ཁ་སང་དེ་རིང་གི་མཛད་འཕྲིན།
གཟའ་ཟླ་བའི་ཉིན་༸གོང་ས་མཆོག་ལ་འཛམ་གླིང་གི་དངུལ་འབོར་མང་ཤོས་ཊེམ་པེལ་ཊོན་གཟེངས་རྟགས་ཕུལ་ཡོད་ལ། གཟེངས་རྟགས་ཀྱི་བྱ་དགའི་ཕྱག་དངུལ་ཡོངས་རྫོགས་སྤྱི་ཚོགས་བདེ་རྩེར་ཞལ་འདེབས་ལ་བསྩལ་འདུག
ཁ་སང་ཕྱི་ཚེས་ ༡༤
ཉིན་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་ཡོད་པའི་སན་ཊི་པའུ་ཁཱ་ཐེ་ཌི་རལ་(St. Paul’s Cathedral) ཡེ་ཤུ་ཆོས་ཁང་དུ་སྐུ་མགྲོན་ ༢༠༠༠
ལྷག་འདུ་འཛོམས་ཐོག སྐུ་ཞབས་ཇོན་ཊེམ་པེལ་ཊོན་(Sir John Templeton) དམ་པ་ཁོང་གི་བུ་ཊེམ་པེལ་ཊོན་ཐེབས་རྩའི་ཚོགས་གཙོ་ཇོན་ཨམ་ཊེམ་པེལ་ཊོན་(John M. Templeton) ལགས་ཀྱིས། ༸གོང་ས་མཆོག་ལ་ ༢༠༡༢
ལོའི་ཊེམ་པེལ་ཊོན་གཟེངས་རྟགས་ཕུལ་ཡོད་ཅིང་། གཟེངས་རྟགས་ཀྱི་ཕྱག་དངུལ་ཨ་སྒོར་ས་ཡ་ ༡ དང་འབུམ་ ༧ ལྷག་ཡོད་པའི་ཁྲོད་ནས། ༸གོང་ས་མཆོག་གིས་ཨ་སྒོར་ས་ཡ་ ༡ དང་འབུམ་ ༥
རྒྱ་གར་ནང་གི་བྱིས་པའི་རོགས་སྐྱོར་ཚོགས་པ་དང་།
དེ་འཕྲོས་ཀྱི་ལྷག་དངུལ་རྣམས་སེམས་དང་སྲོག་གི་ཐེབས་རྩ་ཁང་དང་དགོན་སྡེ་ཁག་གི་བོད་པའི་གྲྭ་བཙུན་ཚོའི་ཚན་རིག་སློབ་སྦྱོང་གི་ལས་གཞིའི་ཐད་ལ་ཞལ་འདེབས་སུ་གནང་འདུག
གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་ཐོག༸གོང་ས་མཆོག་གིས་གཟེངས་རྟགས་དེ་ནི་ཁོང་རང་ཉིད་ཀྱིས་འགྲོ་བ་མིའི་སྤྱི་ཚོགས་ལ་ཞབས་འདེགས་ཅུང་ཙམ་བསྒྲུབས་པར་ངོས་འཛིན་བྱུང་པ་ཞིག་དང་། ཁོང་རང་ཉིད་འཛམ་གླིང་མི་འབོར་ཐེར་འབུམ་ ༧ ནང་གི་མི་གཅིག་ཡིན་པ་ལས་དམིགས་བསལ་ཅན་གང་ཡང་མིན་ཚུལ། དངུལ་དང་དབང་ཆས་ནང་སེམས་ཀྱི་བདེ་བར་གཏོར་བརླག་གཏོང་གི་ཡོད་པ་དང་། ཁོང་གིས་མུ་མཐུད་འཚེ་བ་མེད་པ་དང་ཆོས་ལུགས་འཆམ་མཐུན་སོགས་ཀྱི་ཐད་ཤུགས་སྣོན་རྒྱག་རྒྱུ་ཡིན་ལ། ལྷག་པར་དུ་ད་ལྟའི་བྱིས་པ་ཚོར་བདག་གཅེས་དང་སློབ་སྦྱོང་ཡག་པོ་སྤྲོད་ཐུབ་པ་ཡིན་ན། མ་འོངས་པའི་འཛམ་གླིང་འདིར་ཁོ་ཚོས་འགྱུར་བ་ཞིག་བཟོ་ངེས་ཡིན་པའི་སྐོར་བཀའ་སློབ་བསྩལ་འདུག
ཊེམ་པེལ་ཊོན་གཟེངས་རྟགས་འདི་ནི། ༸གོང་ས་མཆོག་གིས་ཕྱི་དངོས་པའི་ཚན་རིག་དང་ནང་བསམ་བློའི་ཚན་རིག་གཉིས་ཟུང་འབྲེལ་ཐོག མིའི་སྤྱི་ཚོགས་ལ་ཕན་བདེ་བསྐྲུན་རྒྱུར་གཞན་དང་མ་འདྲ་བའི་ནུས་བ་འདོན་གྱི་ཡོད་པར་ངོས་འཛིན་ཐོག་ཕུལ་བ་ཞིག་ཡིན་འདུག
ཐེངས་འདིར་༸གོང་ས་མཆོག་དབྱིན་ཡུལ་དུ་ཊེམ་པེལ་ཊོན་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོར་ཆིབས་བསྒྱུར་སྐབས། དབྱིན་ཇིའི་སྲིད་བློན་ཌ་ཝེ་ཌི་
(David Cameron) དང་སྲིད་བློན་གཞོན་པ་ནེ་ཁི་ (Nick Clegg) གཉིས་ལའང་མཇལ་འཕྲད་གནང་ཡོད་པ་རེད།
ཊེམ་པེལ་ཊོན་ཐེབས་རྩ་ཚོགས་པ་འདི་ ༡༩༧༢ ལོར་དབྱིན་ཡུལ་གྱི་ཚོང་པ་ཆེན་མོ་སྐུ་ཞབས་ཇོན་ཊེམ་པེལ་ཊོན་ལགས་ཀྱིས་གསར་འཛུགས་བྱས་ཏེ། འཛམ་གླིང་ནང་བསམ་བློ་དང་གསར་གཏོད། ལག་ལེན་གང་རུང་ཐོག་འགྲོ་བ་མིའི་སྤྱི་ཚོགས་ལ་ཕན་བདེ་རླབས་ཆེན་སྒྲུབ་མཁན་རྣམས་ལ་གཟེངས་རྟགས་འདི་འབུལ་བཞིན་ཡོད་པ་དང་། གཟེངས་རྟགས་ཐོག་མ་དེ་ ༡༩༧༣ ལོར་མཱ་ཐར་ཊེ་རེ་སཱ་(Mother Teresa) ལགས་ལ་ཕུལ་ཡོད་ཅིང་། གཟེངས་རྟགས་འདིའི་བྱ་དགའི་དངུལ་ནི་འཛམ་གླིང་ནང་ཕོན་ཆེ་ཤོས་ཡིན་འདུག
གསར་འགོད་པ། བནྡེ་སྐྱབས
གཟའ་པ་སངས་ཉིན་ཁེ་ན་ཌའི་སྲིད་བློན་ཧཱར་ཕཱེར་ལགས་ཀྱིས་༸གོང་ས་མཆོག་དང་མཇལ་འཕྲད་གནང་ཡོད་པ་མ་ཟད། ཁེ་ན་ཌའི་ཆབ་སྲིད་ཚོགས་པ་གསུམ་གྱི་གྲོས་ཚོགས་འཐུས་མི་ཚོས་ཀྱང་སྲིད་བློན་ཧཱར་ཕཱེར་གྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་གནང་ཡོད་འདུག
ཁ་སང་ཕྱི་ཚེས་ ༢༧ ཉིན་ཁེ་ཌའི་སྲིད་བློན་ཧཱར་ཕཱེར་(Stephen
Harper)ལགས་ཀྱིས། གྲོས་ཚོགས་ཐོག་ཁང་གི་སྲིད་བློན་སྒེར་གྱི་གཞུང་ལས་ཁང་ནང་༸གོང་ས་མཆོག་དང་མཇལ་འཕྲད་གནང་སྟེ། དུས་ཡུན་སྐར་མ་ ༣༠ ལྷག་རིང་བོད་དོན་དང་འབྲེལ་བའི་ཐོག་ཕན་ཚུན་བཀའ་མོལ་གནང་ཡོད་འདུག
འདི་ནི་སྲིད་བློན་ཧཱར་ཕཱེར་ལགས་ཀྱིས་༸གོང་ས་མཆོག་དང་མཇལ་འཕྲད་གནང་བ་ཐེངས་གཉིས་པ་དེ་ཆགས་ཡོད།
ཐེངས་འདིའི་མཇལ་འཕྲད་སྐོར་ལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཨ་རིའི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ཀྱིས་གསར་ལམ་ཁག་ཏུ། “མཇལ་འཕྲད་ཧ་ཅང་མཉེས་པོ་དང་ལེགས་པོ་བྱུང་སོང་།
ཉེ་སྔོན་རྒྱ་གཞུང་དཔོན་རིགས་ཤིག་གིས་སྲིད་བློན་ཧཱར་ཕཱེར་གཙོས་པའི་ཁེ་ན་ཌའི་དཔོན་རིགས་དག་གིས་༸གོང་ས་མཆོག་ལ་མཇལ་འཕྲད་མི་གནང་རྒྱུའི་རེ་སྐུལ་ཞུས་ཡོད་ཀྱང་།
སྲིད་བློན་མཆོག་གིས་རང་ཉིད་ཀྱི་ལངས་ཕྱོགས་གསལ་འདོན་གནང་སྟེ་༸གོང་ས་མཆོག་དང་མཇལ་འཕྲད་གནང་བ་འདིས། ཁེ་ན་ཌ་གཞུང་གིས་བོད་ཀྱི་གནད་དོན་ཐད་ཐུགས་ཁུར་དང་རྒྱབ་སྐྱོར་ཡོད་པ་མཚོན་ཡོད།” ཅེས་བརྗོད་འདུག
ཉེ་སྔོན་ཁེ་ན་ཌའི་ནང་རྒྱ་གཞུང་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ལི་ཁྲང་ཁྲོན་རྒྱལ་དོན་ལྟ་སྐོར་ལ་སླེབས་སྐབས། ཁོས་ཁེ་ན་ཌ་གཞུང་གི་དཔོན་རིགས་རྣམས་༸གོང་ས་མཆོག་དང་མཇལ་འཕྲད་ཀྱིས། རྒྱལ་ཁབ་གཉིས་བར་གྱི་ཁེ་ཕན་འབྲེལ་བར་ཕོག་ཐུག་མི་བཟོ་བའི་རེ་སྐུལ་ཞུས་ཡོད་པ་རེད། ཡིན་ནའང་། སྲིད་བློན་ཧཱར་ཕཱེར་ལགས་༸གོང་ས་མཆོག་དང་མཇལ་འཕྲད་གནང་བའི་ལངས་ཕྱོགས་དེར། ཁེ་ན་ཌའི་གཞུང་འཛིན་ཚོགས་པ་དང་ཁ་གཏད་ཚོགས་པ་ཚང་མས་ངོས་ནས་རྒྱབ་སྐྱོར་གནང་ཡོད་པ་རེད། ཐེངས་འདིའི་མཇལ་འཕྲད་ཐད་ཆབ་སྲིད་དཔྱད་བརྗོད་པ་རེ་འགས་རྒྱ་གཞུང་གིས་མ་འོངས་པར་ཚོང་འབྲེལ་ཐད་ཁེ་ན་ཌར་བསྐྱར་དུ་གནོན་ཤུགས་སྤྲོད་སྲིད་པའི་ངོས་འཛིན་བྱེད་བཞིན་ཡོད་ཀྱང་། དེའི་ཐད་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཨན་ཌིར་སི་(Rob Anders)ལགས་ཀྱིས་ “ངས་བསམ་པར་རྒྱ་གཞུང་གིས་ཁེ་ན་ཌའི་རྡོ་སྣུམ་དང་། འབྲས། རྫས་འགྱུར་ཐོན་དངོས། ལྕགས་རིགས་གཏེར་རྡོ་སོགས་སྔར་བཞིན་ཉོ་ངེས་རེད། དེ་ནི་ང་ཚོས་འགྲོ་བ་མིའི་ཐོབ་ཐང་གནད་དོན་ཐད་དོ་སྣང་སྤྲད་མིན་ཙམ་ལ་རག་ལས་མེད་པར། ཁེ་ན་ཌའི་དངོས་རྫས་དེ་དག་རྒྱ་གཞུང་ལ་མཁོ་གལ་ཆེན་པོ་ཆགས་ཡོད་པ་རེད།” ཅེས་བརྗོད་ཡོད།
ཟླ་འདིའི་ཕྱི་ཚེས་ ༢༦ ནས་ ༢༩ བར་གྲོང་ཁྱེར་ཨོ་ཊ་ཝར་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༦ ་པ་འཚོགས་བཞིན་པ་ལྟར། ༸གོང་ས་མཆོག་ཁེ་ན་ཌའི་སྲིད་བློན་ཧཱར་ཕཱེར་ལགས་དང་མཇལ་འཕྲད་མ་གནང་བའི་སྔོན་དེར་ཚོགས་ཆེན་ཐོག་ཆིབས་བསྒྱུར་བསྐྱངས་ཏེ། བྱམས་དང་སྙིང་རྗེ་རྩ་བར་གྱུར་པའི་བོད་པའི་ཆོས་དང་རིགས་གཞུང་། ཡུལ་སྲོལ་གོམས་གཤིས་མཐའ་དག་རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་འོག་ཆགས་འཇིག་གི་ཉེན་ཁར་བཅར་ཡོད་པའི་གནས་སྟངས་སྐོར་ལ་བཀའ་སློབ་གསུང་བཤད་གནང་ཡོད་པ་དང་། ཚོགས་ཆེན་ཐོག་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་རེ་ཆ་གྷར་དང་། ཨ་རིའི་དམངས་གཙོ་ཐེབས་རྩ་ཚོགས་པའི་ཚོགས་གཙོ་གྷེ་ཞིས་མཱན། ཨ་རིའི་རྒྱ་གར་གཞུང་ཚབ་ཟུར་པ་ཇཱ་ཡ་ཌ་ཝ་ལའེ་ལ་ཌི་སོགས་གཙོས་པའི་འཛམ་གླིང་རྒྱལ་ཁབ་ཁག་ ༣༠ ལྷག་ནས་ཕེབས་པའི་གྲོས་ཚོགས་འཐུས་མི་ ༥༠ ལྷག་དང་། དེ་བཞིན། དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པའི་གཙོས་པའི་བཀའ་བློན་ཁག་ཅིག་དང་། སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་ཀྱིས་གཙོས་པའི་སྤྱི་འཐུས་ཁག་ཅིག གཞན་ཡང་གནད་ཡོད་བོད་མི་ ༦༠ ཙམ་བཅས་ཁྱོན་བསྡོམས་ཚོགས་ཞུགས་མི་སྣ་བརྒྱ་ལྷག་མཉམ་འཛོམས་བྱུང་ཡོད་འདུག
ཐེངས་འདུའི་ཚོགས་ཆེན་ཐོག་ཁེ་ན་ཌའི་ཆབ་སྲིད་ཚོགས་པ་གསུམ་གྱི་གྲོས་ཚོགས་འཐུས་མི་དག་ཀྱང་མཉམ་ཞུགས་གནང་ཡོད་པ་མ་ཟད། གཞུང་འཛིན་ཚོགས་པའི་གྲོས་ཚོགས་འཐུས་མི་དང་ཡུལ་མི་གནས་སྤོ་ལྷན་ཁང་གི་བློན་ཆེན་ཁིན་ནའེ་(Jason Kenney)ལགས་ཀྱིས། ཁེ་ན་ཌ་གཞུང་གིས་ད་ལྟའི་བར་ཏཱ་ལའི་བླ་མ་མཆོག་ལ་རྒྱབ་སྐྱོར་གནང་བཞིན་ཡོད་པ་མ་ཟད། བོད་ཀྱི་གནད་དོན་ཐད་རྒྱ་གཞུང་ལ་དོན་ཕན་ལྡན་པའི་གྲོས་མོལ་གནང་དགོས་པའི་འབོད་སྐུལ་རིམ་པར་གནང་སྐོར་བརྗོད་ཡོད་པ་དང་། ཁེ་ན་ཌའི་དམངས་གཙོ་ཚོགས་པ་གསར་མའི་གྲོས་ཚོགས་འཐུས་མི་ཕའེ་ཇཱེ་ནེ་ཞཱི་ལགས་ཀྱིས་ཀྱང་། ཁིན་ནའེ་ལགས་ཀྱི་གཏམ་བཤད་ལ་རྒྱབ་སྐྱོར་དང་འབྲེལ། ཁེ་ན་ཌ་གཞུང་གིས་སྒེར་གཅོད་པ་ཚོར་ཁས་ལེན་སྤྲད་ཚེ་རང་ཉིད་ཀྱི་དམངས་གཙོ་ཉམས་རྒུད་དུ་འགྲོ་ངེས་ཡིན་པས། ཁེ་ན་ཌའི་གྲོས་ཚོགས་ཀྱིས་དམངས་གཙོའི་འདུ་ཤེས་ཤུགས་ཆེན་པོའི་སྒོ་ནས་གསལ་འདོན་བྱ་དགོས་པ་དེ་གལ་གནད་ཆེན་པོ་ཡིན་པ་བསྟན་ཡོད་པ་རེད། ཁེ་ན་ཌའི་རང་དབང་ཚོགས་པའི་གྲོས་ཚོགས་འཐུས་མི་ཁའོ་ཋི་ལིར་(Irwin Cotler)ལགས་ཀྱིས་ཀྱང་། ཁེ་ན་ཌའི་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་ཚང་མས་འཛམ་གླིང་སྒང་རླབས་ཆེན་གྱི་མི་སྣ་ཏཱ་ལའི་བླ་མ་མཆོག་ལ་རྒྱབ་སྐྱོར་གནང་བར་དགའ་མགུ་ཡི་རང་གནང་ཡོད་པ་རེད། དེ་བཞིན། ཕྱི་ཚེས་ ༢༨ ཉིན་༸གོང་ས་མཆོག་གིས་༼འཛམ་གླིང་མི་རིགས་ཀྱི་ཀུན་སྤྱོད་རྣམ་གཞག༽ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་ཡོད་འདུག
ཆི་ཁཱ་གྷོའི་ནོ་བྷེལ་གཟེངས་རྟཊ་བཞེས་མཁན་གྱི་ཚོགས་འདུའི་སྟེང་། ༸གོང་ས་མཆོག་གིས་གྲོས་མཐུན་དོན་ཚན་ ༡༧ དང་ལམ་དབུ་མའི་དགོངས་གཞི་གཅིག་ཡིན་སྐོར་དང་། བཀའ་ཁྲི་མཆོག་ཁོང་རྣམ་པར་མཚམས་སྦྱོར་གནང་ཡོད།
ཟླ་འདིའི་ཕྱི་ཚེས་
༢༥ ཉིན་༸གོང་ས་མཆོག་ཨ་རིའི་གྲོང་ཁྱེར་ཆི་ཁཱ་གྷོར་ཚོགས་པའི་ནོ་བྷེལ་ཞི་བདེའི་གཟེངས་རྟཊ་བཞེས་མཁན་གྱི་རྒྱལ་སྤྱིའི་ཚོགས་འདུ་ཐེངས་ ༡༢ པའི་སྟེང་ལྷན་བཞུགས་གནང་སྐབས།
བོད་ཀྱི་གནད་དོན་ཐོག་བཀའ་སློབ་བསྩལ་དོན། “ ༡༩༤༩ དང་ ༡༩༥༠ ལོར་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་རྗེས།
བོད་རྒྱའི་འབྲེལ་བ་རྣམ་པ་གསར་པ་ཞིག་ཏུ་གྱུར་བ་མ་རེད་གཏོགས། དེའི་སྔོན་ལ་རྒྱལ་སྤྱིའི་ཁྲིམས་ལུཊ་མཁས་པ་ཚོས་བོད་ཀྱི་གནས་བབ་དེ་རང་བཙན་རྒྱལ་ཁབ་(de-facto
state) ཀྱི་ངོ་བོར་གནས་ཡོད་པར་ངོས་འཛིན་བྱས་ཡོད། རྒྱ་མིས་བོད་ཞི་བའི་བཅིངས་བཀྲོལ་གཏོང་ཆེད། བོད་མི་ཚོས་རྒྱ་ནག་དང་ལྷན་དུ་གྲོས་མཐུན་དོན་ཚན་བཅུ་བདུན་ལ་མིང་རྟགས་བཀོད་དགོས་བྱུང་ཡོད།
གྲོས་མཐུན་དེའི་ནང་རྒྱལ་ཁབ་གཅིག་ལ་ལམ་ལུཊ་གཉིས་ཀྱི་ཆ་རྐྱེན་བཀོད་ཡོད་ལ། ཆ་རྐྱེན་དེ་དག་ལམ་དབུ་མའི་གཞི་རྩའི་ལྟ་གྲུབ་དང་མཐུན་པ་ཆགས་ཡོད ” ཅེས་གསུངས།
སྐབས་དེར་༸གོང་ས་མཆོག་གིས་པོ་ལན་ཌིའི་སྲིད་འཛིན་ཟུར་པ་ལེ་ཆི་ཝ་ལེ་ས་ (Lech Walesa) མཆོག་དང་། ཨ་རིའི་ལྕམ་སྐུ་ཇོ་ཌི་ཝིལ་ཡེམ་སི་ (Jody Williams) ། ཨུ་རུ་སུའི་སྲིད་འཛིན་ཟུར་པ་མི་ཁེལ་གོར་བྷ་ཆོབ་ (Mikhail Gorbachev) བཅས་དང་ཟུར་མཇལ་གནང་སྟེ། ཁོང་རྣམས་ཀྱི་རླབས་ཆེན་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་དང་སྦྲགས། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཁྲི་བློ་བཟང་སེང་གེ་མཆོག་ཁོང་རྣམ་པར་མཚམས་སྦྱོར་གནང་ཡོད་འདུག
དེ་བཞིན་༸གོང་ས་མཆོག་གིས་ཚོགས་འདུ་དེའི་ཐོག “ ༡༩༥༩ ལོར་ང་ཚོ་རྒྱ་གར་དུ་བྲོས་བྱོལ་ལ་བསླེབས་རྗེས་དུས་ཚོད་གང་འཚམ་ཞིག་གཞིས་ཆཊ་ཁག་གསར་འཛུཊ་ཐོག་བཏང་བ་རེད། ༡༩༧༤ ལོར་རྒྱ་ནག་ནང་རིག་གནས་གསར་བརྗེ་བྱུང་སྟེ་ཟིང་འཁྲུག་ལངས་སྐབས། ང་ཚོས་རྒྱ་ནག་མགོ་ཁྲིད་ཚོར་སྔ་ཕྱི་མ་གཏོགས་སྐད་ཆ་བཤད་རྒྱུའི་དུས་ཚོད་ཡོང་གི་རེད། སྐབས་དེར་ང་ཚོས་བོད་ནང་གི་གནས་སྟངས་ངོས་ལེན་བྱ་རྒྱུ་དང་། རང་བཙན་རྩོད་རྒྱུ་གཉིས་ལས་མཐའ་གཉིས་སུ་མ་ལྷུང་བའི་ལམ་དབུ་མའི་སྲིད་བྱུས་ཐོག་སྐད་ཆ་བཤད་རྒྱུའི་ཐག་གཅོད་བྱུང་ཡོད། ༡༩༧༨ དང་ ༡༩༧༩ ལོའི་བར་རྒྱ་གཞུང་གིས་ངོས་ལ་རང་བཙན་མ་གཏོགས་གནད་དོན་ཅི་ཡིན་ཡང་སྐད་ཆ་བཤད་ཆོག་གི་རེད་ཅེས་བཤད་པ་རེད། སྐབས་དེར། ང་ཚོས་གྲ་སྒྲིག་སྔོན་ནས་བྱས་ཡོད་སྟབས་ལངས་ཕྱོགས་འདི་གཞི་རྩར་བཞག་སྟེ་འབད་བརྩོན་བྱས་སྐབས། མཚམས་རེ་བཟང་ཕྱོགས་ཀྱི་རེ་བ་ཡོད་པའི་རྣམ་འགྱུར་དང་། ཡང་མཚམས་རེར་དཀའ་ངལ་འཕྲད་དེ་བོད་ནང་གི་གནས་སྟང་ལ་འགྱུར་བ་གང་ཡང་མ་ཕྱིན་པ་རེད། འདས་པའི་ལོ་ ༦༠ རིང་རྒྱ་གཞུང་དང་ལྷན་དུ་བོད་ཀྱི་གནད་དོན་སེལ་ཆེད་འབད་བརྩོན་ཅི་ཡོད་བྱས་ཀྱང་གྲུབ་འབྲས་མ་ཐོན་པ་རེད། འོན་ཀྱང་། རྒྱ་ནག་མི་མང་ཚོར་དངོས་ཡོད་གནས་ཚུལ་ཤེས་རྒྱུའི་གོ་སྐབས་བྱུང་ཡོད་སྟབས། ད་ཆར་བོད་དོན་ལ་དོ་སྣང་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་ལ། དེའི་རྒྱུ་མཚན་ང་ཚོའི་འཐབ་རྩོད་འཚེ་བ་མེད་པ་དང་ལམ་དབུ་མའི་ལངས་ཕྱོགས་ཡིན་པའི་རྐྱེན་གྱིས་རེད་ ” ཅེས་གསུངས་འདུག
