་བརྗོད་འདུག འོན་ཀྱང་། གྱེན་ལངས་ཤོག་ཁག་གིས་གྷ་ཌ་ཧྥེ་མགོ་མ་སྒུར་བར་དུ་གྲོས་མོལ་བྱ་རྒྱུ་མིན་ཞེས་བསྒྲགས་ཡོད་པ་རེད།

འདི་ལོའི་ཕྱི་ཟླ་གཉིས་པ་ནས་ལཱེ་བྷེ་ཡའི་མི་མང་གིས་སྲིད་དབང་སྒེར་འཛིན་གཞུང་མགོ་རྟིང་སློག་རྒྱུའི་གྱེན་ལངས་བྱས་ཤིང་། རིམ་བཞིན་ཎ་ཊོ་(Nato)མཉམ་འབྲེལ་དམག་གི་རྒྱབ་རོགས་ལ་བརྟེན་ཏེ། ལེ་བྷེ་ཡའི་རྒྱལ་ས་ཊི་རེ་པོ་ལེ་བདག་བཟུང་ཐུབ་ཡོད

 

༄༅།།རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག །མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ། །མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག །ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།

     ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ<<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། ༢༠༠༩་༡༡་༡༦།

 

   བོད་དོན་གསར་འགྱུར་རྩོམ་གསར་སོགས། དེ་རིང་སྒོ་བྱང་ངོས་ལ་གཟིགས། གལ་ཆེའི་བཀའ་སློབ་ཡིག་ཆ་སོགས། རིན་ཆེན་གསང་བའི་གཏེར་ལས་བཞེས། སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར། ལན་ཅིག་ཕེབས་དང་རྒྱང་རིང་གྲོགས། ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

      སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

ཕྱག་ན་པད་མོའི་བཞད་སྒྲ་རེས། སྐྱེ་དགུ་འི་སེམས་ལ་བདེ་བ་སྦྲུམ།

 

དམངས་གྲོས་འཁོར་ལོ་རྩིབས་སྟོང་པས། དམར་པོའི་སྲིད་མཚང་གནམ་ལ་དྲངས།

 

རང་དབང་བླ་མེད་གདུགས་ཁྱིམ་ན། རང་མོས་འཚོ་བའི་དགའ་སྟོན་མང།

བདེན་དོན་མི་ནུབ་རྒྱལ་མཚན་ནི། ཆིག་སྒྲིལ་དཔུང་པས་དམ་དུ་བསྒྲེངས།

མདོ་སྨད་གཏེར་གྱི་བུམ་བཟང་ན། སྣ་ཚོགས་སྨན་གྱི་དྲི་བསུང་འཐུལ

སྙུག་ཚོགས་དུང་དཀར་རང་གྲགས་ནི། སུ་ཡིས་འབུད་ལ་རང་དབང་ཉིད།  

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི། མཛའ་མཐུན་དཔལ་བེའུས་ཀུན་ནས་སྦྲེལ།

ཀྲུང་གོའི་བོད་ཡིན་ནམ།

ཨེ་ཤེ་ཡ༌རླུང་འཕྲིན།

 

རྒྱལ་སྤྱིའི་སྐད་ཡིག་སློབ་གླིང།

རྒྱལ་སྤྱིའི་སྙུག་ཚོགས་ལ་ཞུགས་ན་གཟི་བརྗིད་ལྡན།