ཕྱི་ཚེས་ ༢༤ ཉིན་༸གོང་ས་མཆོག་གིས་ཨ་རིའི་མིན་ནི་སོ་ཊའི་སྨན་ཁང་ (Mayo Clinic) དུ་འཆར་ཅན་གྱི་སྐུ་གཟུགས་བརྟག་དཔྱད་གནང་རྗེས། སྨན་ཁང་དེའི་སྨན་པ་དང་འབྲེལ་ཡོད་ལས་བྱེད་ཚོར་བྱམས་བརྩེའི་གལ་གནད་སྐོར་བཀའ་སློབ་བསྩལ་ཡོད་པ་དང་། དེ་རྗེས་ཁུལ་དེར་གོ་སྒྲིག་ཞུས་པའི་དྲན་པ་ཉེར་བཞག་གི་བགྲོ་གླེང་ཚོགས་འདུའི་སྟེང་ཕེབས་ཏེ་ས་གནས་མང་ཚོགས་ལ་བཀའ་སློབ་བསྩལ་ཡོད་པ་དང་། དེ་རིང་ཕྱི་ཚེས་ ༢༦ ཉིན་ཁུལ་དེའི་ལཱོ་ཡོ་ལཱ གཙུག་ལག་སློབ་གྲྭའི་རྩེད་ཐང་དུ། མི་མང་སྟོང་ཕྲག་མང་པོར་འཚེ་མེད་ཞི་བ་དང་ཆོས་ལུགས་མཐུན་སྒྲིལ་སྐོར་བཀའ་སློབ་བསྩལ་རྒྱུ་ཡིན་འདུག་ལ། སྐབས་དེར་གཙུག་ལག་སློབ་གྲྭ་དེས་༸གོང་ས་མཆོག་ལ་མཁས་པའི་ཕྱག་འཁྱེར་ཞིག་ཀྱང་འབུལ་རྒྱུ་ཡིན་འདུག ཨ་རིའི་ནང་གི་མཛད་འཆར་ཁག་གྲུབ་རྗེས་ཕྱི་ཚེས་ ༢༧ ཉིན་ཁེ་ན་ཌའི་གྲོང་ཁྱེར་ཨོ་ཊཱ་ཝར་ནང་མང་ཚོགས་ལ་བཟང་སྤྱོད་ཐོག་བཀའ་སློབ་དང་། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་སྟེང་མཉམ་ཞུགས་གནང་རྒྱུ་ཡིན་འདུག
༸གོང་ས་མཆོག་གིས་ཨ་རིའི་ལོང་བྷི་ཆི་དང་རཱོ་ཆེ་སི་ཊ་ས་གནས་ནང་། མི་མང་སྟོང་ཕྲག་མང་པོར་གསུང་བཤད་དང་རྒྱ་རིགས་མི་མང་བརྒྱ་སྐོར་ཞིག་ལ་བོད་རྒྱའི་གནས་སྟངས་གསལ་བཤད་གནང་ཡོད་འདུག
ཉིན་འདི་འགར་༸གོང་ས་མཆོག་གིས་ཨ་རིའི་ཁཱ་ལི་ཧྥོར་ནི་ཡ་མངའ་སྡེའི་ནང་མཛད་འཕྲིན་སྐྱོང་བཞིན་པ་ལྟར། ཕྱི་ཚེས་ ༢༡ཉིན་༸གོང་ས་མཆོག་གིས་ལོང་བྷི་ཆི་ (Long Beach)
ས་གནས་སུ་མི་མང་སྟོང་ཕྲག་མང་པོར་༼དཀའ་རྙོག་གི་དུས་སྐབས་སུ་ཞི་བདེ་བསྐྲུན་ཐབས་༽ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་ཏེ།
འཛམ་གླིང་འདིའི་དཀའ་རྙོག་གི་འབྱུང་ཁུངས་གཙོ་བོ་མིའི་རིགས་ཀྱི་ཀུན་སྤྱོད་ལ་རག་ལས་ཡོད་སྐོར་དང་། འགྲོ་བ་མིས་གདོང་ལེན་བྱ་དགོས་པའི་དཀའ་རྙོག་རྣམས་མི་རང་ཉིད་ཀྱིས་བཟོས་པ་ཞིག་ཡིན་སྟབས།
དུས་རབས་ཉི་ཤུ་པ་ཙམ་དུ་མ་ཟད།དུས་རབས་ཉེར་གཅིག་པའི་ནང་དུའང་། མི་ཁག་ཅིག་གིས་འཚེ་བའི་བྱ་སྤྱོད་སྤེལ་བཞིན་ཡོད་ཚུལ་གསུངས་ཏེ། “ མིའི་སྤྱི་ཚོགས་དང་གྲོང་ཁྱེར།
སློབ་གྲྭའི་ནང་བསམ་ཡུལ་ལས་འདས་པའི་འཚེ་བའི་སྦྱོར་བ་རྩོམ་བཞིན་པ་དང་། མི་དང་མི་བར་གྱི་དབུལ་ཕྱུག་དང་རུལ་སུངས་མེད་པ་བཟོ་རྒྱུའི་ཚབ་ཏུ་སྣང་ཆུང་གཏོང་བ།
ཁོར་ཡུག་སྲུང་སྐྱོབ་ལ་སྣང་ཆུང་གཏོང་བ་བཅས་ལ་དོ་སྣང་བྱས་ཏེ། དུས་རབས་ཉེར་གཅིག་པ་འདི་ཞི་བདེའི་དུས་རབས་ཤིག་ཏུ་བསྒྱུར་བར་འགན་རང་འཁུར་དགོས་ ” ཞེས་གསུངས་ཡོད་ལ།
ལོང་བྷི་ཆིར་རྟེན་གཞི་བྱས་པའི་དགའ་ལྡན་ཤ་རྩེ་ཐུབ་བསྟན་དར་རྒྱས་གླིང་ཆོས་ཚོགས་ཀྱིས་གོ་སྒྲིག་ལྟར། ཉིན་དེར་༸གོང་ས་མཆོག་གིས་ཆོས་ཞུ་བ་སྟོང་ཕྲག་མང་པོར་འཇིགས་བྱེད་ཀྱི་བཀའ་དབང་བཅས་བསྩལ་ཡོད་འདུག
ཉིན་རྒྱབ་༸གོང་ས་མཆོག་ལོང་བྷི་ཆིའི་ས་ཁུལ་དུ་ཚོགས་པའི་བགྲོ་གླེང་ཚོགས་འདུ་ཞིག་ཏུ་ཕེབས་ཏེ། རྒྱ་ནག་སྐམ་ཆེན་མོ་དང་ཐེ་ཝན། སོག་པོ། བོད་པ།ཤར་ཏུར་ཀི་སི་ཐན་བཅས་ཀྱི་ཚོགས་ཞུགས་པ་ ༡༠༠ ཙམ་ལ་བཀའ་སློབ་བསྩལ་ཡོད་ཅིང་། སྐབས་དེར་༸གོང་ས་མཆོག་གིས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་དོན་རྐྱེན་བྱུང་རྗེས། ཕྱི་སྡོད་བོད་རྒྱ་མི་རིགས་བར་འབྲེལ་འདྲིས་ཀྱི་གོ་སྐབས་མང་པོ་བྱུང་ཡོད་ཚུལ་དང་། བོད་མི་ཚོའི་ངོས་ནས་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཐང་རྩོད་བཞིན་པ་ལས་རང་བཙན་རྩོད་ཀྱི་མེད་པ། དེ་བཞིན། ཤིང་ཅང་གྲོགས་པོ་སྐོར་ཞིག་གིས་ཐོག་མར་ཤིང་ཅང་རང་བཙན་རྩོད་སྐོར་བཤད་ཀྱི་འདུག་ཀྱང་། ༸གོང་ས་མཆོག་དང་ཤིང་ཅང་མགོ་ཁྲིད་ལྕམ་རེ་བྷེ་ཡཱ་ (Rabiya kadeer) གཉིས་ཐུག་འཕྲད་གནང་སྐབས། ལྕམ་རེ་བྷེ་ཡཱ་མཆོག་གིས་དབུ་མའི་ལམ་གྱི་སྲིད་བྱུས་དེ་ཧ་ཅང་ཡག་པོ་ཡིན་པའི་ངོས་འཛིན་གནང་ཡོད་སྐོར། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གིས་ལྕམ་རེ་བྷེ་ཡཱ་དང་༸གོང་ས་མཆོག་གཉིས་ཀྱིས་ངན་པ་ལག་འབྲེལ་བྱེད་བཞིན་ཡོད་ཚུལ་སྐྱོན་བརྗོད་རིམ་པར་བྱས་ཀྱང་། ༸གོང་ས་མཆོག་ལྕམ་རེ་བྷེ་ཡཱར་མཇལ་འཕྲད་གནང་བ་དེས་ཕན་ཐོགས་ཆེན་པོི་བྱུང་ཚུལ་སོགས་གསུངས་ཡོད།
༸གོང་ས་མཆོག་གིས་མུ་མཐུད་དུ་ཚོགས་ཞུགས་པ་ཚོར་དབུ་མའི་ལམ་གྱི་དམིགས་ཡུལ་དང་བྱུང་རིམ་ངོ་སྤྲོད་གནང་སྟེ། ད་ཆར་ལམ་དབུ་མའི་སྲིད་བྱུས་ལ་བཙན་བྱོལ་བོད་མི་མང་ཆེ་བས་རྒྱབ་སྐྱོར་ཐོབ་ཡོད་པ་མ་ཟད། བོད་ནང་དུའང་ཤེས་ཡོན་ཅན་མང་པོ་ཞིག་གིས་རྒྱབ་སྐྱོར་གནང་བཞིན་ཡོད་ཚུལ་དང་། ལྷག་པར་དུ་བཀའ་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དང་། ལས་ཐོགས་བཀའ་ཁྲི་བློ་བཟང་སེང་གེ་རྣམ་གཉིས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གཙང་མ་གནང་ཡོད་སྐོར་གསུངས་ཡོད། ༸གོང་ས་མཆོག་གིས་ “ རྒྱ་ནག་སྲིད་བློན་ཝན་ཅཱ་པོས་འདས་པའི་ལོ་གཅིག་གཉིས་ནང་ཆབ་སྲིད་བཅོས་བསྒྱུར་སྐོར་གཏམ་བཤད་སྤེལ་ཡོད་ལ། ཉེ་ཆར་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་མཇུག་སྡོམ་གསར་འགོད་ལྷན་ཚོགས་ཐོག་ཏུའང་ཆབ་སྲིད་བཅོས་བསྒྱུར་སྐོར་ནན་བརྗོད་བྱས་ཡོད། དེའི་རྗེས་བྷོ་ཤི་ལེ་ཡི་ (Bo Xilai) གནས་ཚུལ་དེ་བྱུང་བ་རེད། གང་ལྟར་འགྱུར་བ་ཞིག་ཏན་ཏན་འགྲོ་གི་ཡོད་པ་རེད། འགྱུར་བ་དེ་ལྷིང་འཇགས་པོའི་ཐོག་འགྲོ་ཐུབ་པ་ཡིན་ན། གུང་ཁྲན་ཏང་གིས་མགོ་ཁྲིད་དེ་མང་གཙོ་ཡག་པོ་ཞིག་གི་ཐོག་འགྲོ་ཐུབ་རྒྱུ་དང་།གང་འཚམ་ཞིག་ནས་གུང་ཁྲན་ཏང་ང་རང་ལྟར་གཟི་བརྗིད་ལྡན་པའི་ཐོག་རྒན་ཡོལ་བྱས་ན་ཡག་པོ་རེད། རྒྱ་ནག་མང་གཙོ་ཆགས་ན་བོད་ཀྱི་གནད་དོན་དེ་བདུན་ཕྲག་གཅིག་ནང་སེལ་ཐུབ་ཀྱི་རེད། ” ཅེས་གསུངས།
སྐབས་དེའི་གསར་འགོད་ལྷན་ཚོགས་ཤིག་གི་སྟེང་༸གོང་ས་མཆོག་གིས་གསར་འགོད་པའི་དྲི་བར་ལན་འདེབས་གནང་སྟེ། མེར་བསྲེགས་ཀྱི་གནད་དོན་དེར་བློ་ཕམ་ཆེན་པོ་བྱུང་ཡོད་སྐོར་དང་། དེ་ནི་ཆབ་སྲིད་དང་འབྲེལ་བ་ཆེན་པོ་ཡོད་པ། རང་ལུས་མེར་བསྲེགས་གཏོང་བའི་གནད་དོན་དེ་གློ་བུར་བ་ཞིག་མིན་པར། ལོ་ངོ་ ༢༠རིང་རྒྱ་ནག་ས་གནས་སྲིད་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་དང་ཐད་ཀར་འབྲེལ་བ་ཆགས་བསྡད་ཡོད་སྐོར་གསུངས་ནས། རྒྱ་གཞུང་གིས་རང་ལུས་མེར་བསྲེགས་གཏོང་དགོས་པའི་རྒྱུ་རྐྱེན་གང་ཡིན་ཐོག་ཞིབ་འཇུག་བྱ་དགོས་པ་ནན་བརྗོད་གནང་ཡོད།
ཕྱི་ཚེས་ ༢༢ཉིན་༸གོང་ས་མཆོག་གིས་ལོང་བྷི་ཆིའི་ཁུལ་གྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ་རཱོ་ཆེ་སི་ཊར་(Rochester) ས་ཁུལ་དུ་ཆིབས་བསྒྱུར་བསྐྱངས་སྐབས། མེན་ནེ་སོ་ཊའི་སློབ་གྲྭ་ཁག་བརྒྱད་ནས་བཅར་པའི་རྒྱ་རིགས་མཁས་དབང་དང་། སློབ་ཕྲུག་སོགས་ཁྱོན་མི་༡༠༠ ལྷག་ལ་བཀའ་སློབ་བསྩལ་ཡོད་ཅིང་། སྐབས་དེར་༸གོང་ས་མཆོག་གིས་བོད་རྒྱ་མི་རིགས་གཉིས་ལ་ལོ་ངོ་སྟོང་ཕྲག་རིང་གི་ལོ་རྒྱུས་ཀྱི་འབྲེལ་ཡོད་སྐོར་དང་། ལོ་རྒྱུས་ཀྱི་དུས་སྐབས་རེ་རེའི་བོད་རྒྱའི་མཛའ་འབྲེལ་དང་དམག་འཁྲུག་གི་གནས་སྟངས་ངོ་སྤྲོད། བོད་ལ་དུས་འགྱུར་མ་བྱུང་གོང་པེ་ཅིན་དུ་མའོ་ཙེ་ཏུང་དང་མཇལ་འཕྲད་ཐེངས་མང་གནང་སྟེ་མཱ་ཁི་སི་ལྟ་གྲུབ་ལ་སློབ་སྦྱོང་བྱས་ཚུལ། རིག་གནས་གསར་བརྗེའི་སྐབས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ལ་གཏོར་བཤིག་ཐེབས་ཚུལ་དང་། བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཁྲན་ཁི་ཡན་ (Chen Kuiyuan) གྱི་སྐབས་ནས། ལྷ་སའི་བོད་མིའི་སློབ་གྲྭ་ཁག་ཏུ་ནང་ཆོས་ཀྱི་བརྗོད་བྱའི་མཚོན་པའི་སློབ་ཁྲིད་བཀག་སྡོམ། ༢༠༠༨ལོའི་བོད་མིའི་ཞི་རྒོལ་གྱི་རྒྱུ་རྐྱེན་དང་དེའི་རྒྱབ་ལྗོངས་གནད་དོན་སོགས་གསལ་བཤད། བོད་ནང་མེར་བསྲེགས་གཏོང་བའི་གནད་དོན་དེ་བོད་མི་ཙམ་མིན་པར་རྒྱ་རིགས་དང་ཝི་ཏི་ནམ།ཅེག་སྤྱི་མཐུན་རྒྱལ་ཁབ་བཅས་ཀྱི་ལོ་རྒྱུས་ནང་བྱུང་མྱོང་ཡོད་པ། མེར་བསྲེགས་བྱ་སྤྱོད་དེ་འུ་ཐུག་ཐབས་ཟད་ཅིག་ཡིན་ནའང་། བྱེད་སྟངས་དེ་ནི་གཞན་ལ་འཚེ་བའི་དོན་དུ་མིན་ཚུལ་སོགས་བརྗོད་དེ། རྒྱ་གཞུང་གིས་གནད་དོན་དེའི་རྒྱུ་རྐྱེན་གཙོ་བོ་གང་ལ་ཐུག་ཡོད་མེད་ཐོག་ཞིབ་འཇུག་མཐིལ་ཕྱིན་བྱ་དགོས་པ་ནན་སྐུལ་གནང་ཡོད།
མཐར་༸གོང་ས་མཆོག་གིས་ཚོགས་བཅར་བ་ཚོར་ “ ང་ཚོས་དངོས་ཡོད་གནས་ཚུལ་ལ་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད། གལ་སྲིད་རྒྱ་གཞུང་གིས་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གནས་བབ་ཚད་ལྡན་ཞིག་སྤྲད་ན། བོད་མི་རྣམས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་འོག་བསྡད་ན་དགེ་མཚན་ཆེ་བ་ཡོད་པ་རེད། གྲོས་མཐུན་དོན་མཚན་བཅུ་བདུན་ནི། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཡོང་ན་བསམ་སྟེ་བོད་མིས་ས་རྟགས་བརྒྱབ་པ་ཞིག་ཆགས་ཡོད། ” ཞེས་གསུངས།
ཕྱི་ཚེས་ ༢༣ ཉིན་༸གོང་ས་མཆོག་ཨ་རིའི་ཆི་ཁཱ་གྷོའི་ས་ཁུལ་དུ་འཚོགས་བཞིན་པའི་ནོ་བྷེལ་ཞི་བདེ་གཟེངས་རྟགས་བཞེས་མཁན་ཚོའི་ཚོགས་འདུའི་སྟེང་ཕེབས་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་ནས་༸གོང་ས་མཆོག་གིས་ཨ་རིའི་ཁཱ་ལི་ཧྥོར་ནི་ཡ་ (California) མངའ་སྡེའི་གཙུག་ལག་སློབ་གྲྭ་གསུམ་གྱི་ནང་མཛད་འཕྲིན་སྐྱོང་བཞིན་ཡོད་པ་ལྟར། ཕྱི་ཚེས་ ༡༨ ཉིན་གྱི་ཞོགས་པར་ཁཱ་ལོ་ཧྥོར་ནི་ཡ་གཙུག་ལག་སློབ་གྲྭའི་སློབ་གཙོ་ཇེན་ཎི་ཁེ་རེ་གྷི་པཱ་ཝེ་ལིན་ (Jenny Craig Pavilion) ལགས་ཀྱིས་ཕེབས་བསུའི་འོག ༸གོང་ས་མཆོག གཙུག་ལག་སློབ་གྲྭ་དེར་ཆིབས་བསྒྱུར་བསྐྱངས་ཏེ། དགེ་ལས་སློབ་ཕྲུག་སྟོང་ཕྲུག་མང་པོར་ཁོར་ཡུག་སྲུང་སྐྱོབ་སྐོར་བཀའ་སློབ་བསྩལ་ཡོད་འདུག
གསུང་བཤད་ཀྱི་ཐོག་མར་སློབ་གྲྭའི་སློབ་གཙོ་མཆོག་གིས་༸གོང་ས་མཆོག་ལ་ཕེབས་བསུའི་གཏམ་བཤད་གནང་རྗེས། ༸གོང་ས་མཆོག་གྲོང་ཁྱེར་སེན་ཌི་ཡཱ་གྷོའི་གཙུག་ལག་སློབ་གྲྭར་ཕེབས་ཐུབ་པ་དེར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་སྐོར་དང་། ཐེངས་འདིའི་ཆིབས་བསྒྱུར་འདི་ནི་གཙུག་ལག་སློབ་གྲྭ་དེའི་གཟི་བརྗིད་ཡིན་པ། ༸གོང་ས་མཆོག་གིས་གནང་བཞིན་པའི་འཛམ་གླིང་ཞི་བདེ་དང་ཀུན་ཁྱབ་འགན་འཁུར་ལ་གཙུག་ལག་སློབ་གྲྭ་དེས་ཁུར་མཉམ་ལེན་བྱེད་ཀྱིན་ཡོད་སྐོར་བརྗོད་དེ། “༸ཏཱ་ལའི་བླ་མ་མཆོག་ནི་རང་བྱུང་ཁོར་ཡུག་ཐོག་དོ་སྣང་དང་ཐུགས་འཚབ་མཛད་མཁན་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གཅིག་པུ་དེ་རེད་ ” ཅེས་བརྗོད་ཡོད།
སྐབས་དེར་༸གོང་ས་མཆོག་གིས་བོད་ཀྱི་ཁོར་ཡིག་ཉེན་འཚབ་དང་འཛམ་གླིང་ཁོར་ཡུག་གི་གལ་གནད་སྐོར་ངོ་སྤྲོད་གནང་སྟེ། “ སྔོན་ཆད་ང་ཚོ་བོད་ལ་ཡོད་སྐབས་བོད་ཀྱི་ས་ཆུ་ཚང་མ་གཙང་མ་ཡིན་སྟབས། ཚང་མར་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུའི་གོ་རྟོགས་དེ་ཙམ་ཡོད་མ་རེད་ལ། བོད་མི་ཚོ་རྟ་དང་གཡག་ལ་ཞོན་ཏེ་ས་ཐག་རིང་ལ་འགྲོ་སྐབས། ཁ་སྐོམ་ན་གང་སར་རྒྱུགས་ཆུ་འཐུང་ཆོག་གི་ཡོད་ཀྱང་། རྒྱ་གར་དུ་བསླེབས་རྗེས་ཁ་ཤས་ཀྱིས་ཆུ་བཙོག་པ་རེད་ཅེས་བཤད་སྟབས་ཅུང་ཧང་སང་སོང་། ངོས་ཀྱིས་རིམ་བཞིན་ཁོར་ཡུག་ཚན་རིག་པ་དང་ཐུག་འཕྲད་བྱས་སྐབས་ཁོར་ཡུག་ནི་འགྲོི་བ་མིའི་རིགས་གནས་ཐུབ་མིན་གྱི་གནད་དོན་ཞིག་ཡིན་པ་རྟོགས་བྱུང་ ” ཞེས་གསུངས།
ཕེབས་ལམ་དུ་༸གོང་ས་མཆོག་གིས་གསར་འགོད་པའི་དྲི་བར་བཀའ་ལན་བསྩལ་ཏེ། ཁོང་གི་མཛད་འགན་གསུམ་ངོ་སྤྲོད་དང་སྦྲགས་ཏེ། བོད་མིའི་ཆབ་སྲིད་འགན་དབང་མང་ཚོགས་ཀྱིས་བདམས་པའི་མགོ་ཁྲིད་ལ་རྩིས་སྤྲོད་གནང་ཚུལ་དང་། ཁོང་གི་མི་ཚེའི་ལོ་རྒྱུས་ནང་བོད་ཀྱི་ཆབ་སྲིད་བཅོས་བསྒྱུར་གྱི་བརྒྱུད་རིམ་དང་དེའི་ལག་ལེན་སྐོར་གསལ་བཤད་གནང་ཡོད་པ་མ་ཟད། བྱམས་བརྩེ་ཉམས་ལེན་གྱི་ཕྱོགས་ནས་མི་ཚང་མར་ཉེ་རིང་མེད་པའི་བྱམས་བརྩེ་ཞིག་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་ཡིན་ཚུལ་དང་། ནང་མི་སྤུན་མཆེད་དང་གཉེན་ཉེ་དུའི་བར་གྱི་བརྩེ་བ་ནི་ཤ་ཁྲག་གི་འབྲེལ་བ་ཙམ་ཡིན་སྟབས་བརྩེ་བ་དེ་ནི་ཉེ་རིང་ཅན་གྱི་བྱམས་བརྩེ་ཆགས་ཡོད་སྐོར་ནན་བརྗོད་གནང་སྟེ། “ བརྩེ་བའི་བསམ་པ་དེ་རྨང་གཞིར་བྱས་ཏེ་རྣམ་དཔྱོད་བེད་སྤྱོད་ཐོག་ཉེ་རིང་མེད་པའི་བྱམས་བརྩེའི་བསམ་བློ་ཞིག་ཡོང་ཐབས་ལ་འབད་དགོས ” ཞེས་གསུངས། དེ་བཞིན། རྒྱ་གར་ནང་སྲོལ་རྒྱུན་ནས་དར་བའི་ཆོས་ལུགས་དང་། ཕྱི་ལོགས་ནས་དར་བའི་ཆོས་ལུགས་མང་པོ་ཞིག་ལོ་ངོ་སྟོང་ཕྲག་རིང་མཉམ་མཐུན་གནས་ཐུབ་ཡོད་པ་དེ། དེང་དུས་ཀྱི་འཛམ་གླིང་ནང་ཆོས་ལུགས་མཐུན་སྒྲིལ་གྱི་མིག་དཔེར་འོས་ཚུལ་སོགས་གསུངས་ཡོད་པ་རེད།
ཕྱི་ཚེས་ ༡༨ ཉིན་གྱི་ཕྱི་དྲོར་༸གོང་ས་མཆོག་སེན་ཌི་ཡཱ་གྷོའི་གཙུག་ལག་སློབ་གྲྭར་ (University of San Diego) ཆིབས་བསྒྱུར་བསྐྱངས་སྐབས། གཙུག་ལག་སློབ་གྲྭའི་སློབ་གཙོི་སྐུ་ཞབས་མཱ་རི་ཨི་ལི་ཡོན་སི་ (Dr. Mary E. Lyons ) ལགས་ཀྱིས་སློབ་གྲྭའི་ལས་བསྡོམས་སྙན་སྒྲོན་ཞུས་རྗེས། ༸གོང་ས་མཆོག་ལ་གཙུག་ལག་སློབ་གྲྭ་དེའི་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ཡོད་འདུག་ལ། སྐབས་དེར༸་གོང་ས་མཆོག་གིས་ངོས་ལ་གཟེངས་རྟགས་འདི་འདྲ་ཞིག་ཐོབ་པ་ནི། ངོས་ཀྱིས་ད་བར་འགྲོ་བ་མིའི་རིགས་ཀྱི་བདེ་དོན་ལ་ཞབས་ཞུ་ཕྲན་བུ་བསྒྲུབས་པར་ངོས་འཛིན་གནང་བ་ཞིག་རེད་ཅེས་གསུངས་ཏེ། མང་ཚོགས་ལ་༼ཞི་བདེ་དང་དྲང་བདེན་གཉིས་སེམས་དང་འབྲེལ་ཐབས་༽ཞེས་བའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་འདུག
ཕྱི་ཚེས་ ༡༩ ཉིན་གྱི་སྔ་དྲོར་༸གོང་ས་མཆོག་གིས་སེན་ཌི་ཡཱ་གྷོ་མངའ་སྡེའི་གཙུག་ལག་སློབ་གྲྭར་ (San Diego State University) དགེ་ལས་སློབ་ཕྲུག་ ༡༣༠༠༠ ལྷག་ལ་༼དཀའ་སྡུག་གི་དུས་སུ་བཟང་སྤྱོད་དང་བྱམས་བརྩེ་ཉམས་ལེན་བྱེད་སྟངས༽ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་ཡོད་འདུག་ལ། ༸གོང་ས་མཆོག་གིས་སློབ་ཕྲུག་ཚོར་དཀའ་ངལ་གྱི་དུས་སུ་སེམས་ཤུགས་ནམ་ཡང་ཆག་མི་རུང་བ་དང་། སེམས་བཟང་པོ་དང་རྣམ་དཔྱོད་གཉིས་དུས་མཉམ་དུ་འགྲོ་དགོས་པའི་ཐོག་རང་ཉིད་ཀྱི་མི་ཚེ་དོན་དང་ལྡན་པ་ཞིག་ཡོང་ཐབས་ལ་འབད་བརྩོད་གནང་དགོས་རྒྱུ་དང་། མི་སྒེར་གྱི་བདེ་སྐྱིད་ནས་ཁྱིམ་ཚང་གི་བདེ་སྐྱིད། དེ་ནས་རིམ་བཞིན་འཛམ་གླིང་ཧྲིལ་པོར་ཞི་བདེ་ཡོང་ཐབས་སུ་གོམ་པ་རིམ་སྤོ་བྱ་དགོས་པའི་སྐུལ་མ་བཅས་གནང་ཡོད། སྐབས་དེར་སེན་ཌི་ཡཱ་གྷོ་གྲོང་སྡེའི་སྤྱི་ཁྱབ་པ་ཇི་རི་སན་ཌར་སེ་ (Jerry Sanders) ལགས་ཀྱིས། གྲོང་ཁྱེར་མི་དམངས་ཡོངས་ཀྱི་ཚབ་བྱས་ཏེ་༸གོང་ས་མཆོག་ལ་ཆེ་བསྟོད་ཆེད་གྲོང་ཁྱེར་དེའི་ལྡེ་མིག་ཅིག་འབུལ་ལམ་ཞུས་ཡོད། ཕྱི་དྲོ་ཚན་རིག་པ་ཁག་ཅིག་དང་ལྷན་དུ་ཀླད་ཁམས་དང་ཤེས་པའི་རྣམ་གཞག་ཐོག་བགྲོ་གླེང་གནང་ཡོད་འདུག
སེན་ཌེ་ཡཱ་གྷོའི་མཛད་འཆར་ཁག་གྲུབ་རྗེས་དེ་རིང་ཕྱི་ཚེས་ ༢༠ ཉིན་༸གོང་ས་མཆོག་ལོང་བྷི་ཆིར་ (Long Beach) ཆིབས་བསྒྱུར་བསྐྱངས་ཡོད་འདུག་ལ། སང་ཉིན་ཕྱི་ཚེས་ ༢༡ ཉིན་མང་ཚོགས་ལ་༼དཀའ་རྙོག་གི་དུས་སུ་སེམས་ནང་ཞི་བདེ་བསྐྲུན་ཐབས་༽ཞེས་པའི་བཀའ་སློབ་བསྩལ་རྒྱུ་ཡིན་འདུག

༄༅།
།གུ་རུའི་གནས་མཆོག་མཚོ་པདྨར་ཡོད་པའི་འཛི་སྒར་ཨོ་རྒྱན་ཆོས་འཁོར་གླིང་དགོན་དང་ཟངས་མདོག་དཔལ་རིའི་ཕོ་བྲང་བརྟེན་དང་རྟེན་པ་གསར་བཞེངས་ལེགས་གྲུབ་བྱུང་བར་དབུ་འབྱེད་རབ་གནས་དང་།
དེ་བཞིན་སྔོན་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་མི་མང་ལ་ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་གི་བཀའ་དབང་བཀའ་དྲིན་སྩལ་རྒྱུ་བཅས་སླད་ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༡ ཉིན་གྱི་སྔ་དྲོའི་ཕྱག་ཚོད་ ༩།༠༠
ཐོག་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་ཕེབས་འཁོར་ཐོག་ཆིབས་ཞལ་བསྒྱུར་ཏེ་ཕྱག་ཚོད་ ༡།༤༠ ཐོག་གུ་རུའི་གནས་མཆོག་མཚོ་པདྨར་ྋཞབས་སོར་བདེ་བར་འཁོད་དེ་
འབྲི་གུང་བཀའ་བརྒྱུད་དགོན་ཐུབ་བསྟན་བཤད་སྒྲུབ་གླིང་དུ་གནས་གཟིགས་སུ་ཆིབས་སྒྱུར་གནང་ཞིང་། དགོན་དེའི་དབོན་སྤྲུལ་རིན་པོ་ཆེ་ནས་ྋགོང་ས་ཆེན་པོ་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས།
དེ་རྗེས་དཀོན་མཆོག་རྗེས་དྲན་གསུང་མུར་གསོལ་ཇ་བཞེས་འབྲས་ཕེབས། དེ་རྗེས་ཆོས་འབྲེལ་བྱང་ཆུབ་སེམས་དཔའི་སྡོམ་པ་འབོགས་ཆོག་དང་རབ་གནས་བཀའ་དྲིན་སྩལ་རྗེས་འཛི་སྒར་དགོན་པར་ཆིབས་ཞལ་བསྒྱུར།
དེར་ྋཞབས་སོར་འཁོད་སྐབས་འཛི་སྒར་རིན་པོ་ཆེ་དང་མཁན་ཆེན་འཕྲིན་ལས་རྡོ་རྗེ་སོགས་ཀྱིས་འཚམས་ཞུའི་མཇལ་དར་ཕུལ་ཞིང་།
གྲྭ་དམངས་ཀྱིས་མཆོད་རྫས་སྣ་ཚོགས་ཐོགས་པའི་སེར་སྦྲེང་དང་མི་མང་ཁག་གཅིག་གི་གླུ་དབྱངས་ཀྱི་མཆོད་པ་བཅས་ཕེབས་བསུ་གཟབ་རྒྱས་ཞུས།
དེ་གའི་གསར་དུ་བཞེངས་པའི་གཙུག་ལག་ཁང་རྟེན་དང་བརྟེན་པར་དབུ་འབྱེད་རབ་གནས་དང་ཆོས་འབྲེལ་གནང་རྒྱུ་བཅས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་དང་བདེ་སྲུང་བཀའ་བློན། དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བགྲེས་གཞོན་དང་སྤྱི་འཐུས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ། གཞན་ཡང་དགོན་པའི་སྐུ་མགྲོན་དང་སྦྱིན་བདག་ཁག གྭར་ཞ་དང་སྤི་ཏི། ཁུ་ནུ། སྦིར་དང་ཅོན་ཏ་ར་སོགས་ནས་ཆོས་ཞུ་བ་མི་མང་སྟོང་ཚོ་བརྒལ་བ་ཆེེད་བཅར་ཞུས་ཡོད་འདུག
ཕྱི་ཟླ་ ༤ ཚེས་ ༢ ཉིན་གྱི་ཕྱག་ཚོད་ ༡།༣༠ ཐོག་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གུ་རུའི་གནས་མཆོག་མཚོ་པདྨར་གསར་དུ་བཞེངས་པའི་ཟངས་མདོག་དཔལ་རིའི་ཕོ་བྲང་གི་དབུ་བླ་རི་མགོ་རིན་པོ་ཆེ་དང་དགེ་བསྐོས་གཉིས་ནས་སྤོས་སྣེ་དང་དགེ་འདུན་པའི་སེར་སྦྲེང་བཅས་གཟིམ་ཆུང་ནས་ཟངས་མདོག་དཔལ་རིའི་ཕོ་བྲང་རྟེན་དང་བརྟེན་པ་བཅས་པ་གསར་བཞེངས་ལེགས་པར་གྲུབ་པའི་དབུ་འབྱེད་མཛད་སྒོར་གདན་ཞུས་གཞུང་སྒོར་མཆོག་གསུམ་ཤིས་བརྗོད་ཀྱི་ཞལ་འདོན་དང་འབྲེལ་དར་ཚོན་གཅོད་འབྲེག་བཀྲིན་བསྐྱངས།
དེ་ནས་གཙུག་ལག་ཁང་དུ་གདན་ཞུས་ཀྱིས་སྣང་གསལ་ཞལ་འབྱེད་དང་འབྲེལ་ཕོ་བྲང་དང་ལྷ་ཁང་ཁག་ལ་གནས་གཟིགས་བཀའ་དྲིན་བསྐྱངས། དེ་རྗེས་བཞུགས་ཁྲིར་ྋཞབས་སོར་འཁོད་བསྟུན་དབུ་མཛད་ཀྱིས་ཞལ་འདོན་གསུང་བསྐུལ་དང་།
རི་མགོ་རིན་པོ་ཆེས་ྋགོང་ས་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས།
དེ་ནས་གསོལ་ཇ་བཞེས་འབྲས་ཕེབས་རྗེས་རི་མགོ་རིན་པོ་ཆེས་ཟངས་མདོག་དཔལ་རི་གསར་བཞེངས་དང་འབྲེལ་བའི་ལོ་རྒྱུས་ྋསྙན་སྒྲོན་ཞུས།
དེ་རྗེས་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་ནས་བཀའ་ཤག་གི་ཚབ་ཞུས་ཏེ་འཚམས་འདྲིའི་གསུང་བཤད་གནང༌།
དེ་ནས་ྋགོང་ས་མཆོག་གིས་ཟངས་མདོག་དཔལ་རིའི་སྦྱིན་བདག་བཟའ་ཚང་གཉིས་དང་འཆར་འགོད་པ། རྟེན་བཞེངས་པ། ལས་དཔོན་བཅས་ལ་ལེགས་སྐྱེས་གསོལ་རས་གནང་བ་དང་འབྲེལ་བཀའ་སློབ་བཀའ་དྲིན་སྩལ་དོན།
དེ་རིང་འདི་གར་གནས་དང་དུས་ཚིགས་ཁྱད་པར་ཅན་འདི་འདྲ་ཞིག་ལ་ཆོས་ལྡན་གྱི་བྱ་བ་དོན་དང་ལྡན་པ་ཞིག་གི་ཐོག་སྒོ་འབྱེད་རྟེན་འབྲེལ་གྱི་མཛད་སྒོ་བྱེད་རྒྱུ་བྱུང་བ་རེད། འདིར་ཆེད་མངགས་ཕེབས་མཁན་སྐུ་མགྲོན་རྣམ་པ་ཚོ་དང་། རི་མགོ་རིན་པོ་ཆེས་རྐང་ཐུགས་ཁུར་བསྐྱེད་དེ་འདི་གའི་ཁུངས་གཏོགས་དགེ་འདུན་ཚང་མས་ཧུར་སྐྱེད་གནང་བའི་འབྲས་བུ་ཡོངས་སུ་སྨིན་ནས་གྲུབ་འབྲས་ཡག་ཐག་ཆོད་བྱུང་འདུག་པས། ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག་བཀྲི་བདེ་ལེགས་ཞུ་རྒྱུ་ཡིན། འདི་ལྟར་བཞེངས་རྒྱུའི་དགོས་པ་རྒྱུ་མཚན་རྣམས་རིན་པོ་ཆེས་འགྲེལ་བཤད་གནང་བ་ཧ་ཅང་ཡག་པོ་འདུག དེ་ནས་ཆོས་རིག་བཀའ་བློན་གྱིས་ཀྱང་བོད་པའི་གནས་སྟངས། ཆོས་དང་སྲིད། སྤྱི་ཡོངས་ཀྱི་གནས་ཚུལ་ཞིབ་ཚགས་གསུངས་སོང་། ངོས་ཀྱིས་འདིར་དམིགས་བསལ་ཞུ་རྒྱུ་གང་ཡང་མེད། ནམ་རྒྱུན་རྟག་པར་བརྗོད་ཀྱི་ཡོད། མཁས་ཕྱོགས་དབྱིག་གཉེན་གྱིས། །སྟོན་པའི་དམ་ཆོས་རྣམ་གཉིས་དེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་པ། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་དང་། དེ་བཞིན། སྟོན་པ་འཇིག་རྟེན་མིག་ནི་ཟུམ་གྱུར་ཅིང། །དཔང་འགྱུར་སྐྱེ་བོ་ཕལ་ཆེར་ཟད་པ་ན། །དེ་ཉིད་མ་མཐོང་རང་དགར་གྱུར་པ་ཡི། །ངན་རྟོག་རྣམས་ཀྱིས་བསྟན་པ་འདི་དཀྲུགས་སོ། །ཞེས་སངས་རྒྱས་ཀྱི་བསྟན་པ་འདི་སེམས་ཅན་གྱི་ལྐོག་མར་སྲོག་འབྱིན་པ་དང་འདྲ་བ་ཉམས་དམའ་བོ་ཆགས་ཀྱི་འདུག དེར་བརྟེན་ཐར་པ་འདོད་པ་རྣམས་ཀྱིས་བག་ཡོད་བགྱིས་ཞེས་གསུངས་པ་འདི་ང་ཚོས་རྟག་ཏུ་སེམས་ལ་དྲན་དགོས། སློབ་དཔོན་དབྱིག་གཉེན་ལོ་སྟོང་ཕྲག་གོང་ནས་བྱུང་བ་རེད། དེ་དུས་ཁོང་གིས་འདི་ལྟར་གསུངས་པའི་རྒྱུ་མཚན་གཅིག་ཕལ་ཆེར་འདི་མིན་ནམ་བསམ་གྱིས་འདུག བལ་ཡུལ་དུ་ཕེབས་པའི་སྐབས་ཤིག་ལ་གྲྭ་པ་ཆང་བུམ་པ་གང་འཁྱེར་ནས་འགྲོ་མཁན་གཅིག་གཟིགས་པ་དེས་ཁོང་ཧ་ཅང་ཐུགས་སྐྱོ་པོ་བྱུང་བའི་སྐད་ཆ་ཞིག་ཤོད་རྒྱུ་ཡོད།
ཁོང་ལྷག་པའི་ལྷ་རྣམ་རྒྱལ་མ་དང་དམིགས་བསལ་གྱི་འབྲེལ་བ་ཡོད་པས། རྣམ་རྒྱལ་མའི་གཟུངས་མགོ་རྟིང་བསློགས་ནས་གསུངས་པར་བརྟེན་དེའི་རྐྱེན་གྱིས་དགོངས་པ་རྫོགས་པ་ཡིན་ཞེས་གསུང་སྲོལ་ཡོད། དེར་བརྟེན་ངོས་རང་དེ་ལ་དོགས་པ་ཞིག་བྱུང། སྤྱིར་སངས་རྒྱས་ཀྱི་བསྟན་པ་འཛམ་གླིང་འདིའི་སྟེང་ཕལ་ཆེར་དེ་རིང་ཁ་སང་ནང་པའི་ཆོས་བྱེད་མཁན་ཧ་ཅང་མང་པོ་ཡོད། ལྷག་དོན་རྒྱ་ནག་ལ་ཆ་བཞག་ན། དེ་རིང་ཁ་སང་ནང་པའི་ཆོས་བྱེད་མཁན་ཧ་ལམ་ས་ཡ་སུམ་བརྒྱ་སྐོར་ཡོད་པ་ཤོད་ཀྱི་འདུག རྒྱ་གར་ནང་དུའང་གཞོན་སྐྱེས་མང་པོས་ནང་ཆོས་ལ་དོ་སྣང་གསར་པ་བྱེད་པ་ཞིག་ཆགས་ཡོད། གོང་དུ་ཆོས་རིག་བཀའ་བློན་གྱིས་གསུངས་པ་བཞིན་སྔར་ནང་ཆོས་དང་འབྲེལ་བ་མེད་པའི་ལུང་པའི་ནང་ནས་ཀྱང་ནང་ཆོས་ལ་དོ་སྣང་གསར་པ་བསླེབས་ཡོད། དེ་བཞིན་རྒྱ་ནག་ནང་མི་ས་ཡ་སུམ་བརྒྱ་བརྗོད་པ་དེ་དག་མང་པོ་ཞིག་སློབ་སྦྱོང་ཡོད་པའི་ནང་ནས་ཡོང་བ་རེད་ཅེས་སྐབས་དེའི་གསར་འགྱུར་དང་ཡིག་ཆའི་ནང་དུ་བཀོད་འདུག
འཛམ་གླིང་ཕྱི་ཕྱོགས་སུའང་དེ་དེ་བཞིན་རེད། བསམ་བློ་བཏང་སྟེ་དཔྱད་པ་བྱེད་པ་ལས་དད་པ་ཙམ་དང་ལམ་དང་ལུགས་སྲོལ་ཁོ་ནར་ཆོག་ཤེས་མི་བྱེད་མཁན། རྒྱུ་མཚན་ལ་བསམ་བློ་གཏོང་མཁན་དེ་ཚོའི་ནང་ལ་སངས་རྒྱས་པའི་ཆོས་ཅེས་བརྗོད་དུས་རྒྱུ་མཚན་ལྡན་པ་ཞིག་མཐོང་གི་ཡོད་པར་མ་ཟད། ཕལ་ཆེར་བྷཌ་རེནཌ་རུ་སེལ་གྱིས་ཀྱང་དེ་འདྲ་བརྗོད་འདུག ཁོང་ནི་དུས་ཕྱིས་ནུབ་ཕྱོགས་ཀྱི་ལྟ་གྲུབ་སྨྲ་བ་ཆགས་ཡོད། དེ་མཚུངས་ཨཡིན་སི་ཊཡིན་གྱིས་ཀྱང་བཤད་ཡོད། དེར་བརྟེན་བསམ་བློ་ཡོད་མཁན་ཚོས་དོ་སྣང་བྱེད་པ་ཞིག་ཆགས་ཡོད། དོ་སྣང་མེད་མཁན་ཚོ་ནི་གནས་ཚུལ་ཁག་ཁག་རེད། དོ་སྣང་ཡོད་མཁན་དང་བརྟག་དཔྱད་བྱེད་མཁན་དེ་ཚོའི་གྲས་ཀྱིས་གཞི་ནས་སངས་རྒྱས་པའི་ཆོས་ཞེས་བརྗོད་དུས་བརྟག་དཔྱད་བྱེད་རྒྱུ་ཡོད་པ་དང་། བསམ་བློ་གཏོང་རྒྱུ་ཡོད་པ་ཞིག་མཐོང་ནས་དེ་ལ་དོ་སྣང་སླེབས་ཀྱི་ཡོད། མདོར་ན། ཚན་རིག་པའི་ནང་གི་ནམ་རྒྱུན་ཆོས་ལ་དེ་ཙམ་ཡིད་ཆེས་དང་དོ་སྣང་གང་ཡང་མེད་མཁན་ཚོའི་གྲས་ཀྱིས་སངས་རྒྱས་པའི་ཆོས་ཀྱི་འགྲེལ་བཤད་ཐོས་དུས་གཞི་ནས་དེར་དོ་སྣང་གསར་པ་བྱེད་པ་ཞིག་ཡོང་གི་འདུག འདི་འདྲའི་དུས་ཚོད་ལ་ང་རང་ཚོ་ཆོས་པ་རང་ཉིད་ཀྱིས་སྤུས་ཀར་བསམ་བློ་གཏོང་དགོས་པ་དང་གཟབ་གཟབ་བྱེད་དགོས་པ་ཞིག་ཆགས་ཡོད། ཁ་སྔོན་འཛམ་གླིང་རྒྱལ་སྤྱིའི་ནང་པའི་ཆོས་ཚོགས་ལྡི་ལིར་ཚོགས་པ་རེད། འཛམ་གླིང་གི་ས་ཕྱོགས་འདྲ་མིན་ནས་ཕེབས་པའི་ནང་པའི་སྐུ་ཚབ་ཡིན་བརྗོད་མཁན་མང་པོ་འདུག ཆ་ལུགས་ཡ་མ་གཟུགས་དང་ཞྭ་མོ་ཁྱད་མཚར་གྱོན་པ་དེ་འདྲ་འདུག དེ་དག་ལ་ཚགས་པར་འགོད་མཁན་ཚོས་པར་རྒྱག་རྒྱུར་དགའ་པོ་ཡོང་ས་རེད། དངོས་གནས་བཅོམ་ལྡན་འདས་ཀྱི་རྗེས་འབྲང་ཡིན་མིན་ཐེ་ཚོམ་གྱི་གཞི་རེད། དེ་འདྲའི་གནས་ཚུལ་ཐོག་སླེབས་ཀྱི་འདུག ཁྱད་མཚར་ཡ་མཚན་ཅན་དེ་འདྲ་ནས་ནད་དྲག་སྐྱེད་ཀྱི་ནུས་མཐུ་ (ཧི་ལིང་པ་ཝར་) ཡོད་པའི་སྐོར་བཤད་ནས་སྙིང་རྗེ་འུ་ཐུག་གིས་བསམ་བློའི་ནང་དམིགས་བསལ་དཀའ་ངལ་འཕྲད་མཁན་ཚོར། ཁྱེད་ཀྱིས་ང་ལ་དད་པ་བྱེད་པའམ་ཡང་ན་དངུལ་སྤྲད་ན། ཁྱེད་ཀྱི་དཀའ་ངལ་དེ་ངས་སེལ་ཐུབ་ཅེས་སྐད་ཆ་དེ་འདྲ་བཤད་ནས་མི་ལ་རེ་བ་སྟོང་པ་ཞིག་འཆང་འཇུག་མཁན་དེ་རིང་ཁ་སང་ཡོང་བཞིན་འདུག
དེར་བརྟེན་ལྡི་ལིར་ངོས་ཀྱིས། སངས་རྒྱས་པའི་ཆོས་ལ་དེང་སང་དོ་སྣང་བྱེད་མཁན་མང་དུ་འགྲོ་བཞིན་ཡོད། འོན་ཀྱང་ང་ཚོ་ཆོས་བྱེད་མཁན་དང་མི་ལ་སློབ་སྟོན་བྱེད་མཁན་གྱི་སྤུས་ཚད་ལ་གཟབ་གཟབ་མ་བྱས་ན་ཇེ་ཞན་ཇེ་སྡུག་ཏུ་འགྲོ་རྒྱུའི་ཉེན་ཁ་འདུག་ཅེས་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཐོག་བརྗོད་པ་ཡིན། སྐབས་དེར་ཕལ་ཆེར་དགུང་ལོ་ ༩༠ ཙམ་ཡིན་པའི་འབར་མའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་དགེ་སློང་ཧ་ཅང་ཡག་པོ་གཅིག་ཕེབས་འདུག དེ་བཞིན་ཁེམ་པོ་ཌི་ཡའམ་ལའོ་སི་ནས་ཡིན་པའི་དགེ་སློང་བགྲེས་སོང་གཅིག་ཕེབས་འདུག དེ་དང་དེ་འདྲ་བའི་གནས་བརྟན་ཡག་པོ་དེ་འདྲ་འདུག སྐབས་དེར་ངོས་ཀྱིས་དེ་འདྲ་ཞུ་རྒྱུ་བྱུང་། ང་རང་ཚོས་ནམ་རྒྱུན་ཁ་རྒྱུན་ལ་བསྟན་པ་དགོན་པ་བཞེངས་པ་ཡིན་ཞེས་བརྗོད་ཀྱི་ཡོད། དངུལ་ཡོད་ན་ཕལ་ཆེར་ལྷ་ཁང་བཞེང་རྒྱུ་ལས་སླ་པོ་རེད། འོན་ཀྱང་ཟངས་མདོག་དཔལ་རིའི་སྨོན་ལམ་ནང་འདི་འདྲ་འདུག་གསུངས། ཁྱད་པར་བསྐྱེད་རྫོགས་ཟབ་མོའི་རྟེན་འབྲེལ་གྱིས། །རྩ་གསུམ་འཁོར་བའི་མདུད་པ་གྲོལ་ནས་ཀྱང། །སྙིང་དབུས་ཟངས་མདོག་དཔལ་རིའི་ཕོ་བྲང་ཆེར། །ལྷན་སྐྱེས་ཡེ་ཤེས་རོལ་པའི་རྩལ་རྫོགས་ནས། །རང་ལུས་རྟེན་འབྱུང་ཇི་བཞིན་མཇལ་བར་ཤོག །ཅེས་ཟངས་མདོག་དཔལ་རི་ངོ་མ་འདི་འདྲ་ཞིག་དགོས་པ་ཡིན། གཞན་ཟངས་མདོག་དཔལ་རི་ཞེས་དག་ཞིང་ཡིན་བསམ་པ་དྲན་ནས་བསྡད་ན་སྙིང་པོ་མེད། སངས་རྒྱས་པའི་ཆོས་འདི་ཚན་རིག་དང་མཐུན་པ་ཞིག་ཆགས་ཡོད། དེར་བརྟེན་ལས་དང་བསོད་ནམས་སོགས་ཀྱི་ཆ་རྐྱེན་ཚང་མ་སྨིན་མཁན་དེ་འདྲ་ལ་སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས་ཟེར་བ་དེ་འདྲ་ཡོང་གི་ཡོད། དེ་བཞིན་རྟོགས་གྲོལ་དུས་མཉམ་དུ་སྐྱེ་བ་དེ་འདྲ་ཡོད། གནས་ཚུལ་དེ་མི་ས་ཡ་བྱེ་བའི་ནང་ནས་རེ་གཉིས་ཡོང་སྲིད་པ་ལས་མི་མང་པོ་ཞིག་ལ་དབང་གཅིག་བསྐུར་བ་དང་རྟོགས་གྲོལ་དུས་མཉམ་པ་སྐྱེ་བ་དེ་འདྲ་ཧ་ཅང་ཁག་པོ་རེད།
སྤྱི་བཏང་ང་ཚོས་ནམ་རྒྱུན་ཤོད་སྲོལ་ལ་ལོ་གསུམ་ཕྱོགས་གསུམ་གྱི་མཚམས་ཡག་པོ་ཞིག་བསྡམས་ཏེ་སྒོམ་བརྒྱབ་ན་སངས་རྒྱས་ཐུབ་པ་ཤོད་ཀྱི་ཡོད། དེ་ནི་གུང་ཁྲན་ཏང་གི་དྲིལ་བསྒྲགས་ལྟ་བུ་ལ་ངོས་རང་ཡིད་ཆེས་མེད་ཅེས་བརྗོད་ཀྱི་ཡོད། སངས་རྒྱས་ཀྱི་ཆོས་རང་རྐྱ་འཕེར་བ་ཞིག་ང་ཚོ་སངས་རྒྱས་ཀྱི་ཆོས་བྱེད་མཁན་ཚོས་ངོ་ཐོག་ཁ་ཡོད་ལག་ཡོད་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། མཁས་མཆོག་དབྱིག་གཉེན་གྱིས་ཐུགས་སྐྱོ་པོའི་ཐོག་ནས་ཞལ་གདམས་གནང་བ་ལྟར། ང་ཚོ་ཚང་མས་སོ་སོའི་སེམས་པ་ལྕག་གིས་བསྐུལ་ཏེ་བོད་གངས་ཅན་ལྗོངས་ཀྱི་སེམས་དཔའ་ཆེན་པོ་དངུལ་ཆུ་རྒྱས་སྲས་ཐོགས་མེད་བཟང་པོས་སོ་སོར་བརྟག་དཔྱད་ཡག་པོ་མ་བྱས་ན། ཆོས་པའི་གཟུགས་ཀྱིས་ཆོས་མིན་བྱེད་སྲིད་པས། རྒྱུན་དུ་རང་གི་སྒོ་གསུམ་གྱི་སྤྱོད་པར་བརྟག་དཔྱད་ཡག་པོ་བྱེད་དགོས་གསུངས་པ་དེ་བདེན་པ་རེད། དེར་བརྟེན་ང་ཚོ་བོད་པ་ཚོ་སྣང་བ་དག་ནས་འགྲོ་རྒྱུའི་ཧ་ཅང་ཉེན་ཁ་འདུག ང་ཚོས་ལོ་རྒྱུས་ལ་བསམ་བློ་ཞིག་བཏང་ན་ཆོས་རྒྱལ་གཉའ་ཁྲི་བཙན་པོ། ཆོས་རྒྱལ་མེས་དབོན་རྣམ་གསུམ། མཁན་སློབ་ཆོས་གསུམ་རྗེ་འབངས་ཉེར་ལྔ་ཁོང་རྣམ་པ་ཚོའི་སྐབས་ཕལ་ཆེར་ཁ་ཡོད་ལག་ཡོད་ཡིན་འདུག དེ་ནས་ག་ལེར་སོ་སོའི་ནུས་པ་གང་ཡོད་དེ་སྣེ་གཅིག་ཐོག་བཏང་སྟེ་ཕྱོགས་ཡོངས་མ་མཐོང་བ་བྱེད་ཅིང། རྗེ་རིན་པོ་ཆེའི་རྣམ་ཐར་དད་པའི་འཇུག་ངོགས་ནང་དུ། རྗེ་རིན་པོ་ཆེ་འཁྲུངས་ས་ཙོང་ཁའི་ཡུལ་གསུངས་སྐབས། སྔར་ཆོས་རྒྱལ་གྱི་ཆབ་འབངས་སུ་གཏོགས་པ་གསུང་ཡོད་པ་དང་། དེ་བཞིན་ཁྲུ་ཆུ་མཐུ་ཆེན་པོ་ཞིག་རྒྱ་བོད་ས་མཚམས་སུ་ཆོས་རྒྱལ་སྐབས་ལ་ཕལ་ཆེར་བཞེངས་ཡོད་འདུག དེ་དག་རྗེས་སུ་ག་ལེར་བླ་ཆེན་དཔོན་ཆེན་ཚོ་ཡོངས་རྫོགས་ཀྱིས་གཟིགས་ཀྱང་མཁྱེན་མཁན་གཅིག་ཀྱང་བྱུང་མི་འདུག སོ་སོའི་རང་ལ་ཡོད་པའི་དགོན་པ་དང་དགོན་པ་དེ་ཡོད་སའི་ས་ཁུལ་རྐྱང་པར་དབུ་འཁོར་ཏེ་བཞུགས་པར་བརྟེན་ད་ཆ་ང་ཚོ་ཐབས་སྐྱོ་པོ་འདི་ཆགས་པ་རེད།
ང་ཚོ་ཚང་མས་དངོས་ཡོད་གནས་ཚུལ་གང་འདྲ་ཡོད་པ་དེ་གཟིགས་ནས་དངོས་ཡོད་གནས་ཚུལ་ལ་ཞིབ་འཇུག་མ་བྱས་པར་ཧ་ཅང་ཡོད་མདོག་བྱེད་ཀྱི་ཡོད། དངོས་ཡོད་གནས་ཚུལ་སྟེང་གང་འདྲ་ཡིན་མིན་ང་ཚོས་དོ་སྣང་ཆེར་མ་བྱས་པར་བརྟེན་སྔ་མོ་འཐུས་ཤོར་ཕྱིན་འདུག དེང་སྐབས་ཕྲན་བུ་དྲག་གི་རེད། དངོས་གནས་ཛ་དྲག་ཆགས་སྐབས་འདྲ་ཆགས་པོ་བྱས་པའི་ལ་དག་གི་མེད། ཛ་དྲག་ཆགས་པའི་སྐབས་ལ་དངོས་ཡོད་གང་ཡིན་པའི་སྟེང་འགྲོ་རྒྱུ་རེད་མ་གཏོགས་དེར་སྤམ་པོ་བྱས་ནས་སྡོད་རྒྱུ་མེད། ང་ཚོ་སོ་སོའི་ལུང་པ་ཤོར་ནས་སོ་སོའི་མི་རིགས་རིག་གཞུང་དང་བཅས་པར་དཀའ་ངལ་ཧ་ཅང་ཆེན་པོ་ཕྲད་པའི་དུས་ལ་སླེབས་ཡོད། ང་ཚོ་ཕྱི་ཕྱོགས་སུ་བཙན་བྱོལ་སྐྱབས་མེད་མགོན་མེད་ཆགས་སྐབས། དངོས་ཡོད་གནས་ཚུལ་ལ་གཞིགས་པའི་ཚང་མས་འབད་བརྩོན་བྱས་ཏེ་སྔར་ལྷག་དཀའ་ལས་རྒྱག་དགོས། ལོ་ངོ་ལྔ་བཅུ་ང་གསུམ་བརྒལ་བ་དེའི་རིང་ཚང་མས་གང་ཡོང་ཅི་ཡོང་བྱས་པར་བརྟེན་རྨང་གཞི་མེད་པར་རྨང་གཞི་བཙུགས་པ་དང་རྟེན་གཞི་མེད་པར་རྟེན་གཞི་གསར་པ་ཚུགས་ཏེ་འགྲིག་ཙམ་ཡོད། ད་དུང་ཡང་ལྷོད་གཡེང་དུ་མ་སོང་བར་ཚང་མས་ཧུར་སྐྱེད་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཆེ་ཆུང་ཚང་མར་གོང་དུ་ཞུས་པ་ལྟར། སྟོན་པའི་དམ་ཆོས་རྣམ་གཉིས་དེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་པ། སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་གསུངས་པ་འདིས་ལུང་རྟོགས་བདག་ཉིད་ཅན་གྱི་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུ་དེ་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་འཛིན་སྐྱོང་བྱེད་དགོས་པ་རེད། དེ་འཛིན་བྱེད་པ་སྨྲ་བྱེད་པ། སྒྲུབ་པར་བྱེད་པ་ཁོ་ན་ཡིན། ཟེར་བའི་ཁོ་ནའི་ཚིག་གཞན་ལྡན་རྣམ་བཅད་རེད། བཤད་སྒྲུབ་རྐྱང་པ་མ་གཏོགས་དེ་མིན་པའི་ཐབས་མེད་ཅེས་སྒྲུབ་པར་བྱེད་པ་ཁོ་ན་ཡིན་ཞེས་ཁོ་ནས་སྒྲས་གསལ་པོ་བསྟན་ཡོད། སངས་རྒྱས་ཀྱི་བསྟན་པ་ཟེར་བ་འདི་ལྷ་ཁང་ཞིག་གི་ནང་སྐུ་གསུང་ཐུགས་རྟེན་ཡོད་པར་ སངས་རྒྱས་ཀྱི་བསྟན་པ་ཡོད་བསམས་པ་དང་བསྟན་པ་རྒྱས་ཀྱི་ཡོད་པ་ལྟ་བུ་དེ་འདྲ་མ་རེད། བསྟན་པ་ཞེས་པ་དེ་སོ་སོའི་སེམས་རྒྱུད་ལ་སློབ་གཉེར་བྱས་ཏེ་ཐོས་པའི་ཡོན་ཏན་ཡོད་པའི་ཐོག་ཐོས་བརྩོན་སྒྲུབ་ལ་གཞོལ་ནས་སྒྲུབ་པ་དང་རྟོགས་པའི་ཡོན་ཏན་ཡོད་པ། དེ་འདྲའི་ཐོག་ལུང་དང་རྟོགས་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་གསུངས་ཡོད། དེ་ཚང་མས་མཁྱེན་གྱི་རེད་ལ་ངེས་པར་དུ་ཐུགས་ལ་བཅངས་རོགས་གནང་ཞུ་རྒྱུ་ཡིན། ངོས་ཀྱིས་སྡུག་ས་ནས་ཤོད་ཀྱི་ཡོད་པ་གཟིགས་ཀྱི་རེད། འོན་ཀྱང་ང་ཚོ་འདྲ་ཆགས་པོ་བྱས་ཏེ་བསྡད་ན་མགོ་ལོག་བཙལ་བའི་ཉིན་མོར་བྱེད་རྒྱུ་གང་ཡང་མེད། དེར་བརྟེན་མགོ་ལོག་བཙལ་རྒྱུའི་ཉེན་ཁ་ཡོད་སར་ཉེན་བརྡ་གཏོང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ངོས་ཀྱིས་ཁྱེད་རང་ཚོར་རྩེད་མོ་བརྩེས་པ་དེ་འདྲ་གང་ཡང་མིན། དངོས་ཡོད་གནས་ཚུལ་ལ་གཟིགས་དང་། ང་ཚོ་ཉག་ཕྲ་བོའི་སྟེང་བསྡད་ཡོད།
སྤྱིར་སངས་རྒྱས་བསྟན་པ་སྤུས་དག་པོ་དགོས་རྒྱུ་དེ་གལ་ཆེན་པོ་རེད། འབར་མ་ལ་སོགས་པའི་འདུལ་བའི་ཉམས་བཞེས་ཧ་ལས་པའི་ཡག་པོ་འདུག ཡང་ལེགས་སྦྱར་གྱི་ཆོས་བརྒྱུད་ནང་ཡོད་པའི་ཟབ་པ་དང་རྒྱ་ཆེ་བའི་གཞུང་གི་གྲས་དེ་ཙམ་མེད། ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་མཁན་རྒྱ་ནག་དང་། ཝི་ཏི་ནམ། ཀོ་རི་ཡ། ཉི་ཧོང་དེ་དག་དེ་རིང་ཁ་སང་ལོ་མང་རིང་ངོ་ཤེས་དང་འབྲེལ་བ་ཆགས་སྐབས། བོད་པ་ལྟར་ལོ་ཉི་ཤུ་སུམ་ཅུ་སློབ་གཉེར་བརྒྱབ་སྟེ་ཚེ་གང་སྒྲུབ་པ་ཉམས་ལེན་བྱེད་མཁན་ཧ་ཅང་ཉུང་ཉུང་རེད་འདུག ངོ་ཐོག་སངས་རྒྱས་ཀྱི་བསྟན་པ་འཛམ་གླིང་འདིའི་སྟེང་ཡོངས་སུ་རྫོགས་པ་ཁ་ཡོད་ལག་ཡོད་ཀྱི་སློབ་གཉེར་བྱེད་མཁན་ཕལ་ཆེར་བོད་པ་གཅིག་པུ་ཡིན་བརྗོད་ཐུབ། ང་ཚོ་གཅིག་པུ་ལ་ཡོད་པ་འདི་ཉམས་ཆག་ཕྱིན་ན། འཛམ་གླིང་འདིའི་སྟེང་གི་སངས་རྒྱས་ཀྱི་ཆོས་ཀྱི་རིན་ཐང་བརླག་རྒྱུའི་ཉེན་ཁ་འདུག དེར་བརྟེན་ང་ཚོས་ཆེ་ས་འཛམ་གླིང་སྤྱིའི་ཐོག་ནས་བརྗོད་ན་བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་འདི་འཛམ་གླིང་གི་གཅེས་ནོར་རེད་ཅེས་ངོས་ཀྱིས་དེང་སྐབས་འདི་ལྟར་ཤོད་ཀྱི་ཡོད། དུས་རབས་བཅུ་དགུ་པ་དང་ཉི་ཤུ་པ། ད་ཆ་དུས་རབས་ཉེར་གཅིག་པའི་ནང་སླེབས་ཡོད། འཛམ་གླིང་གི་མིས་ཡིད་ཆེས་དང་ཆ་འཇོག་བྱེད་ཡུལ་ནི་ཚན་རིག་པ་ཚོས་ཞིབ་འཇུག་བྱས་ནས་གཏན་ལ་ཕབ་པ་དག་ཡིན། སྤྱི་ཡོངས་ཀྱི་ཚན་རིག་གིས་མངོན་སུམ་ར་སྤྲོད་ཡོད་པ་ཞིག་བྱེད་ཀྱི་ཡོད། དེ་དག་གིས་ངོས་ལེན་བྱ་རྒྱུའི་ཆོས་ནི་ཕལ་ཆེར་བོད་ཀྱི་ནང་ཆོས་གཅིག་པུ་ཆགས་ཡོད། དེར་བརྟེན་སོ་སོའི་རིན་ཐང་དེ་སོ་སོར་ཚང་བ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་བཞིན་ངོས་ཀྱིས་དེ་རིང་སྔ་དྲོ་གང་ཙམ་བརྗོད་ཡོད་པ་ཚང་མའི་དགོངས་པར་འཇགས་རོགས་གནང་ཞེས་བཀའ་སྩལ།
དེ་རྗེས་མཁན་པོ་ཨོ་རྒྱན་རིག་འཛིན་གྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་ལེགས་པར་གྲུབ། ྋགོང་ས་མཆོག་སྤྱན་རྒྱ་སྤོས་སྣེས་གཟིམ་ཆུང་དུ་གདན་འདྲེན་ཞུས་མཚམས་མདུན་ཐང་དུ་དགེ་འདུན་པ་རྣམས་ཀྱིས་བཀྲ་ཤིས་རོལ་འཆམ་དང་།
འབྲུག་ནས་ཆེད་དུ་བཅར་བའི་གཞོན་ནུ་ཕོ་མོ་རྣམས་ཀྱིས་བཀྲ་ཤིས་པའི་ཞབས་བྲོ་གཟིགས་འབུལ་ཞུས། ཕྱག་ཚོད་ ༣ ཐོག་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཟ་ཧོར་མཚོ་པདྨ་ཅན་ཨོ་རྒྱན་ཧེ་རུ་ཀའི་ཕོ་བྲང་ངམ་རྙིང་མའི་དགོན་དུ་ཚེས་བཅུའི་ཚོགས་མགོན་དུ་ྋཞབས་འཁོད་ཀྱིས་ཚེས་བཅུའི་གསུང་ཚོགས་རྒྱས་པ་དང་འབྲེལ་ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་གི་བཀའ་དབང་བཀྲིན་སྩལ།
ཡང་ཕྱི་ཚེས་ ༣ ཉིན་གྱི་སྔ་དྲོའི་ཕྱག་ཚོད་ ༧ པའི་ཐོག་ྋམགོན་པོ་མཆོག་གནས་མཆོག་མཚོ་པདྨའི་གཡས་སུ་ཆགས་པའི་ཧིན་རྡུའི་དེ་ཝ་ ཀི་རི་ཤི་ནར་ལྷ་ཁང་དང༌།
གཡོན་དུ་ཆགས་པའི་གུ་རུ་རྡུ་ཝར་ལྷ་ཁང་བཅས་པར་གནས་གཟིགས་སུ་ཕེབས་སྐབས་ཁུལ་དེའི་མི་མང་དང་ལྷ་ཁང་གི་བདག་པོ་སོགས་ནས་ཕེབས་བསུ་སྣེ་ལེན་གཟབ་རྒྱས་ཞུས། དེ་རྗེས་སྔ་དྲོའི་ཕྱག་ཚོད་ ༨
ཐོག་འཛི་སྒར་ཨོ་རྒྱན་གླིང་དུ་གསར་བཞེངས་གྲུབ་པའི་གུ་རུའི་གཙུག་ལག་ཁང་གི་བཞུགས་ཁྲིར་ྋཞབས་སོར་འཁོད་དེ་རབ་གནས་དང་བྱིན་འབེབས་ཀྱི་ཆོ་ག་གསུང་འདོན་མཛད།
དེ་ནས་འཛི་སྒར་རིན་པོ་ཆེས་ྋགོང་ས་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་དང་ྋམགོན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་བརྟན་བཞུགས་བསྡུས་པ་བསྟར་འབུལ་ཞུས། སྐབས་དེར་ྋགོང་ས་མཆོག་གིས་འདུས་མང་ལ་བཀའ་སློབ་སྩལ་དོན།
ད་རེས་འགལ་རྐྱེན་ཞིག་འཕྲད་པའི་དབང་གིས་སྒོ་དབྱེ་འབྱེད་གནང་མ་ཐུབ་ཀྱང་འདིར་བརྟན་བཞུགས་རབ་གནས་བྱིན་ཕེབས་ཧ་ཅང་ཡག་པོ་བྱུང་སོང་བ་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
གཙོ་བོ་རིན་པོ་ཆེས་གཙོས་རྣམ་པ་ཚོས་ལོ་ནས་ལོ་བསྟུད་དེ་དཀའ་ལས་བརྒྱབ་པའི་གྲུབ་འབྲས་རེད། བླ་མ་བགྲེས་སོང་ཁྱེད་རང་དེ་སྔ་ངོས་རང་འདི་གར་ཡོང་སྐབས་ཐེངས་གཅིག་ཐུག་པ་རེད།
ཁྱེད་ཀྱིས་འདོད་དོན་ལྟར་བསྟན་པའི་སྲི་ཞུ་བསྒྲུབ་རྒྱུ་ཞིག་ཆགས་པ་རེད། ང་ཚོས་བསྟན་པའི་སྲི་ཞུ་འདི་ལྟ་བུ་སྒྲུབ་སྐབས་བསྔོ་བ་དང་ཡི་རང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
ཅེས་བཀའ་སློབ་སྩལ་ཏེ་དགོན་པ་དེའི་བླ་མ་དབང་པོ་རིན་པོ་ཆེ་དང་མཁན་པོ་འཕྲིན་ལས་རྡོ་རྗེ། མཁན་པོ་བསོད་ནམས་བཀྲིས།
དེ་བཞིན་སྦྱིན་བདག་ཁག་ལ་མཇལ་ཁ་སྩལ་ཏེ་གནས་མཆོག་མཚོ་པདྨའི་རི་ཁྲོད་ལ་གནས་གཟིགས་སུ་ཆིབས་སྒྱུར་བསྐྱངས་པ་སོགས་ཐེངས་འདིའི་གནས་མཆོག་མཚོ་པདྨའི་མཛད་འཕྲིན་ཁག་ཡོངས་སུ་ལེགས་པར་གྲུབ་སྟེ་བཞུགས་སྒར་རྡ་སར་ཆིབས་ཞལ་བསྒྱུར་ཡོད་པ་བཅས།
།

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢༩ ཉིན་ཨ་རིའི་མངའ་སྡེ་པེན་སལ་ཝེ་ནི་ཡར་རྟེན་གཞི་བྱས་པའི་ཇོན་ཊེམ་པེ་ལེ་ཊོན་ཐེབས་རྩ་ཁང་ནས་དེ་གའི་ཆེས་སྙན་གྲགས་ཅན་གྱི་ ༢༠༡༢ ལོའི་ཊེམ་པེ་ལེ་ཊོན་གཟེངས་རྟགས་འདི་བཞིན་བོད་མིའི་ཆོས་ཀྱི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མ་མཆོག་ལ་འབུལ་གཏན་འཁེལ་བའི་གསལ་བསྒྲགས་ཤིག་སྤེལ་ཡོད། ཐེངས་འདིའི་ཆེས་མཐོའི་གཟེངས་རྟགས་ྋགོང་ས་ཏཱ་ལའི་བླ་མ་མཆོག་ལ་འབུལ་དགོས་དོན་ནི། ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་དུས་ཡུན་རིང་པོ་ཞིག་ནས་དེང་རབས་ཀྱི་ཚན་རིག་པ་དང་འབྲེལ་བ་གནང་སྟེ་བྱམས་བརྩེའི་ནུས་སྟོབས་གོང་སྤེལ་དང་། ཆོས་ལུགས་ཀྱི་རྒྱ་ལས་བརྒལ་བའི་འཇིག་རྟེན་ཀུན་ཁྱབ་ཀྱི་བཟང་སྤྱོད་གོང་སྤེལ། དེ་བཞིན་འཚེ་མེད་ཞི་བ་དང་། ལྟ་སྒྲུབ་མི་འདྲ་བའི་འཛམ་གླིང་གི་ཆོས་ལུགས་ཕན་ཚུན་བར་ཤེས་རྟོགས་ཀྱིས་མཐུན་སྒྲིལ་གོང་མཐོར་གཏོང་ཐབས་བཅས་མཛད་པ་དེ་དག་ནི་འགྲན་ཟླ་བྲལ་བའི་རླབས་ཆེན་མཛད་བཟང་ལ་ངོས་འཛིན་གྱིས་ཆེས་མཐོའི་གཟེངས་རྟགས་འདི་བཞིན་ཕུལ་བ་ཞིག་ཡིན་འདུག
གཟེངས་རྟགས་དེ་ནི་ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༤ རེས་གཟའ་ཟླ་བ་ཉིན་སནཊ་པོལ་ཡེ་ཤུའི་ལྷ་ཁང་ནང་འབུལ་བཞེས་མཛད་རྒྱུ་ཡིན་འདུག་པར་མ་ཟད། གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའང་ཐད་ཀར་དེ་གའི་དྲྭ་རྒྱ་ www.templetonprize.org ཐོག་རྒྱང་བསྲིངས་བྱ་རྒྱུ་ཡིན་འདུག གཟེངས་རྟགས་དང་ཆབས་ཅིག་ལེགས་སྐྱེས་ཨ་སྒོར་ས་ཡ་གཅིག་དང་འབུམ་བདུན་འབུལ་གྱི་ཡོད་འདུག
གནས་ཚུལ་དེ་དག་ཐོན་འཕྲལ་ྋགོང་ས་ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་བརྙན་འཕྲིན་བརྒྱུད་ཇོན་ཊེམ་པེ་ལེ་ཊོན་ཐེབས་རྩ་ཁང་ལ་ཐུགས་རྗེ་ཆེ་ཞུའི་འཚམས་འཕྲིན་ཞིག་སྩལ་ཡོད་པ་དེའི་ནང་བཀའ་གནང་དོན།
ད་རིང་ངོས་ལ་སྙན་གྲགས་ཆེ་བའི་ཊེམ་པེ་ལེ་ཊོན་གཟེངས་རྟགས་གནང་རྒྱུའི་ཐག་གཅོད་གཏན་འཁེལ་གནང་བ་ཐོས་སྐབས་དེ་ནི་ངོས་ཀྱིས་འགྲོ་བ་མི་སྤྱིའི་བདེ་དོན་སླད་འཚེ་བ་མེད་པ་དང་།
ལྟ་གྲུབ་མི་འདྲ་བའི་འཛམ་གླིང་གི་ཆོས་ལུགས་ཕན་ཚུན་བར་ཤེས་རྟོགས་ཀྱིས་མཐུན་སྒྲིལ་གོང་འཕེལ་ཡོང་ཐབས་བཅས་ལ་ཞབས་འདེགས་ཕྲན་བུ་ཞུས་པ་དེ་དག་ཁྱེད་རྣམ་པས་ངོས་འཛིན་གནང་བའི་མཚོན་རྟགས་ཤིག་ཡིན་པའི་སེམས་ཚོར་ཆེན་པོ་བྱུང་།
དེ་ཡང་ཆོས་ལུགས་ཕན་ཚུན་བར་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུ་ནི་ངོས་ཀྱི་མི་ཚེ་ཧྲིལ་པོར་གཡོལ་ཐབས་མེད་པའི་འགན་འཁུར་ཞིག་ཡིན།
ད་དུང་ང་ཚོའི་འཛམ་གླིང་འདིའི་སྟེང་མིས་བཟོས་པའི་རྩོད་རྙོག་རྣམས་འཚེ་མེད་ཞི་བ་ཁོ་ནའི་ཐོག་ནས་གྲོས་མོལ་བྱས་ཏེ་སེལ་ཐབས་བྱེད་དགོས།
ངོས་ཀྱིས་རྣམ་ཀུན་དུས་རབས་ཉི་ཤུ་པ་དེ་ནི་འགྲོ་བ་མིའི་ལོ་རྒྱུས་ནང་གལ་འགངས་ཆེ་བའི་དུས་རབས་ཤིག་དང་། ཕྱོགས་གཞན་ནས་མི་གསོད་ཁྲག་སྦྱོར་ཆེ་བའི་དུས་རབས་ཤིག་ཆགས་ཡོད་ཅེས་བརྗོད་ཀྱི་ཡོད།
གལ་ཏེ་དྲག་པོའི་ཐབས་ལ་བརྟེན་ནས་འཛམ་གླིང་གི་གནས་སྟངས་བཟང་དུ་འགྲོ་གི་ཡོད་ན་དེ་ལྟར་བྱེད་འོས་པ་ཞིག་ཡིན་རུང། འོན་ཀྱང་དེ་འདྲའི་གནས་སྟངས་ཤིག་ད་བར་བྱུང་མེད།
དེས་ན་ང་ཚོས་མིའི་རང་བཞིན་རྣམ་དཔྱོད་བེད་སྤྱོད་བྱས་ཏེ་སྔོན་བྱུང་ལོ་རྒྱུས་ནས་བསླབ་བྱ་ལེན་དགོས། ང་ཚོར་དཀའ་ངལ་གང་ཞིག་འཕྲད་པ་དེ་དག་འཚེ་བ་མེད་པའི་ཐབས་ལམ་ལ་བརྟེན་ནས་སེལ་ཐབས་བྱེད་དགོས།
དེ་ནི་ངོས་ཀྱིས་གཞི་རྩའི་ཡིད་ཆེས་བྱེད་ཡུལ་ཞིག་ཡིན། རྒྱུ་མཚན་དེ་དག་ལ་བརྟེན་ངོས་རང་ས་ཕྱོགས་གང་དུ་བསྐྱོད་ཀྱང་གནད་དོན་དེའི་ཐོག་གོ་རྟོགས་སྤེལ་ཐབས་བྱེད་ཀྱི་ཡོད།
ད་རེས་ཁྱེད་རྣམ་པས་ངོས་ལ་གཟེངས་རྟགས་གནང་བ་འདི་ནི་ངོས་ཀྱིས་དོན་གནད་འདིའི་ཐོག་ཞབས་འདེགས་ཕྲན་བུ་ཞུས་པ་ཁྱེད་རྣམ་པས་ངོས་འཛིན་གནང་བ་ཞིག་ཡིན་པར་བརྟེན་ངོས་རང་ཧ་ཅང་དགའ་སྤོབས་ཆེན་པོ་བྱུང་། དེ་དང་དུས་མཚུངས་ང་རང་སྒེར་གྱི་ངོས་ནས། དེ་སྔོན་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ངོས་ལ་གནང་རྒྱུའི་མིང་ཐོན་པའི་སྐབས་སུ་ངས་ང་ནི་ནང་པའི་དགེ་སློང་དཀྱུས་མ་ཞིག་ཡིན་པ་འདི་ལས་མཐོ་རུ་དང་དམའ་རུ་འགྲོ་རྒྱུ་གང་ཡང་མེད་ཅེས་ཞུས་པ་ཡིན། ད་ཐེངས་ཀྱི་གཟེངས་རྟགས་གནང་སྐབས་སུ་དེ་རང་ཡིན་ཞེས་ཞུ་རྒྱུ་ཡིན། ཡང་ཕྱོགས་གཞན་ནས་ད་རེས་ཁྱེད་རྣམ་པས་ངོས་ལ་གཟེངས་རྟགས་གནང་བ་འདིས་མི་མང་པོ་ཞིག་ངོས་ཀྱི་བསམ་ཚུལ་དང་གཏམ་བཤད་ལ་དོ་སྣང་ཆེ་རུ་འགྲོ་སྲིད་པས་དེས་ཕན་ཐོགས་ཆེན་པོ་ཡོང་ངེས་ཡིན། ཁྱེད་རྣམ་པས་ངོས་ཀྱི་ལས་དོན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཀའ་སྩལ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༨ དང་བོད་ཚེས་ ༡༥ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་གཞིས་བྱེས་འབའ་ཐང་མི་མང་འཐུས་ཚབ་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན། བཀའ་བཞེས་བཟང་པོ་སྩལ་ཐོབ་ཀྱིས་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱངས་ཏེ་ྋམགོན་པོ་མཆོག་གིས་དད་ལྡན་ཆོས་ཞུ་བ་སྟོང་ཚོ་བརྒལ་བར་སྐྱེས་རབས་ཀྱི་ཆོས་འབྲེལ་དང་འཕགས་མཆོག་ཐུགས་རྗེ་ཆེན་པོའི་བཀའ་དབང་བཀྲིན་སྩལ།
དེ་ཉིན་སྔ་དྲོའི་ཕྱག་ཚོད་ ༦ ཐོག་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་ནས་དགའ་ལྡན་བྱང་རྩེ་བསྟན་འཛིན་གཡུ་ནོར་རིན་པོ་ཆེ་དང་། མེ་ཏོག་བསྟན་འཛིན་ཀུན་མཁྱེན་རིན་པོ་ཆེ་རྣམ་གཉིས་ཀྱིས་སྤོས་སྣེས་སྔོན་བསུས་ཏེ་གཙུག་ལག་ཁང་གི་བཞུགས་ཁྲི་རིན་པོ་ཆེར་ཞབས་སོར་འཁོད་དེ་དགེ་འདུན་འདུས་ཚོགས་སུ་གསོ་སྦྱོང་གནང་གྲུབ་རྗེས་སྤྱན་རྒྱ་སྤོས་སྣེ་དང་བཅས་གསུང་ཆོས་ར་བར་གདན་འདྲེན་ཞུས། ཕྱག་ཚོད་ ༨ ཐོག་སྐྱེས་རབས་གསུང་ཆོས་དང་འཕགས་པ་ཐུགས་རྗེ་ཆེན་པོའི་བཀའ་དབང་དབུ་འཛུགས་མ་བསྐྱངས་གོང་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་ྋམགོན་པོ་མཆོག་གིས་དེར་འདུས་མི་མང་ལ་སྔོན་འགྲོའི་ཆོས་འབྲེལ་མཛད་སྐབས་བཀའ་སློབ་སྩལ་དོན། ང་རང་ཚོ་བོད་ལ་ཕལ་ཆེར་འདས་པའི་ལོ་ ༦༠༠ གོང་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དུས་ཆེན་ྋའཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་དབུ་བཙུགས་པ་ཞིག་རེད། བར་སྐབས་དེ་དག་འགྱུར་བ་ཆ་ཚང་ཕྱིན་པ་རེད། ལྷག་པར་དེ་རིང་ཁ་སང་གི་གནས་ཚུལ་ལ་ཆ་བཞག་ན་བོད་རང་གི་སངས་རྒྱས་ཀྱི་ཆོས་ཀྱི་ལྟ་གྲུབ་མཚན་མའི་ལམ་དང་འབྲེལ་བའི་རིག་གཞུང་གཏིང་ཟབ་ཡོད་པ་དེ་རྩ་བ་བཤིག་རྒྱུའི་མཚམས་ལ་སླེབས་ཏེ་གནས་ཚུལ་ཧ་ཅང་ཐབས་སྐྱོ་པོ་ཆགས་ཡོད། འོན་ཀྱང་བདེན་པའི་ནུས་པ་དུས་ནམ་ཡང་ཡལ་རྒྱུ་མེད། དྲག་དཔུང་ཞེས་པ་དེ་འཕྲལ་སེལ་ཛ་དྲག་དང་ནུས་པ་ཧ་ཅང་ཆེན་པོ་ཡོད་ཀྱང་། དེ་ཡུན་རིང་གནས་རྒྱུ་དང་དྲག་པོའི་ལམ་ནས་གནས་ཚུལ་ཐག་གཅོད་ཡོང་རྒྱུ་ཞེས་པ་དེ་འཛམ་གླིང་གི་ལོ་རྒྱུས་ཐོག་བྱུང་མྱོང་མེད། ད་ལྟ་ཡིན་ནའང་དྲག་པོའི་སྟོབས་ཤུགས་ཀྱི་ཐོག་ནས་འཐབ་རྩོད་བྱེད་འདོད་ཡོད་མཁན་འཛམ་གླིང་འདིའི་སྟེང་ཤར་ནུབ་ལྷོ་བྱང་མང་པོར་དངོས་ཡོད་གནས་ཚུལ་མཐོང་རྒྱུ་ལ་དྲག་པོའི་ཤུགས་ཀྱིས་གནས་ཚུལ་ཐག་གཅོད་ཅེས་པ་དེ་ཡོང་རྒྱུ་མེད་པ་ཧ་ཅང་གསལ་པོ་རེད། བདེན་པ་ནི་ལོ་སྟོང་ཕྲག་ནས་སྟོང་ཕྲག་སྡོད་རྒྱུ་རེད། ཅེས་སོགས་དང་།
ཡང་ྋགོང་ས་མཆོག་གིས་བཀའ་སློབ་ཕེབས་དོན།
དེ་རིང་ང་ཚོས་འདི་གར་སྨོན་ལམ་དུས་ཆེན་ཞིག་རྩིས་ཀྱི་ཡོད་པ་ལས་མཛད་སྒོ་ཚོགས་པའི་སྐད་ཆ་མ་རེད།
སེམས་སྒོ་གསུམ་ཆོས་དང་འབྲེལ་བ་བྱེད་རྒྱུ་དེ་ལུས་དང་ངག་གི་དགེ་བ་བསྒྲུབ་རྒྱུ་དང་གཙོ་བོ་ཡིད་ཀྱི་དགེ་བ་བསྒྲུབ་རྒྱུ་དེ་སྟོང་ཉིད་དང་བྱང་ཆུབ་ཀྱི་སེམས་བསྒོམ་རྒྱུ་དེ་གཉིས་པོ་རེད།
སངས་རྒྱས་བཅོམ་ལྡན་འདས་རྗེས་སུ་དྲན་པའི་ཐོག་ནས་གང་ཚོད་ཐུབ་ཐུབ་ཀྱིས་དགེ་བའི་བློ་ཡག་པོ་ཞིག་སྐྱེས་ཐུབ་ན་ཡག་པོ་ཡོང་གི་རེད།
ང་ཚོ་འཛམ་བུ་གླིང་འདིའི་སྒང་ལ་ཆག་སྒོ་མང་ཆེ་བ་མི་གསོད་ཁྲག་སྦྱོར་མིའི་སྲོག་ལ་རྩེད་མོ་རྩེས་ནས་སྡོད་རྒྱུ། དཔེར་ན། ཉེ་ཆར་སེ་རི་ཡ་ལ་ཐབས་སྐྱོ་པོ་ཞེ་དྲག་འདུག
རྒན་བྱིས་དབྱེ་བ་མེད་པ་དམར་གསོད་བཏང་སྟེ་འགྲོ་གི་འདུག འཛམ་གླིང་གིས་བལྟས་སྡོད་རྒྱུ་ལས་ཞེ་དྲག་བྱེད་རྒྱུ་མི་འདུག འཛམ་གླིང་འདིར་དྲང་བདེན་གྱི་ཕོངས་ཡོད།
དངོས་པོ་ཡར་རྒྱས་ཧ་ཅང་ཤུགས་ཆེ་ཡོད་ཀྱང་དྲན་བདེན་དང་བྱམས་བརྩེས་ཕོངས་འདུག རྩ་བའི་ཤེས་ཡོན་སྤྲོད་སྟངས་ནོར་ཡོད། འཛམ་གླིང་འདིའི་སྟེང་གི་ཡ་རབས་ཞེས་པ་དེ་ཆོས་པ་ཚོར་འགན་དཀྲིས།
སྤྱི་ཚོགས་སྤྱི་བྱིངས་ཀྱི་ཤེས་ཡོན་རྐྱང་པའི་སྟེང་ཕྱིན་པ་མ་གཏོགས་ཡ་རབས་ཀྱི་ལྟ་སྤྱོད་ཟེར་བ་དེ་ཆོས་པར་འགན་ཞིག་དཀྲིས་པ་ལྟ་བུ་འདུག
ང་ཚོ་ཕར་ཕྱིན་གྱི་བཀའ་བསྟན་བཅོས་བསླབ་པའི་སྐབས་ནས་བསྟན་བཅོས་འབྲུག་སྒྲའི་གསུང་དུ་འདོད་ཟེར་ཁུལ་བྱེད་ཀྱི་ཡོད་ཀྱང་།
ང་ཚོ་སྔོན་ལ་དཔེ་ཆ་ལྟ་མཁན་ཞེ་དྲག་མེད་པར་དཔེ་ཆ་ལྟ་མཁན་ཞིག་ཡོད་པ་ཡིན་ནའང་ཐོས་བརྩོན་སྒྲུབ་པ་ལྷུར་ལེན་བྱེད་མཁན་ཞེ་དྲག་མི་འདུག ཉེས་སྐྱོན་རྩ་བ་མི་ཤེས་ཀྱང་ང་ཚོའི་རང་སྐྱོན་ངོས་ལེན་བྱེད་རྒྱུ་གལ་ཆེ་པོ་རེད།
མའོ་ཀྲུའུ་ཞིས་བརྗོད་པ་ལྟར། མིས་སྐྱོན་བརྗོད་བྱེད་སྐབས་དང་ལེན་བྱེད་དགོས། སོ་སོ་ཡིན་ནའང་རང་སྐྱོན་རང་གིས་བརྗོད་དགོས། དེ་ལྟར་མ་བྱས་ན་ཉ་མོ་ཆུ་དང་བྲལ་བ་བཞིན་རེད།
གུང་ཁྲན་ཏང་འགོ་ཐོན་གྱི་མ་རེད་ཅེས་བཤད་ཡོད། ཕྱིས་སུ་མའོ་ཙེ་ཏུང་རྗེས་འབྲངས་པ་ཚོས་དེ་ཉམས་ལེན་བྱེད་ཀྱི་མི་འདུག ཕྱི་ལོ་ ༡༩༥༧ ༡༩༥༨
ནང་མའོ་ཀྲུའུ་ཞིའི་རླབས་ཆེན་གྱི་གཏམ་བཤད་དེ་དག་ཆུ་ཡི་ལྦུ་བ་ལྟར་རྩིས་མཁན་གྱི་སྙིང་པོ་མི་འདུག
དེར་བརྟེན་ང་ཚོས་ཀྱང་རྒྱལ་སྲས་དངུལ་ཆུ་བཟང་པོས་གསུངས་པ་བཞིན་སྒོ་གསུམ་གྱི་སྤྱོད་པ་དྲན་ཤེས་བག་ཡོད་བསྟེན་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
འཛམ་གླིང་འདིའི་སྟེང་ཧ་ལས་པའི་ཐབས་སྐྱོ་བ་ཞིག་ལ་བདེན་པ་དང་དྲང་བདེན་གྱི་ཕོངས་ཏེ་སྟོབས་ཤུགས་ཁོ་ནའི་འོག་འགྲོ་གི་འདུག དེར་བརྟེན་ང་ཚོ་བོད་ཀྱི་གནས་ཚུལ་ལ་ཆ་བཞག་ནའང་། ང་ཚོར་བདེན་པ་ཡོད།
འོན་ཀྱང་བདེན་པ་འབུར་བཅོམ་བཏང་སྟེ་དྲག་གནོན་འོག་སྡོད་དགོས་པ་ནི་ཧ་ཅང་ཐབས་སྐྱོ་པོ་རེད། དེ་རིང་འདིར་ཚང་མས་སྨོན་ལམ་ཡག་པོ་རྒྱག་དགོས། སྨོན་ལམ་ལམ་སེང་འགྲུབ་རྒྱུ་ཁག་པོ་རེད་ཀྱང་ཕྲན་བུ་ཕན་སྲིད།
འཛམ་གླིང་སྤྱི་དང་ཡང་སྒོས་ཨེ་ཤི་ཡའི་ཡུལ་གྲུ། ལྷག་པར་བོད་གངས་ཅན་ལྗོངས་ལ་དཀའ་ངལ་འཕྲད་སྐབས། འདས་གསོན་ཡོངས་ལ་ཚང་མས་སྨོན་ལམ་རྒྱག་རོགས།
ཞེས་བཀའ་སློབ་ཕེབས་ཏེ་སྐྱེས་རབས་གསུང་ཆོས་དང་འཕགས་པ་ཐུགས་རྗེ་ཆེན་པོའི་བཀའ་དབང་དངོས་གཞི་གྲུབ་རྗེས་འབའ་ཐང་མི་མང་གི་འཐུས་མི་བོད་མི་མང་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་གཏང་རག་མཎྜལ་འདེགས་འབུལ་ཞུས་ཐོག་འབྲེལ་ཡོད་འཐུས་མི་སྦྱིན་བདག་ཁག་གཅིག་ལ་མཇལ་ཁ་སྩལ།
ལྷག་པར་ྋགོང་ས་མཆོག་གིས་ཆབ་སྲིད་སྐུ་དབང་རྩིས་སྤྲོད་མཛད་དགོས་དོན་སྐོར་ལ་བཀའ་སློབ་ཕེབས་དོན། ན་ནིང་སྨོན་ལམ་ཆེན་མོའི་སྐབས་ངོས་ཀྱིས་ྋགོང་ས་ལྔ་པ་ཆེན་པོའི་སྐབས་ནས་བཟུང་ྋརྒྱལ་དབང་གི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བྱེད་རྒྱུ་དེ་མཇུག་བསྒྲིལ་བ་ཡིན།
ངོས་ཀྱིས་ཆོས་ཕྱོགས་ཐོག་རྐང་འགན་འཁྱེར་ཏེ་ྋརྒྱལ་དབང་གོང་མ་དགེ་འདུན་གྲུབ་པ་དང་། དགེ་འདུན་རྒྱ་མཚོ། བསོད་ནམས་རྒྱ་མཚོ་རྣམས་ནི་ཁྱད་དུ་འཕགས་པའི་ྋརྒྱལ་དབང་གསུམ་རེད་འདུག
ཆབ་སྲིད་ཀྱི་ཐུགས་འགན་གང་ཡང་མེད་པར་བསྟན་འགྲོའི་མཛད་པ་རྒྱ་ཆེར་ཁྱབ་པ་ཞིག་རེད།
དེར་བརྟེན་ངོས་ཀྱང་འཇོན་གྱི་མེད་ཀྱང་དེ་དག་གི་རྣམ་ཐར་གྱི་རྗེས་སུ་བལྟས་ཏེ་ཚེ་ལྷག་ཇི་ཙམ་ཡོད་པ་དེ་གང་ཐུབ་འཇིག་རྟེན་སྤྱིའི་མིའི་བདེ་སྐྱིད་དང་ཞི་བདེ་ཡོང་བ།
མིའི་རྣམ་དཔྱོད་ཕྲན་བུ་ཆེ་རུ་འགྲོ་བ་བཅས་ཀྱི་ཐོག་ད་བར་གང་ཡོང་བྱས་པ་ཡིན་ལ་ད་དུང་ཡང་དེ་ལྟར་བྱེད་རྒྱུ་ཡིན། དེ་བཞིན་ཆོས་ལུགས་མཐུན་སྒྲིལ་གྱི་ཐོག་ཀྱང་ངོས་ཀྱིས་ལས་ཀ་གང་ལ་གང་ཙམ་བསྒྲུབས་ཡོད།
ད་དུང་ཡང་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་ཡོང་བར་འབད་བརྩོན་བྱེད་ཀྱི་རེད། དེ་གཉིས་ངོས་ཀྱིས་རྒྱ་གར་གྱི་མེས་པོ་ཚོས་འགྲམ་ནས་ཤེས་པ་རེད།
ཨ་ཧིམ་ས་འཚེ་བ་མེད་པ་ཞེས་པ་འདི་ཕྱིའི་ལུས་ཀྱི་རྣམ་འགྱུར་འཚེ་བ་མེད་པ་ཙམ་མ་ཡིན་པར། འཚེ་བ་མེད་པ་ཞེས་པ་ནི་རྩ་བ་སེམས་ཀྱི་ནང་ང་རྒྱལ་དང་། ཕྲག་དོག ཞེ་སྡང་སོགས་ཉུང་དུ་བཏང་ནས་བྱམས་པ་དང་། བརྩེ་བ།
གུས་བརྩི་སོགས་ཤུགས་ཆེ་རུང་བཏང་བ་ཡིན། འཚེ་བ་མེད་པ་རང་ཤུགས་ཀྱི་ཡོང་གི་རེད། ཡིད་འཚེ་བ་མེད་པ་བྱུང་ན་ལུས་ངག་འཚེ་བ་མེད་པ་ཡོང་གི་རེད།
ཡིད་འཚེ་བའི་གཞན་དབང་དུ་སོང་ན་ལུས་ངག་འཚེ་བའི་རང་བཞིན་ཅན་དུ་རང་བཞིན་གྱིས་ཡོང་གི་རེད། དེར་བརྟེན་འཚེ་བ་མེད་པ་ཞེས་པ་གཙོ་བོ་བྱམས་བརྩེ་དགོས། བྱམས་བརྩེ་ཞེས་པ་འདི་ཆོས་པ་གཅིག་པུའི་སྐད་ཆ་མ་རེད།
དུད་འགྲོ་ཚོ་ལའང་བྱམས་བརྩེ་ཡོད་ན་སྐྱིད་པ་ཡོད། མི་ལ་ནི་དེ་བས་ཀྱང་བྱམས་བརྩེ་ཡོད་ན་སྐྱིད་པ་ཡོད། མི་ཕན་ཚུན་འཆམ་པོ་དང་ཁྱིམ་ཚང་ཡང་སྐྱིད་པ་ཡོད།
དེ་བཞིན་ཆོས་ལུགས་ཁག་དེ་དག་ལྟ་གྲུབ་ཐོག་ནས་འགལ་བ་དང་རྩོད་པ་ཆེན་པོ་ཡོད། དེར་བརྟེན་སངས་རྒྱས་ཀྱི་གཞུང་ནས་ལྟ་གྲུབ་འདྲ་མིན་དེ་དག་ལ་སློབ་དཔོན་ཕྱོགས་གླང་དང་། ཆོས་གྲགས།
ཨརྱ་དྷེ་བ་དེ་དག་གིས་འགལ་འདུ་རྣམས་བསྒྲིགས་ནས་མར་བཏོན་པ་དེ་ཕྱི་རོལ་པ་གཅིག་པུ་མ་རེད།
རང་སྡེ་ནང་པའི་གྲུབ་མཐའ་ལའང་གྲུབ་མཐའ་གོང་མ་གོང་མ་དེ་དག་གིས་གྲུབ་མཐའ་འོག་མ་འོག་མའི་འགལ་འདུ་བསྒྲིགས་ནས་ཡོང་གི་ཡོད། དེ་ནི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་འཕེལ་བའི་ཆེད་རེད་མ་གཏོགས།
ཆགས་སྡང་གི་གནང་བ་མ་རེད། ལྟ་གྲུབ་ཀྱི་ཆ་ནས་མ་མཐུན་པ་ཡོད་ཀྱང་བསླབ་བྱ་རྒྱག་རྒྱུར་བྱམས་པ་དང་། བརྩེ་བ། བཟོད་པ། ཆོག་ཤེས། གཞན་ཕན་བཅས་བསྒྲུབ་དགོས་རེད་ཅེས་ཆོས་ལུགས་ཚང་མས་གསུང་གི་ཡོད།
དེར་བརྟེན་ང་ཚོས་མཐུན་སྒྲིལ་བྱེད་པའི་གཞི་རྩ་ཡོད་པ་ཡིན། དེ་གཉིས་ངོས་རང་མ་འཆི་བར་ལས་ཀ་བྱེད་ཀྱི་རེད། ངོས་ཀྱིས་སྔོན་མ་ནས་ཆབ་སྲིད་ཀྱི་ལས་ཀ་ནི་ཚད་ཅན་ཞིག་ཡིན་པས།
དུས་ཚོད་གཅིག་ལ་སླེབས་ན་ངས་བཞག་གི་རེད་ཅེས་བཤད་ཡོད། ན་ནིང་ངོས་ཀྱིས་དེ་དག་བསྒྲུབས་པ་ལྟར་དེ་དངོས་སུ་ལག་ལེན་བསྟར་དེ་ད་ལྟ་འགྲོ་བཞིན་པ་རེད། གང་ལྟར་ང་ཚོའི་ཆབ་སྲིད་ཀྱི་ལས་འགན་ཐོག་འཐུས་ཤོར་གང་ཡང་ཕྱིན་མེད།
ཁྱེད་རང་ཚོ་ཚང་མ་བློ་བདེ་པོ་བྱེད། ངོས་རང་བློ་བདེ་པོ་བྱས་ནས་བསྡད་ཡོད། ཁྱེད་ཚོ་ཡང་བློ་བདེ་པོ་བྱས་ནས་བཞུགས། གཞན་ཞུ་རྒྱུ་གང་ཡང་མེད། བཀྲ་ཤིས་བདེ་ལེགས། ཞེས་བཀའ་སྩལ།།
བོད་ཀྱི་བདེན་པའི་འཐབ་རྩོད་བྱ་རྒྱུའི་སྒྲིག་འཛུགས་ཇེ་བརྟན་དུ་བཏང་ཡོད་པ་རེད།
ཁམས་སྤྲུལ་རིན་པོ་ཆེ་མཆོག་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ཕྱི་ཚེས་ ༤ ཉིན་གྱི་ཉིན་གུང་ཆུ་ཚོད་ ༡༢ དང་ཕྱེད་ཀའི་སྟེང་། ༸གོང་ས་མཆོག་གིས་བཞུགས་སྒར་ངྷ་སའི་ཉེ་འདབས་སུ་ཡོད་པའི་ཁམས་སྤྲུལ་རིན་པོ་ཆེ་མཆོག་གི་འཆི་མེད་དགའ་ཚལ་གླིང་དགོན་པའི་ཚོགས་རའི་ནང་། ཁམས་སྤྲུལ་རིན་པོ་ཆེ་མཆོག་དང་རྣམ་གྲྭ་མཁན་རིན་པོ་ཆེ། བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གཙོས་པའི་ཐེ་ཝན་གྱི་དད་ལྡན་ཆོས་ཞུ་བ་དང་། ཕྱི་རྒྱལ་དང་ས་གནས་བོད་རིགས་སེར་སྐྱ་མང་ཚོགས་ ༣༠༠༠ བརྒལ་བར་དུས་ཡུན་ཉིན་རིང་གསུམ་རིང་གསུང་ཆོས་གནང་མགོ་བཙུགས་ཡོད་ཅིང་། ཕྱི་ཚེས་ ༦ ཉིན་མང་ཚོགས་ལ་བཀའ་བརྒྱད་ཀྱི་དབང་བཅས་བསྩལ་རྒྱུ་ཡིན་འདུག གསུང་ཆོས་མགོ་འཛུགས་མ་གནང་༸གོང་ས་མཆོག་གིས་མང་ཚོགས་ལ་ཁམས་སྤྲུལ་རིན་པོ་ཆེ་མཆོག་གིས་ཕྱག་བཏབ་བའི་འཆི་མེད་དགའ་ཚལ་གླིང་དགོན་པ་འདི་ནི། ༸གོང་ས་མཆོག་གི་བཀའ་དགོངས་བཞིན་གསར་བཞེངས་གནང་བ་ཞིག་ཡིན་ཚུལ་དང་། ཁམས་སྤྲུལ་རིན་པོ་ཆེ་མཆོག་ནི་༸རྒྱལ་བ་སྐུ་ཕྲེང་རིམ་བྱོན་དང་དམིགས་བསལ་འབྲེལ་བ་ཡོད་སྐོར་གསུངས་ཏེ། “ དགོན་པ་འདི་ཐོག་མར་རྒྱག་སྐབས་རིན་པོ་ཆེ་ངེད་གཉིས་བར་སྐད་ཆ་བྱུང་བ་རེད།དེ་ནས་ངས་མོ་བརྒྱབ་སྟེ་དགོན་པ་བརྒྱབ་ན་ཡག་པོ་འདུག་ཞུས་པའི་སྐབས་ལ། རིན་པོ་ཆེའི་སློབ་མ་དད་པ་ཅན་ཚོས་ཕྱག་རོགས་ཞུས་ཏེ་དགོན་པ་ལེགས་གྲུབ་བྱུང་བ་རེད། ཁ་སྔོན་རིན་པོ་ཆེ་མཆོག་གིས་གསང་བ་རྒྱ་ཅན་ནང་གི་བཀའ་བརྒྱད་ཀྱི་དབང་གི་ཆོས་འབྲེལ་བྱུང་ན་ཞུས་པ་རེད། མ་གཞི། རིན་པོ་ཆེ་མཆོག་༸རྒྱལ་བ་གོང་མ་རྣམས་དང་ཚེ་རབས་མང་པོར་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་བསྡད་པ་གསལ་པོ་རེད། ད་ལྟ་དགུང་ལོ་མཐོ་པོར་ཕེབས་ཏེ་སྐུ་གཟུགས་སྐྱོ་བོ་རེད། ཡིན་ནའང་། དེ་རིང་བཀའ་བརྒྱད་ཀྱི་དབང་བསྐུར་རྒྱུའི་གོ་སྐབས་བྱུང་བ་འདི་སྐལ་བ་བཟང་པོ་རེད། ” ཅེས་གསུངས་བྱུང་། ༸གོང་ས་མཆོག་གིས་རྒྱལ་བ་དགེ་འདུན་གྲུབ་པ་དང་དགེ་འདུན་རྒྱ་མཚོ། ༸གོང་ས་ལྔ་པ་ཆེན་པོ་དང་བཅུ་གསུམ་པ་ཆེན་པོ་རྣམས་ནི། དོན་དམ་ཐོག་ཆོས་ལུགས་རིས་མེད་གནང་མཁན་སྐྱེས་ཆེན་ཡིན་ཚུལ་ངོ་སྤྲོད་སྐོར་གནང་རྗེས། “ ང་རང་གིས་ཡོངས་འཛིན་རྣམ་པ་གཉིས་དང་། སྟག་བྲག་རིན་པོ་ཆེ་དང་སྐྱབས་རྗེ་ཕ་བོང་ཁ་སོགས་ཀྱི་མདུན་ནས་དགེ་ལུགས་གཙོ་བོ་བྱས་ཡོད་ཀྱང་། ངས་ཡོངས་འཛིན་རྣམ་པ་གཉིས་འཚོ་བཞུགས་སྐབས། ང་རང་༸རྒྱལ་དབང་གི་ཁྲིའི་སྒང་ལ་བསྡད་ཡོད་པའི་ཆ་ནས། ༸རྒྱལ་དབང་གོང་མ་ཚོའི་གནང་སྟངས་དེ་ང་རང་གིས་མཇུག་སྐྱོང་དགོས་ཀྱི་འདུག་ཅེས་ཞུས་སྐབས། ཡོངས་འཛིན་རྣམ་གཉིས་ཀྱིས་རྒྱབ་སྐྱོར་གཙང་མ་གནང་སོང་། དེ་ནས་རིམ་པས་རིས་མེད་སྐྱེས་ཆེན་དམ་པ་ཚོའི་མདུན་ནས་གསུང་ཆོས་མང་པོ་ཞུས་ཡོད་ལ། གསུང་ཆོས་ཞུས་ཐེངས་རེར་ཁ་ཐུག་ཡོངས་འཛིན་རྣམ་གཉིས་ལ་སྙན་སེང་ཞུས་པ་ཡིན། གསང་བ་རྒྱ་ཅན་དེ་སྟག་བྲག་རིན་པོ་ཆེའི་མདུན་ནས་ཞུས་པ་རེད། དེའི་རྒྱུད་པ་དེ་ཡོངས་འཛིན་ཕུར་ལྕོག་བྱམས་པ་རིན་པོ་ཆེ་ཡིན་པ་རེད། དེ་རིང་ཆོས་ཉན་མཁན་ཚོ་ཡང་སོ་སོའི་ཁོངས་ས་དགེ་བཀའ་རྙིང་གང་འདྲ་ཞིག་ཡིན་རུང། བོད་གངས་ཅན་གྱི་སངས་རྒྱས་བསྟན་པ་གཅིག་གྱུར་ཡིན་པའི་ཆ་ནས། ང་ཚོ་འདིར་འཛོམས་ཀྱི་ཡོད་པ་རེད། ང་རང་ལ་མཚོན་ན། ས་དགེ་བཀའ་རྙིང་ཚང་མའི་དབང་ལུང་ཁྲིད་གསུམ་གང་ཐུབ་ཀྱིས་ཉམས་ལེན་བྱེད་ཀྱི་ཡོད་ལ། རིས་སུ་མ་ཆད་པའི་བླ་མ་གོང་མ་ཚོའི་གསུང་མཇལ་བའི་སྐབས། གཅིག་གིས་གཞུང་གི་གོ་བ་ཆ་ཚང་མ་ལོན་པ་ཞིག་གཞུང་གཞན་ནས་གོ་བ་ལེན་ཐུབ་རྒྱུར་ཕན་ཐོགས་ཆེན་པོ་འདུགདེ་ཡིན་དུས། རིས་སུ་མ་ཆད་པའི་རྒྱལ་བའི་བསྟན་པ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡོང་རྒྱུར་ཞབས་འདེབས་ཕྲན་བུ་བསྒྲུབ་ཐུབ་ན་བསམ་པ་ཡིན་ ” ཞེས་གསུངས་སོང་། མཐར་༸གོང་ས་མཆོག་གིས་བོད་མིའི་ཆབ་སྲིད་བཅོས་བསྒྱུར་ཀྱི་གནས་བབ་ཐད་གསུངས་དོན། “ བོད་གཞུང་དགའ་ལྡན་ཕོ་བྲང་ཐོག་མར་འཛུགས་མཁན་༸གོང་ས་ལྔ་པ་ཆེན་པོ་རེད། ང་རང་དགའ་ལྡན་ཕོ་བྲང་བསྡུ་གསོག་རྒྱག་མཁན་དེ་ཆགས་ཡོད་པ་རེད། ༸གོང་ས་ལྔ་པ་ཆེན་པོས་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་དབང་ལུང་འཛིན་ཆེད་གསར་འཛུགས་བྱས་ཡོད་ཀྱང་། ༸གོང་ས་གོང་མའི་སྐྱེས་ཕྲེང་འཛིན་མཁན་སྐུ་ཕྲེང་ ༡༤ པ་བསྟན་འཛིན་རྒྱ་མཚོ་ང་རང་གིས། ལོ་ངོ་ ༤༠༠ ཙམ་གྱི་ལོ་རྒྱུས་ཡོད་པའི་བོད་གཞུང་དགའ་ལྡན་ཕོ་བྲང་བསྡུ་གསོག་བརྒྱབ་པ་རེད། ད་ཆ་བླ་མས་གཞུང་གི་དབང་ཆ་འཛིན་རྒྱུའི་དུས་ཚོད་ཡོལ་ཟིན་པ་རེད། འདོད་རུང་མ་འདོད་རུང་དངོས་ཡོད་གནས་ཚུལ་ཐོག་དུས་ཚོད་ཡོལ་ཟིན་པ་རེད། ཆོས་ཕྱོགས་ནས་བཤད་ན། ང་ཚོས་སེམས་ཅན་ཐམས་ཅད་བཤད་ཀྱི་ཡོད་པ་མ་གཏོགས་སེམས་ཅན་ཉུང་ཤས་ཤིག་གི་ཆེད་དུ་བཤད་ཀྱི་ཡོད་པ་མ་རེད། འཛམ་གླིང་གི་བདག་པོ་དེ་འཛམ་གླིང་མི་དམངས་རེད་མ་གཏོགས། འཛམ་གླིང་དེ་བླ་མ་ལ་བདག་ཡོད་པ་མ་རེད། དཔོན་པོ་ལ་བདག་ཡོད་པ་མ་རེད། རྒྱལ་པོ་དང་རྒྱལ་མོ་ལའང་བདག་ཡོད་པ་མ་རེད། འཛམ་གླིང་འདི་འཛམ་གླིང་མི་དམངས་ལ་དབང་ཡོད་པ་ནང་བཞིན། ཡུལ་གྲུ་སོ་སོའང་མི་དམངས་ལ་དབང་ཡོད་པ་རེད་མ་གཏོགས། ང་རང་བླ་མ་དཔོན་པོ་ཡིན་ཟེར་ས་རྩ་བ་ནས་ཡོད་པ་མ་རེད། ལོ་སུམ་བརྒྱ་བཞི་བརྒྱའི་གོང་གི་གནས་ཚུལ་ཁ་ཁ་རེད། ད་ལྟ་དུས་རབས་ཉེར་གཅིག་པའི་ནང་བསླེབས་ཡོད་པ་རེད། ཡུལ་ལུང་དེ་དག་མི་དམངས་ལ་དབང་བ་ཡིན་སྟབས། ཡུལ་ལུང་དེ་དག་མི་དམངས་ཀྱིས་བདག་པོ་རྒྱག་སྟངས་དེ། མི་དམངས་ཀྱིས་འོིས་བསྡུ་བྱས་ཏེ་སྤྱི་མོས་ཐོག་ཡོང་བའི་མི་དེས་འགན་འཁུར་དགོས་པ་རེད། མི་དེ་མི་དམངས་འོས་བསྡུའི་ལམ་ནས་ཡོང་བ་ཡིན་སྟབས། གནས་ཚུལ་གང་ཡིན་རུང་མི་དམངས་ལ་གོ་བསྡུར་བྱ་དགོས་ཀྱི་ཡོད། མི་དམངས་ཀྱིས་བསྐོས་པའི་དཔོན་པོ་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། མང་གཙོའི་འགྲོ་སྟངས་དེ་ཡག་ཤོས་ཆགས་ཡོད་པ་རེད། ༸གོང་ས་ལྔ་པ་ཆེན་པོས་ལོ་ ༤༠༠ གོང་ལ་བོད་གཞུང་དགའ་ལྡན་ཕོ་བྲང་བཙུགས་པ་རེད། ང་རང་གིས་དུས་རབས་ཉེར་གཅིག་པའི་དངོས་ཡོད་གནས་ཚུལ་ལ་བལྟས་ཏེ་བསྡུ་གསོག་བརྒྱབ་པ་རེད། ཡིན་ནའང་། ༸གོང་ས་ལྔ་པ་ཆེན་པོས་བཙུགས་པ་དེ་ངས་གཏོར་བཤིག་བཏང་བ་དེ་འདྲ་མ་རེད། ༸གོང་ས་མཆོག་ལྔ་པ་ཆེན་པོར་མཛད་རྗེས་ཡོད་བསྡད་པ་དེ། ང་རང་གིས་ད་ལྟའི་དངོས་ཡོད་གནས་ཚུལ་དང་བསྟུན་ཏེ་འགྱུར་བ་བཏང་བ་ཞིག་ཆགས་ཡོད། དེ་ཡིས་བོད་ཀྱི་བདེན་པའི་འཐབ་རྩོད་བྱ་རྒྱུའི་སྒྲིག་འཛུགས་ཇེ་བརྟན་དུ་བཏང་ཡོད་པ་རེད། སྒྲིག་འཛུགས་དེ་སྲ་བརྟན་ཕུགས་འཕེར་བཟོས་པ་རེད་མ་གཏོགས། དེ་ཤུགས་ཆུང་དུ་འགྲོ་བ་དེ་འདྲ་རྩ་བ་ནས་ཆགས་མེད། ” ཅེས་གསུངས་བྱུང་།
༄༅། །བོད་རྒྱལ་ལོ་ ༢༡༣༩ བོད་ཟླ་ ༡ ཚེས་ ༡༤ ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༧ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་གཞིས་བྱེས་འབའ་ཐང་སེར་སྐྱ་མི་མང་ཡོངས་ནས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུ་སྐབས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།
གཞིས་བྱེས་འབའ་ཐང་སེར་སྐྱ་མི་མང་གིས་དེ་རིང་བརྟན་བཞུགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མཎྜལ་ལྗགས་བཤད་ནམ་རྒྱུན་ངག་ཐོག་ནས་འདོན་རྒྱུ་དེ་དགོས་པ་ཆེ་བ་མཐོང་གི་མི་འདུག་ལ་མི་མང་པོ་ཞིག་གིས་ཡག་པོ་ཡང་གོ་གི་མེད། དེ་ཡིག་ཐོག་ལ་བྱུང་ན་ཡག་པོ་འདུག་ཅེས་ཁ་སྔོན་ནས་སྐད་ཆ་བྱུང་བ་བཞིན་ད་རེས་ཡིག་ཐོག་ལ་བཀོད་ནས་ཚང་མའི་ཕྱག་ལ་གཟིགས་རྒྱུ་ཡོད་སྟབས། ཞིབ་ཚགས་ལ་ཆ་ཚང་བ་ཧ་ཅང་ཡག་པོ་བྱུང་འདུག ཁྱེད་རང་ཚོ་སྔར་ྋརྒྱལ་དབང་སྐུ་ཕྲེང་མང་པོའི་སྐབས་ནས་བཟུང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་ཞིག་འདིར་བཀོད་འདུག འབའ་ཡུལ་ལུང་པ་ཆུང་ཆུང་དེ་ནས་བསྟན་པ་འཛིན་མཁན་གྱི་མཁས་པའི་དབང་པོ་མང་པ་ཞིག་ཡོད། བགྲེས་པའི་གྲས་ནས་རྒན་པདྨ་རྒྱལ་མཚན་ཡིན། གཞུང་རབ་འབྱམས་ལ་མཁས་པ་ཧ་ལས་པ་རེད་འདུག དེ་བཞིན་རྒན་ཉི་མ་རྒྱལ་མཚན་ཁོང་གི་མདུན་ནས་ངོས་ཀྱིས་གསུང་ཆོས་མང་པོ་ཞུས་ཡོད། བསམ་གྱིས་མི་ཁྱབ་པའི་མཁས་པའི་དབང་པོ་རིག་སྟོབས་ཕུལ་དུ་ཕྱིན་པ་རེད་འདུག ཁོང་རྣམ་པ་གཉིས་ཀྱི་ཡང་སྲིད་འདི་གར་ཡོད་པ་རེད། ཡང་སྲིད་རྣམ་པ་གཉིས་ནས་སྔོན་གྱི་གོང་མའི་མཛད་པའི་རྗེས་སུ་བསླབ་སྟེ་ཡག་པོ་གནང་ཐུབ་པའི་དགོངས་པ་བཞེས་དགོས་པ་རེད། རྒན་པདྨ་རྒྱལ་མཚན་མདུན་ནས་ངོས་ཀྱིས་གསུང་ཆོས་ཞུ་རྒྱུ་མ་བྱུང་ཡང་ཁྱུག་ཙམ་རེ་མཇལ་བའི་སྐབས་སུ་གོ་བསྡུར་ཞུའམ། གང་ལྟར་བཀའ་འདྲི་ཐེངས་མང་པོ་ཞུ་རྒྱུ་བྱུང་། སྐབས་ཤིག་མཁྱེན་གསུམ་གྱི་རྣམ་པ་བརྒྱ་དང་བདུན་ཅུ་རྩ་གསུམ་སྦྱོར་བའི་ནང་སྒྲིག་སྟངས་གཞན་དང་མི་འདྲ་བ་ཞིག་གསུངས་སོང། དེ་ཡིག་ཐོག་ལ་གཅིག་ཡོད་ན་བསམ་པ་ལྟ་བུ་བྱུང་། རྗེས་སུ་ཁ་ཤས་ལ་བཀའ་འདྲི་ཞུས་པ་ཡིན་ཡང་དེ་འདྲ་གསུང་ཐུབ་མཁན་ཧ་ལམ་མི་འདུག གྲྭ་ཚང་གི་མཁན་པོ་གནང་མཁན་བསམ་གཏན་རྒྱའུ་ཧ་ཅང་དཔེ་ཆ་ཡག་པོ་རེད། གྲྭ་ཚང་གི་མཁན་པོ་བྱེད་སྐབས་དུས་ཚོད་ཁག་པའི་སྒང་ཡིན་ཡང་ཧུར་ཐག་འབད་ཐག་གནང་ཡོད། ཧ་ཅང་ཡག་པོ་ཡིན། ཁོང་རང་དོལ་རྒྱལ་བསྟེན་གྱི་ཡོད། དེ་དུས་ངོས་ཀྱིས་དམ་བསྒྲགས་བྱེད་སྐབས་ཁོང་ཡོད་པ་ཡིན་ན། ངོས་ཀྱིས་གང་བརྗོད་པ་དེ་དག་བརྒྱ་ཆ་བརྒྱ་ཐམ་པ་ཡིད་ཆེས་བློས་འགེལ་བྱས་ནས་འགྲོ་གི་རེད་མ་གཏོགས་སྤྱོད་པ་སློག་མཁན་རྩ་བ་ནས་བྱེད་ཀྱི་མ་རེད། དེ་ངོས་ཀྱིས་ཤེས་ཀྱི་ཡོད། རྒན་ཉི་མ་དང་རྒན་པདྨ་རྒྱལ་མཚན་རྣམ་པ་གཉིས་ཀ་དོལ་རྒྱལ་དང་འབྲེལ་བ་རྩ་བ་ནས་མེད། ལྷག་པར་རྒན་པདྨ་རྒྱལ་མཚན་ལ་ཆ་བཞག་ན། སྦག་སར་བཞུགས་སྐབས་ངས་དོལ་རྒྱལ་བསྟེན་གྱི་ཡོད། གླིང་རིན་པོ་ཆེས་ཐོག་མ་ཉིད་ནས་བསྟེན་གནང་གི་མེད། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་དང་ཟོང་རིན་པོ་ཆེ་རྣམ་གཉིས་ཀྱིས་བསྟེན་པ་གནང་གི་ཡོད། སྐབས་དེར་ངོས་ཀྱིས་ཀྱང་བསྟེན་གྱི་ཡོད། འོན་ཀྱང་རྒན་པདྨ་རྒྱལ་མཚན་གྱིས་འབྲས་སྤུངས་པའི་སོ་སོའི་རང་ལུགས་བརྟན་པོ་བཟུང་ནས་བཞུགས་ཡོད། ཕྱིས་སུ་བསམ་བློ་གཏོང་སྐབས་རྒན་ཧ་ལས་པའི་མཛད་རྗེས་ཆེན་པོ་རེད་འདུག དེ་དུས་ངོས་ཀྱིས་བསྟེན་པར་མ་ཟད། ཚང་མས་འུར་བརྒྱབ་ནས་བསྟེན་གྱི་ཡོད་ཀྱང་། རྒན་པདྨ་རྒྱལ་མཚན་གྱིས་སོ་སོའི་རང་ལུགས་ཧ་ཅང་བརྟན་པོ་བཟུང་ཡོད། སྦག་སར་ཆ་བཞག་ན། ཧ་ཅང་ཐུགས་ཁུར་བསྐྱེད་ཡོད། གཞིས་ཆགས་སུ་གདན་ས་གསུམ་སྤོས་ཟིན་རྗེས་ཀྱང་རྒན་པདྨ་རྒྱལ་མཚན་གྱིས་དཔེར་ན། ཨར་པོའི་འཛུགས་སྐྲུན་ཚུན་ཆད་ལ་ཧ་ལས་པའི་ཐུགས་ཁུར་བསྐྱེད་ཡོད། རྗེས་སུ་རྒན་སྐུ་གཟུགས་སྐྱོ་པོ་ཆགས་ནས་ཕར་ཚུར་ཞེ་དྲག་ཕེབས་མི་ཐུབ་ཀྱང་། འཁོར་ལོ་ཡོད་པའི་རྐུབ་སྟེགས་ཐོག་བཞུགས་ནས་དེ་གར་གཟིགས་པར་ཕེབས་ཏེ་ཧ་ཅང་ཤུགས་བསྐྱོན་ཡོད། དེ་རིང་གི་དུས་ཚོད་འདིར་དངོས་གནས་ཆོས་ཕྱོགས་ཐོག་ནས་མཛད་རྗེས་འཇོག་མཁན་ཁོང་རྣམ་པར་ང་ཚོས་རྗེས་དྲན་བྱེད་དགོས།
ཆབ་སྲིད་ཐོག་ནས་བཤད་ན། ངོས་རང་ཕྱི་ལོ་ ༡༩༥༤ ལོར་རྒྱ་ནག་ལ་ཕྱིན་པ་དེ་སྐབས་ནས་བཟུང་ཕུན་ཚོགས་དབང་རྒྱལ་ཐུག་ཡོད་ལ་ཁོང་དེ་སྔ་ནས་ངོ་ཤེས་ཀྱི་ཡོད། དེ་སྔོན་བོད་གཞུང་གིས་གུང་ཁྲན་གྱི་དོགས་པ་ཡོད་པའི་མི་གང་ཙམ་ཞིག་བོད་ནས་ཕྱིར་ཕུད་བྱས་ཡོད། ཕྱི་ལོ་ ༡༩༤༩ ལོ་ལ་རེད། ཕུན་ཚོགས་དབང་རྒྱལ་དེའི་གྲས་སུ་ཡོད། རྗེས་སུ་ཕུན་ཚོགས་དབང་རྒྱལ་བཅིངས་འགྲོལ་དམག་མི་ཐོག་མར་ལྷ་སར་ཡོང་སྐབས་དམག་དཔོན་ཀྲང་གོ་ཧྭ་དང་མཉམ་དུ་ཡོང་བ་ངས་ཧ་ཅང་གསལ་པོ་དྲན་གྱི་འདུག དེ་དུས་ནོར་བུ་གླིང་ཁར་འབྱོར་མཇལ་ལྟ་བུ་ཞུ་སྐབས་ཕུན་ཚོགས་དབང་རྒྱལ་བོད་ཆས་ཐོག་ཝ་ལྤགས་ཀྱི་ཞྭ་མོ་ཞིག་གྱོན་ཏེ་རྒྱ་མིའི་དཔོན་པོ་དང་མཉམ་དུ་སླེབས་བྱུང། ངོས་ཀྱི་མདུན་དུ་སླེབས་མ་ཐག་ཞྭ་མོ་ཕུད་ནས་ཕྱག་གསུམ་འཚལ་སོང། ཁོང་རང་གུང་ཁྲན་ཏང་ཡོན་གཙང་མ་རེད། དེ་དུས་ཆོས་ལ་དེ་ཙམ་དོ་སྣང་མེད། འོན་ཀྱང་སོ་སོའི་མི་རིགས་ཀྱི་ལྟ་བ་ཧ་ཅང་ཤུགས་ཆེན་པོ་རེད་འདུག དེ་རྗེས་སྐབས་ཤིག་ངེད་གཉིས་པེ་ཅིང་དུ་ཡོད་དུས་ཉིན་གཅིག་དེ་སྔའི་ལོ་རྒྱུས་དང་ད་ལྟའི་གནས་ཚུལ་མང་ཙམ་བཤད་རེས་བྱེད་སྐབས་ཕུན་ཚོགས་དབང་རྒྱལ་གྱིས་དེ་སྔོན་མ་སྔོན་ནོར་བུ་གླིང་ཁར་མཇལ་ཁར་ཡོང་དུས། ༸རྒྱལ་བ་རིན་པོ་ཆེ་བཞུགས་ཁྲིའི་ཐོག་ཆུང་ཆུང་ཞིག་འདུག ད་ཆ་འདི་འདྲ་གནང་འདུག་ཅེས་ཟེར། དེ་དུས་ང་ལོ་ ༡༧ ཡིན། ཕུན་ཚོགས་དབང་རྒྱལ་གྱིས་ཕྲུ་གུ་ངུ་བ་ལྟར་ངུས་སོང། ཆོས་ལ་དད་པ་དམིགས་བསལ་མེད་ཀྱང་མི་རིགས་ཀྱི་ཞེན་ཁོག་ཧ་ལས་པ་རེད་འདུག གང་ལྟར་བོད་མི་རིགས་ཀྱི་ཞེན་ཁོག་ཐོག་ནས་༸རྒྱལ་བ་རིན་པོ་ཆེར་དགའ་ཞེན་ཡོད་པ་ཞིག་རེད། མི་རྣམ་དཔྱོད་དང་བསམ་བློ་ཆེན་པོ་ཡོད་པ་ཞིག་རེད་འདུག རྗེས་སུ་ངེད་གཉིས་རྒྱ་མིའི་སྐད་ཆ་ཤོད་སྟངས་ལྟར་བྱས་ན་བློ་མཐུན་ཆགས་པ་རེད། ཕུན་ཚོགས་དབང་རྒྱལ་གྱི་འགྲམ་ནས་ངོས་ཀྱིས་མར་ཁེ་སི་རིང་ལུགས་སྦྱངས་པ་ཡིན། ཁོང་རང་ཡིད་ཆེས་གཙང་མ་ཡོད་པ་རེད་ལ་ངོས་རང་ཡང་ཡིད་ཆེས་སླེབས་ཏེ་པེ་ཅིང་དུ་ཡོད་སྐབས་ངོས་རང་གུང་ཁྲན་ཏང་ནང་འཛུལ་གྱི་ཡིན་ཞེས་བརྗོད་པ་ཡིན། རྒྱ་མིའི་དཔོན་པོ་ཕལ་ཆེར་ལིས་ཧུ་ཧན་ཡིན་པ་ཡོད། སྔོན་ལ་བྲེལ་བ་བྱེད་མ་དགོས་བརྗོད་པ་ལྟར་དེ་མུར་བཞག་པ་རེད། གང་ལྟར་ཕུན་ཚོགས་དབང་རྒྱལ་ངེད་གཉིས་ཧ་ཅང་ཉེ་པོ་ཡིན། མི་རིགས་ཀྱི་ཞེན་ཁོག་ཧ་ལས་པ་རེད། དམར་པོའི་རིང་ལུགས་ཀྱི་ལྟ་གྲུབ་ཐོག་ལ་ཆ་བཞག་ན། ཞེ་དྲག་ཤོད་རྒྱུ་ཡོད། དེ་དངོས་གནས་སོ་སོ་རང་ཉིད་ཀྱིས་ཡིད་ཆེས་བྱས་ཏེ་ལག་ལེན་བསྟར་ནས་དམར་པོའི་ལྟ་གྲུབ་འཛིན་མཁན་ཞིག་རེད། ཕྱིས་སུ་ཕུན་ཚོགས་དབང་རྒྱལ་ཕྱི་རྒྱལ་ལ་སླེབས་པའི་སྐབས་ཤིག་ལ། ངོས་ཀྱིས་ཁ་པར་བརྒྱུད་འབྲེལ་བ་ཐེངས་ཁ་ཤས་བྱུང་། ཉིན་གཅིག་ངོས་ཀྱིས་ཁ་པར་ནང་ཕུན་ཚོགས་དབང་རྒྱལ་ལ་ད་ཆ་སྤྱི་ཚོགས་རིང་ལུགས་ག་རེ་བྱས་སོང་ངམ་ཞེས་བརྗོད་པ་ཡིན། ཁོང་རང་གད་མོ་ཤོར་བ་ལས་བརྗོད་རྒྱུ་གང་ཡང་མི་འདུག ཕུན་ཚོགས་དབང་རྒྱལ་གྱི་སྤུན་མཆེད་ཐུབ་དབང་ཡང་ཧ་ཅང་ཡག་པོ་རེད། གུང་ཁྲན་ཏང་ཡོན་ཧ་ཅང་བསམ་བློ་ཡོད་མཁན་ཞིག་རེད། ངོས་ཀྱིས་ཐུབ་དབང་གི་མདུན་ནས་རྒྱ་ཡིག་སློབ་ཚན་གང་ཙམ་སྦྱངས་མྱོང་། མི་རིགས་ཀྱི་ཞེན་ཁོག་ཧ་ལས་པ་རེད། ཕུན་ཚོགས་དབང་རྒྱལ་སྤུན་གཉིས་ངོས་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད། དེ་དུས་འབའ་པ་གཞན་དག་མང་པོ་ཡོད་ཀྱང་གཅིག་དང་གཉིས་ཀྱི་མིང་དྲན་གྱི་འདུག་ལ་ཤོད་དགོས་དོན་ཡང་མི་འདུག ཕྱིས་སུ་འབའ་པ་བཀྲིས་ཚེ་རིང་དང་། ཡང་གླིང་རྡོ་རྗེ་ཁོང་ཚོའི་གྲས་དེ་དག་སོ་སོའི་མི་རིགས་ཀྱི་ལྟ་བ་ཧ་ལས་པ་རེད་འདུག ཉེ་ཆར་རང་དེབ་གཅིག་བཏོན་འདུག ཀྲའུ་ཙེ་ཡང་རྒྱ་ནག་དབུས་གཞུང་གི་འགོ་ཁྲིད་ལ་སླེབས་རྗེས་ཡང་གླིང་རྡོ་རྗེས་བྲིས་པའི་བསམ་འཆར་གྱི་དེབ་གཅིག་ཉེ་ཆར་རང་ཧོང་ཀོང་ནས་པར་བརྒྱབ་འདུག་པ་ཧ་ལས་པ་རེད་འདུག དེ་དུས་ཡང་གླིང་རྡོ་རྗེས་བཤད་པའི་བསམ་འཆར་ལྟར་རྒྱ་ནག་དབུས་གཞུང་ནས་ལག་བསྟར་བྱས་ཡོད་ན། བོད་ནང་ཟང་ཟིང་འདི་འདྲ་རྩ་བ་ནས་ཡོང་གི་མ་རེད། གཅིག་བྱས་ན་ད་ཚོད་གནས་ཚུལ་ཡག་པོ་ཞིག་ཡོང་རྒྱུའི་རེ་བ་ཡོད་པ། འོན་ཀྱང་སྐབས་དེ་དུས་རྒྱ་མིའི་དཔོན་པོ་ཞིག་གིས་མཁྲེགས་པོ་བྱ་རྒྱུའི་སྐད་ཆ་བཤད་པ་ལྟར་སྲིད་བྱུས་དེའི་ཐོག་ཕྱིན་པའི་རྐྱེན་གྱིས་ད་ལྟ་འབ་སུ་མ་བསྡུ་པའི་གནས་ཚུལ་གཉིས་སྡུག་ཆགས་ཏེ་རྒྱ་ནག་ངོ་ཚ་དང་ཧ་ཅང་སྤམ་ཤོར་དགོས་པ་དང་། ཚུར་ཕྱོགས་ང་ཚོ་བོད་པར་ཆ་བཞག་ན། དཀའ་ངལ་ལོ་ནས་ལོ་བསྟུད་དེ་མྱོང་དགོས་པ་ཞིག་ཆགས་ཡོད། དེར་བརྟེན་ཡང་གླིང་རྡོ་རྗེ་དང་ཁོང་ཚོའི་གྲས་དེ་ཧ་ལས་པའི་སེམས་ཤུགས་དང་རྣམ་དཔྱོད་ཡོད་པ་རེད། འབའ་པ་ཡུལ་ལུང་ཆུང་ཆུང་རེད། འོན་ཀྱང་དེའི་ནང་ནས་ཆོས་དང་བོད་ཀྱི་འཐབ་རྩོད་གཉིས་ཀའི་ཐོག་བྱས་རྗེས་ཡོད་པའི་མི་ངོས་རང་སྒེར་གྱིས་ངོ་ཤེས་པ་མང་པོ་ཡོད་ཧ་ཅང་ཡག་པོ་རེད། ཁྱེད་རང་ཚོ་སྡེ་གྲོང་ཆུང་ཆུང་དེའི་ནང་གི་སེར་སྐྱ་གཞིས་བྱེས་ཐུན་མོང་གི་ཐོག་ནས་དེ་རིང་འདིར་བརྟན་བཞུགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་རང་ཚོས་སྨོན་ལམ་ཡག་པོ་རྒྱོབས།
འབའ་པ་མེས་པོ་ཚོའི་སྐབས་ལ་ཡིན་ནའང་བྱས་རྗེས་ཆེན་པོ་ཡོད་པ་རེད་ལ། འབྱུང་འགྱུར་ཡང་ཁྱེད་ཚོ་གཞོན་པ་ཚོས་གང་ཅིའི་ཐོག་ཞབས་འདེགས་བསྒྲུབ་ཐུབ་པའི་སྙིང་སྟོབས་བསྐྱེད་དགོས། ཡང་སྙིང་སྟོབས་གཅིག་པུས་མ་ལྡང་བས། ཤེས་ཡོན་དང་རྣམ་དཔྱོད་དགོས་པར་བརྟེན། སློབ་སྦྱོང་ཐོག་ལ་ཤུགས་རྒྱག་དགོས་པ་དང། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱི་རྩལ་དང་། ལྷག་བསམ་གྱི་སྙིང་སྟོབས་ཟུང་དུ་འབྲེལ་ནས་འགྲོ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཐུགས་རྗེ་ཆེ་ཞེས། བཀའ་སློབ་སྩལ།།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡
སྔ་དྲོ་ཆེན་པོ་ཧོར་གྱི་ནང་པ་དང་བོད་ཡུལ་ཇོ་ནང་ཆོས་བརྒྱུད་ཀྱི་དབུ་འཛིན་ཁལ་ཁ་རྗེ་བཙུན་དམ་པ་སྐུ་ཕྲེང་དགུ་པ་འཇམ་དཔལ་རྣམ་གྲོལ་ཆོས་ཀྱི་རྒྱལ་མཚན་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པར་བརྟེན།
འདི་ཟླའི་ཚེས་ ༣ ཉིན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔར་མཆོད་སྤྲིན་བརྒྱ་ཚར་འབུལ་བ་དང་འབྲེལ།
དགོངས་རྫོགས་མཆོད་འབུལ་གཟབ་རྒྱས་གནང་བའི་ཚོགས་མགོན་དུ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་གནང་ཞིང།
གཞན་རྣམ་གྲྭ་མཁན་རིན་པོ་ཆེ་དང་། མཁན་ཟུར་བྱ་དོ་རིན་པོ་ཆེ།
ཀེའུ་ཚང་རིན་པོ་ཆེ་སོགས་མཁན་བླ་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་དགེ་འདུན་དང།
བཞུགས་སྒར་ཁུལ་གནས་རིས་མེད་ཆོས་སྡེ་ཁག་གི་དགེ་བཙུན་སྔགས་གསུམ། གཞན་ཡང་གཉུག་མར་གནས་པ་དང་གློ་བུར་ལྷགས་པའི་དགེ་བཙུན་སྔགས་གསུམ།
མི་མང་བཅས་ཁྱོན་མི་གྲངས་ཆིག་སྟོང་ལ་ཉེ་བ་ཕེབས་ཏེ་དུས་འཁོར་གྱི་བླ་མའི་རྣལ་འབྱོར་དང་འབྲེལ་རྩ་རྒྱུད་ལྗགས་ཀློག་གནང་།
སྐབས་དེར་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་བྲེ་སྲང་ཚེ་རིང་ལགས་ཀྱིས་སྐྱབས་ཐོ་ྋསྙན་སྒྲོན་གནང་ཡོད་པ་རེད།
ཡང་ཕྱི་ཚེས་ ༢ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་རྗེ་བཙུན་དམ་པ་ཞི་བར་གཤེགས་པའི་དགོངས་རྫོགས་མཆོད་འབུལ་སླད་མགོན་པོ་གང་གི་སྐུ་ཚབ་ཏུ་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་སོག་ཡུལ་དུ་ཆེད་གཏོང་གནང་སྟེ་ཆོས་ལྡན་སོག་ཡུལ་ལྗོངས་ཀྱི་མང་པོས་བཀུར་བའི་དབུ་འཁྲིད་ཚཱ་ཀི་ཡ་ཇིན་ ཨེལ་སྦེག་རྡོརཇ་མཆོག་གི་མཚན་ཐོག་སོག་པོའི་གཞུང་མང་ཡོངས་ལ་ཐུགས་གསོའི་འཚམས་འཕྲིན་ཞིག་ཀྱང་སྩལ་ཡོད་པ་རེད།
དེ་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ལྷོ་ཨ་ཧྥི་རི་ཀའི་ཡེ་ཤུ་ཆོས་དཔོན་ཌེ་སི་མོན་ཊའུ་ཊའུ་མཆོག་ལ་ཕེབས་བསུའི་མཛད་སྒོ་ཞིག་ཚོགས་སྐབས། ཊའུ་ཊའུ་མཆོག་གིས་ཁོང་གི་སྐྱེས་སྐར་བཞུགས་སྒར་ངྷ་སར་གཏོང་ཐུབ་པར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་ཚུལ་གསུངས་སོང་།
དེ་རིང་ཕྱི་ཚེས་ ༡༠ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠ དང་ཕྱེད་ཀའི་སྟེང་། འཛམ་གླིང་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཐོབ་མཁན་ལྷོ་ཨ་ཧྥི་རི་ཁའི་ཡེ་ཤུ་ཆོས་དཔོན་ཌེ་སི་མོན་ཊའུ་ཊའུ་ (ArchbishopDesmond Tutu) མཆོག ཀཱང་ར་གྷ་གྷལ་གནམ་ཐང་དུ་༧གོང་ས་མཆོག་དང་བོད་གཞུང་དམངས་གཉིས་ཀྱི་ཕེབས་བསུའི་འོག ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འབྱོར་ཡོད་པ་དང་། སྔ་དྲོའི་ཆུ་ཚོད་ ༡༡ སྟེང་གཙུག་ལག་ཁང་དུ་ཡེ་ཤུ་ཆོས་དཔོན་མཆོག་ལ་ཕེབས་བསུའི་མཛད་སྒོ་ཚོགས་རྒྱས་པ་ཞིག་གོ་སྒྲིག་ཞུས་འདུག མཛད་སྒོའི་ཐོག་༧གོང་ས་མཆོག་གིས་དབུས་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་དང་ཁྲིམས་ཞིབ་པ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་དང་སྤྱི་འཐུས་རྒྱུན་ལས་རྣམ་པ། ལྷན་ཁང་ཁག་གི་བཀའ་བློན་རྣམ་པ་དང་གཞུང་ཞབས་ལས་བྱེད་ཆེ་ཕྲ། ཡེ་ཤུ་ཆོས་དཔོན་མཆོག་དང་ཁོང་གི་སྐུ་ཟླ། ༧གོང་ས་མཆོག་གི་གྲོགས་པོའམ་དེ་རིང་ཡེ་ཤུ་ཆོས་དཔོན་མཆོག་ལ་གནམ་གྲུ་ཆེད་གཏོང་གནང་མཁན་གྱི་སྦྱིན་བདག རྒྱ་གར་བྱང་ཤར་ཕྱོགས་ཀྱི་ཡེ་ཤུའི་ཆོས་དཔོན་པཱར་ངྷི་ཀུ་མིར་སཱ་མན་ཊེ་རོ། ངྷ་ས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་དང་མང་ཚོགས་བཅས་ཁྱོན་མི་མང་ ༣༠༠༠ ལྷག་འདུ་འཛོམས་བྱུང་ཡོད།
མཛད་སྒོའི་ཐོག་མར་སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་ཀྱིས། ཡེ་ཤུ་བླ་ཆེན་མཆོག་སྐུ་ངལ་མཛད་མེད་ཐོག་བཞུགས་སྒར་ངྷ་སར་ཆེད་ཕེབས་གནང་བར་དགའ་བསུ་དང་འབྲེལ། བོད་རིགས་མང་ཚོགས་ལ་བླ་ཆེན་ཁོང་གི་སྐུ་ཚེའི་ལོ་རྒྱུས་སྐོར་ངོ་སྤྲོད་དང་། དུས་ཡུན་རིང་པོར་བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་གནང་བར་བསྟོད་བསྔགས་སོགས་གནང་རྗེས། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་དང་། རྒྱ་གར་བྱང་ཤར་ཁུལ་གྱི་ཡེ་ཤུ་ཆོས་དཔོན། དེའི་རྗེས་༧གོང་ས་མཆོག་དང་། མཇུག་ཏུ་ཡེ་ཤུ་བླ་ཆེན་ཊའུ་ཊའུ་མཆོག་བཅས་ཀྱིས་རིམ་པ་བཞིན་བཀའ་སློབ་གནང་སོང་ལ། དེའི་རྗེས་སུ་བོད་གཞུང་ཟློས་གར་ཚོགས་པ་དང་ཐང་སྟོང་ཟློས་གར་ཚོགས་པ། ས་གནས་ཡུལ་མིའི་སློབ་ཕྲུག་བཅས་ཀྱིས་ཡེ་ཤུ་ཆོས་དཔོན་མཆོག་ལ་དགའ་བསུའི་རྣམ་པའི་ཐོག་སྲོལ་རྒྱུན་གཞས་སྣ་ཁག་ཅིག་གཟིགས་འབུལ་ཞུས་སོང་། དེའི་རྗེས་༧གོང་ས་མཆོག་གིས་ཌེ་སི་མོན་ཊོ་ཊོ་མཆོག་གི་མཛད་རྗེས་ལ་བསྔགས་བརྗོད་གནང་སྟེ། ཁོང་ཉིད་ལ་ལག་སྐྱེས་ཀྱི་ཚུལ་དུ་སངས་རྒྱས་ཀྱི་ཐུགས་མཚོན་པའི་རྣམ་རྒྱལ་མཆོད་རྟེན་རྒྱུ་གསེར་ལས་བཞེངས་ཤིང་། མཐོ་ཚད་ཁྲི་གང་ཡས་མས་ཅན་ཞིག་ཕུལ་སོང་།
སྐབས་དེར་༧གོང་ས་མཆོག་གིས་གསུངས་དོན། “ དེ་རིང་གནམ་གཤིས་ཡག་པོ་དང་ཁོར་ཡུག་མཛེས་སྡུག་ལྡན་པ་ཞིག་གི་འོག འཛམ་གླིང་ནང་སྙན་གྲགས་ཡོད་པ་དང་སྙན་གྲགས་དེའང་གནས་ཚུལ་བྱེ་བྲག་པ་གཅིག་བྱུང་སྟེ། སྙན་གྲགས་ཆགས་པ་མ་ཡིན་པར། ལོ་ནས་ལོ་བསྟུད་དེ་མི་ཚེ་གཅིག་རིང་གཞན་ཕན་གྱི་བྱ་བ་རླབས་ཆེན་མཛད་མཁན་གྱི་མི་ཞིག་འདིར་ཕེབས་ཏེ་དགའ་བསུ་ཞུ་རྒྱུའི་གོ་སྐབས་བྱུང་བ་རེད། ང་ཚོ་ཚང་མ་སེམས་ནས་དགའ་སྤྲོ་སྐྱེ་དགོས་པ་དང་། སྤོབས་པ་སྐྱེ་དགོས་པ་ཞིག་བྱུང་སོང་། ཁྱེད་ཚོ་ཚང་མས་ཁོང་ལ་སྙིང་ཐག་པ་ནས་གུས་བརྩིའི་ཕྱག་བརྡབ་རོགས། ཁོང་མི་རྩ་ཆེན་པོ་ཞིག་ས་ཆ་ཆུང་ཆུང་འདིའི་སྒང་ལ་ཕེབས་འདོད་བྱུང་བ་རེད་ལ། ངས་ཀྱང་ཁོང་གདན་འདྲེན་ཞུས་པ་ཡིན། ལོ་མང་པོའི་རིང་ལུང་པ་འདྲ་མིན་གྱི་ཞི་བདེ་གཟེངས་རྟགས་བཞེས་མཁན་རྣམས་ལྷན་འཛོམས་ཡོང་སྐབས། ང་ཁོང་དང་མཇལ་རྒྱུའི་གོ་སྐབས་མང་པོ་བྱུང་སོང་། ཁོང་གིས་བྱམས་བརྩེ་དང་འབྲེལ་བའི་འཚེ་བ་མེད་པའི་ལྟ་སྤྱོད། དྲང་བདེན། འདྲ་མཉམ་སོགས་ཀྱི་དམིགས་བསལ་ཐུགས་འགན་བཞེས་ཀྱི་ཡོད་ལ། ལྷོ་ཨ་ཧྥི་རི་ཁར་ཆ་བཞག་ན། ནེལ་སིན་མན་ཌེ་ལཱ་དང་ཁོང་གཉིས་ཀྱིས་ཤུགས་བསྐྱོན་ཏེ། ལུང་པའི་ནང་འཚེ་བ་མེད་པའི་ལམ་ལ་བརྟེན་ཏེ། དམངས་གཙོའི་ཐོབ་ཐང་དང་འདྲ་མཉམ། དྲང་བདེན་བཅས་ཀྱི་ཐོག་ལ་བྱས་རྗེས་ཆེན་པོ་བཞག་ཡོད། ལྷག་པར་དུ་གནས་ཚུལ་བྱུང་སྟེ་མིའི་སེམས་ལ་འཁོན་འཛིན་གྱི་བློ་ཡོང་སྐབས། ཁོང་གིས་འཁོན་འཛིན་གྱི་བློ་སེལ་རྒྱུའི་ཐོག་དམིགས་བསལ་ནུས་པ་བཏོན་ཡོད་ ” ཅེས་གསུངས་སོང་།
༧གོང་ས་མཆོག་གིས་མུ་མཐུད་དུ་གསུངས་དོན། “ ཊའུ་ཊའུ་མཆོག་དགུང་ལོ་ ༨༠ སོན་པའི་འཁྲུངས་སྐར་དུས་ཆེན་ཐོག་ང་རང་སྐད་བཏང་བ་རེད་ལ། སྐབས་དེར་ང་ལའང་རེ་བ་ཆེན་པོ་བྱུང་། ཡིན་ནའང་སྐབས་མཚམས་ལ་བཅར་མ་ཐུབ་པ་རེད། བློ་ཕམ་གཅིག་དེ་སྐབས་དེར་བཅར་ཐུབ་པ་ཡིན་ན། ནེལ་སེན་མན་ཌ་ལཱ་མཆོག་ལ་ཐུག་ཐུབ་ན་བསམ་པ་རེད། ད་ལྟ་ཁོང་དགུང་ལོ་ ༩༣ ཙམ་བསླེབས་ཡོད། གང་ལྟར། ད་ཐེངས་ཊའུ་ཊའུ་མཆོག་གིས་སྐུ་ངལ་ལ་མ་འཛེམས་པར་ཆེད་མངགས་ངྷ་རམ་ས་ལར་ཕེབས་པ་རེད། སེམས་ལ་དགའ་སྣང་དང་བཀའ་དྲིན་ཆེ་བསམ་པ་ཞིག་དྲན་སོང་། དེང་ཕྱིན་ངའི་གྲོགས་པོ་ཊའུ་ཊའུ་མཆོག་གིས་ཏཱ་ལའི་བླ་མ་ཟེར་དུས། ངྷ་རམ་ས་ལ་སེམས་སུ་ཤར་ཡོང་གི་རེད། ངྷ་སའི་མེ་ཏོག་དང་སྔོ་ལྗང་ཁོར་ཡུག་དེ་ཁོང་གིས་མཐོང་ཐུབ་ཡོད་པ་མ་རེད། དེ་ཡིན་དུས། ངྷ་ས་ཟེར་དུས་གྲང་ཤུར་ཤུར་འདྲ་བོ་ཞིག་ཏུ་ཚོར་གྱི་རེད། ང་རང་སྒེར་ངོས་ནས་ཊའུ་ཊའུ་མཆོག་ངའི་བློས་ཐུབ་ཀྱི་གྲོགས་པོ་ཡིན་ལ། དེ་རིང་འདིར་ཕེབས་པར་ཧ་ཅང་དགའ་པོ་བྱུང ” ཞེས་གསུངས་བྱུང་།
མཐར་༧གོང་ས་མཆོག་གིས་ཆོས་ལུགས་མཐུན་སྒྲིལ་སྐོར་ལ། “ འཛམ་གླིང་སྟེང་ཡེ་ཤུ་ཆོས་ལུགས་དང་ཁ་ཆེའི་ཆོས་ལུགས་ནང་ཁུལ་དུ་རྙོག་དྲ་འདྲ་མིན་འབྱུང་བཞིན་པའི་སྐབས་འདིར། རྒྱ་གར་གྱི་ལོ་ངོ་སྟོང་ཕྲག་རིང་སྦྱང་ཞིང་གོམས་པའི་ཆོས་ལུགས་མཐུན་སྒྲིལ་དེ་ཧ་ཅང་རྩ་ཆེན་པོ་ཆགས་ཡོད། དེ་རིང་ཡེ་ཤུ་བླ་མ་སྙན་གྲགས་ཡོད་པ་ཞིག་འདིར་ཕེབས་པ་དང་། ཕེབས་བསུའི་ཞུ་མཁན་ཡང་ས་གནས་ཡེ་ཤུ་བླ་མ་ཞིག་ཕེབས་ཏེ་ང་ཚོར་རུབ་རུབ་བྱེད་ཐུབ་པ་འདིས། ལྟ་གྲུབ་མི་འདྲ་བ་ཡོད་ཀྱང་ཆོས་ལུགས་ཚང་མས་གཞན་ལ་ཕན་པའི་སེམས་སྐྱེད་ཀྱི་ཡོད། འཛམ་གླིང་སྟེང་ཤེས་ཡོན་དང་འཕྲོད་བསྟེན་ཐོག་ཡེ་ཤུའི་ཆོས་ལུགས་ཀྱི་ཕན་ཐོགས་ཆེན་པོ་ཡོང་གི་ཡོད། ནང་པར་ཆ་བཞག་ལ་དེ་ཙམ་ཕན་ཐོགས་ཐུབ་ཀྱི་མེད་ལ། ཧིན་རྡུ་དང་ཆོས་ལུགས་གཞན་པ་ཚོའང་དེ་མཚུངས་རེད་ ” ཅེས་གསུངས་སོང་།
ལྷོ་ཨ་ཧྥི་རི་ཀའི་ཡེ་ཤུའི་ཆོས་དཔོན་ནམ་ནོ་སྦེལ་ཞི་བདེ་གཟེངས་རྟཊ་བཞེས་མཁན་ཌེ་སི་མོན་ཊོ་ཊོ་མཆོག་གསུངས་དོན། “ ངས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་བོད་གཞུང་ཡོངས་ལ་སྙིང་ཐག་པ་ནས་འཚམས་འདྲི་ཞུ་རྒྱུ་ཡིན། ང་རང་གིས་བཞུགས་སྒར་ངྷ་རམ་ས་ལར་རང་ལོ་ ༨༠ སོན་པའི་སྐྱེས་སྐར་གཏོང་ཐུབ་འདི་ལ་དགའ་སྤྲོ་ཆེན་པོ་སྐྱེས་སོང་། ན་ནིང་ངའི་སྐྱེས་སྐར་ཉིན་ཏཱ་ལའི་བླ་མ་མཆོག་ལ་གདན་ཞུ་ཕུལ་ཡོད་ཀྱང་། ལྷོ་ཨ་ཧྥི་རི་ཀའི་གཞུང་གིས་ཐོངས་མཆན་མ་སྤྲད་སྟབས། ཁོང་ཉིད་ཕེབས་ཐུབ་ཡོད་པ་མ་རེད། དེ་རིང་འདིར་འབྱོར་ཐུབ་པ་དེ་ཧ་ཅང་དགའ་བོ་བྱུང་། དེ་རིང་གནམ་གཤིས་གྲང་མོ་ཡིན་ནའང་། སྙིང་ནས་བརྩེ་བའི་བོད་རིགས་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་བྱེད་ཀྱི་འདུག ངས་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན། ཚོང་པ་བྷེ་ཨོ་མེ་དང་ཀེན་ལགས་གཉིས་ཀྱིས་ལམ་གྲོན་ཐོག་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ། ཏཱ་ལའི་བླ་མཆོག་ནི་འཛམ་གླིང་ཡོངས་ཀྱི་མི་དམངས་ཀྱིས་བརྩི་བཀུར་དང་དགའ་མོས་བྱེད་སའི་གང་ཟག་ཁྱད་པར་བ་ཞིག་རེད། ང་རང་གི་འདས་པའི་མི་ཚེ་ནང་ངས་ཏླ་ལའི་བླ་མ་ལྟ་བུའི་བྱམས་དང་སྙིང་རྗེ་ཅན་གྱི་གང་ཟག་ཅིག་མཇལ་མྱོང་མེད། གཞན། དེ་རིང་འདིར་ངས་རྒྱ་ནག་གཞུང་ལ་ནན་ཏན་གྱིས་འབོད་སྐུལ་ཞུ་རྒྱུ་ཞིག་ལ། ཏཱ་ལའི་བླ་མཆོག་ནི་འཛམ་གླིང་ཞི་བདེའི་དེད་དཔོན་ཞིག་དང་ཞི་བདེར་དགའ་བའི་གང་ཟག་ཅིག་ཡིན་པ་ལས། ཁོང་ནི་འཇིགས་སྐུལ་དྲག་སྤྱོད་པ་མ་རེད་ལ། ཁ་བྲལ་རིང་ལུགས་པའང་མ་རེད། ཁོང་ལ་དམག་མི་ཡོད་པ་མ་རེད་ལ། མཚོན་ཆའང་ཡོད་པ་མ་རེད། དེའི་སྟབས་ཀྱིས་རྒྱ་ནག་གཞུང་གིས་བོད་མི་ཚོར་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་ཡོད་པའི་ཐོབ་ཐོང་རྣམས་ངེས་པར་དུ་སྤྲོད་དགོས་པ་རེད། འཛམ་གླིང་ནང་གདུག་རྩུབ་དང་མནར་གཅོད་ཀྱིས་མཐའ་མའི་རྒྱལ་ཁབ་འཐོབ་ཀྱི་མེད་པ་གསལ་པོ་རེད། ཉིན་ཞིག་ང་ཚོ་བོད་ལ་མཉམ་དུ་ལོག་ཐུབ་པ་དང་རང་དབང་ལྡན་པའི་བོད་ནང་ལྷན་འཛོམས་ཡོང་བའི་རེ་བ་ཡོད་ ” ཅེས་གསུངས་སོང་།
ཌེ་སི་མོན་ཊོ་ཊོ་མཆོག་ནི་ལྷོ་ཨ་ཧྥི་རི་ཀའི་ཡེ་ཤུའི་ཆོས་དཔོན་དང་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཐོབ་མཁན་ཞིག་ཡིན་པ་མ་ཟད། ༧གོང་ས་མཆོག་གི་བློས་ཐུབ་གྲོགས་པོ་དང་བོད་དོན་རྒྱབ་སྐྱོར་བ་ཞིག་ཀྱང་ཡིན་འདུག
དེ་རིང་ཉིན་གུང་༧གོང་ས་མཆོག་གིས་དུས་དབང་གི་ཉིན་མཐའ་མའི་བཀའ་ཆོས་མཇུག་བསྒྲིལ་གནང་རྗེས། གསུང་ཆོས་ར་བའི་ནང་མཇུག་སྡོམ་གྱི་མཛད་སྒོ་ཞིག་ཚོགས་སོང་ལ། མཛད་སྒོའི་སྐུ་མགྲོན་དུ་བྷེ་ཧར་མངའ་སྡེ་སྤྱི་ཁྱབ་བློན་ཆེན་ནཱེ་ཊེ་ཤཱི ཀོ་མིར་ (NITISH KURMAR) མཆོག་དང་། ཨ་རུ་ཎ་ཅལ་མངའ་སྡེ་སྤྱི་ཁྱབ་བློན་ཆེན་ (NABMTUHI)རྣམ་གཉིས་དང་བྷེ་ཧར་གྲོས་ཚོགས་ཚོགས་གཙོ། ཨ་རུ་ཎ་ཅལ་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་པདྨ་མཁའ་འགྲོ། ས་གནས་རྫོང་དཔོན། དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བཀའ་བློན་ཁྲི་པ་སོགས་ཕེབས་འདུག
མཛད་སྒོ་དེའི་ཐོག་མར་བོད་པའི་ཆོས་ལུགས་ཆོས་བརྒྱུད་རིས་མེད་ཀྱི་བླ་ཆེན་ཐུན་མོང་ཐོག་༧གོང་ས་མཆོག་ལ་བརྟན་བཞུགས་རྒྱས་པ་ཞིག་བསྟན་འབུལ་གནང་རྗེས། བླ་ཆེན་ཚོས་༧གོང་ས་མཆོག་ལ་ཡོངས་རྫོགས་བསྟན་པའི་མངའ་བདག་ཞེས་པའི་ཆེ་བསྟོད་གསེར་གྱི་གཟེངས་རྟགས་ཤིག་འབུལ་གནང་མཛད་སོང་ལ། དེའི་རྗེས་བོད་ཀྱི་གྲོགས་པོ་སྟེ་ཨ་རིའི་གློག་བརྙན་འཁྲབ་པ་སྟོན་པ་གྲགས་ཅན་རཱེ་ཆཱི་ཊི་གྷིར་ལགས་ཀྱིས་མང་ཚོགས་ལ་༧གོང་ས་མཆོག་གི་ཕྱག་དཔེ་ངོ་སྤྲོད་དང་། བྷེ་ཧར་དང་ཨ་རུ་ཎ་ཅལ་བློན་ཆེན་གཉིས་རྣམ་ཀྱིས། ༧གོང་ས་མཆོག་གིས་གསར་དུ་བརྩམས་པའི་༼ ཆོས་དང་མ་འདྲེས་པའི་འཛམ་གླིང་ཧྲིལ་པོའི་ཀུན་སྤྱོད་༽ཅེས་པའི་ཕྱག་དཔེ་ཞིག་དབུ་འབྱེད་བཅས་གནང་སོང་།
༧གོང་ས་མཆོག་གིས་ཕྱག་དཔེ་དེའི་དགོས་དམིགས་སྐོར་གསུངས་དོན། “དེབ་འདིའི་བརྗོད་བྱ་དམིགས་བསལ་བ་དེ། ཆོས་དང་མ་འདྲེས་པར་ལྷན་སྐྱེས་ཐོག་བྱིས་པའི་གནས་སྐབས་ནས་མ་ཡི་བྱམས་བརྩེས་བསྐྱངས་པ་དང་། སོ་སོ་ལ་སྐྱེས་མ་ཐག་ཏུ་མ་ཡི་བྱམས་བརྩེས་བསྐྱངས་པའི་ཚོར་ཤུགས་ཆེན་པོ་ཡོད་པའི་སྐོར་རེད། བཙས་མ་ཐག་པའི་བྱིས་པ་དེས་རང་གི་མ་ངོ་ཤེས་ཀྱི་མེད་ཀྱང་། གཟུགས་པོའི་གྲུབ་ཆའི་ཐོག་འོ་མ་སྤྲོད་མཁན་དེར་བློ་ཆ་ཚང་གཏད་དེ། འོ་མ་སྦྱིན་མཁན་དེའི་པང་དུ་ཉར་སྐབས་སེམས་ལྷོད་ལ་འབབ་ཀྱི་ཡོད། བྱིས་པ་གང་ཞིག་ཐོག་མ་ནས་མ་ཡི་བརྩེ་བ་ཤུགས་ཆེན་པོ་ཡོད་ན། མི་དེའི་མི་ཚེ་ནང་སེམས་ལྷོད་ལྷོད་དང་འཇིགས་སྣང་ཉུང་བ་ཡོད། ཆུང་བྱིས་པའི་སྐབས་ནས་མ་དང་བྲལ་བ་དང་། མས་བདག་པོ་མ་བརྒྱབ་པའི་ཉམས་མྱོང་སོགས་བྱུང་ཡོད་ན། སེམས་ཀྱི་གཏིང་དུ་སུ་གང་ལའང་ཡིད་མ་ཆེས་པ་དང་སེམས་ནང་དངངས་སྐྲག་སླེབ་ཀྱི་ཡོད། ཆོས་མེད་ནའང་བརྩེ་བ་རང་བཞིན་གྱིས་ཡོད་བསྡད་པ་ཞིག་རེད” ཅེས་གསུངས་བྱུང་།
ཨ་རུ་ཎ་ཅལ་མངའ་སྡེ་བློན་ཆེན་མཆོག་གིས་༧གོང་ས་མཆོག་གི་མཛད་རྗེས་ལ་བསྔགས་བརྗོད་དང་། ཁོང་གིས་གནས་མཆོག་རྡོ་རྗེ་གདན་དུ་༧གོང་ས་མཆོག་གི་མདུན་དུ་ཆོས་ཀྱི་བྱིན་རླབས་ཞུ་ཐུབ་པ་སྐལ་བ་བཟང་པོ་བྱུང་ཡོད་སྐོར་བརྗོད་དེ། “སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་བྱམས་དང་བརྩེ་བའི་བསླབ་བྱ་དེས། དཀའ་ངལ་འཕྲད་བཞིན་པའི་ད་ལྟའི་འཛམ་གླིང་འདིར་ཕན་ཐོགས་ཆེན་པོ་འབྱུང་བཞིན་ཡོད་པ་དང་། ཏཱ་ལའི་བླ་མ་མཆོག་གི་བཀའ་སློབ་ཟབ་མོ་དེས་ང་ཚོར་བཟང་ཕྱོགས་ཀྱི་བསམ་བློ་གཏོང་རྒྱུ་དང་འགྱུར་བ་གཏོང་རྒྱུའི་གོ་སྐབས་མང་པོ་ཐོབ་ཀྱི་ཡོད། དུས་དབང་ ༣༢ པ་དེ་ཨ་རུ་ཎ་ཅལ་བློན་ཆེན་འདས་པོ་དམ་པ་དེའི་སྲས་པདྨ་མཁའ་འགྲོ་མཆོག་གིས་གཙོ་འགན་འཁུར་ཡོད་ལ། དུས་དབང་གི་ལས་དོན་ཐོག་བྷེ་ཧར་མངའ་སྡེ་བློན་ཆེན་མཆོག་གིས་དུས་དབང་གོ་སྒྲིག་ཚོགས་ཆུང་ལ་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཨ་རུ་ཎ་ཅལ་ནི་ནང་པ་མང་པའི་མངའ་སྡེ་ཞིག་ཡིན་སྟབས། སྐབས་འདི་དང་བསྟུན་ཏེ་བློན་ཆེན་མཆོག་ལ་ཞུ་རྒྱུ་ཞིག་ལ། ཨ་རུ་ཎ་ཅལ་གྱི་གནས་སྐོར་བ་ཚོར་རྡོར་གདན་དུ་མགྲོན་ཁང་གསར་རྒྱག་གི་ས་ཆ་ཆུང་ཆུང་ཞིག་གནང་རོགས་ཞུ་རྒྱུ་ཡིན། དེ་བཞིན་ང་ཚོས་དེང་ཕྱིན་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཨ་རུ་ཎ་ཅལ་ལ་བསྐྱར་དུ་ཕེབས་པར་གསོལ་འདེབས་ནན་མོ་ཞུ་རྒྱུ་ཡིན་ ” ཞེས་བརྗོད་སོང་།
དེའི་རྗེས་བྷེ་ཧར་མངའ་སྡེ་སྤྱི་ཁྱབ་བློན་མཆོག་གིས་༧གོང་ས་མཆོག་གིས་རྡོར་གདན་དུ་དུས་འཁོར་བཀའ་དབང་བསྩལ་བ་དེའི་ཉེར་ལེན་གྱིས་དད་ལྡན་ཆོས་ཞུ་བ་ཙམ་དུ་མ་ཟད། བྷེ་ཧར་ས་གནས་ཡུལ་མི་ཚོར་ཡང་ཕན་ཐོགས་ཆེན་པོ་བྱུང་ཡོད་སྐོར་བརྗོད་དོན། “སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་རྡོ་རྗེ་གདན་དུ་དུས་དབང་གསུངས་བ་དེ་རླབས་ཆེན་ཞིག་དང་སྐལ་བ་བཟང་པོ་རེད། ས་ཆ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་པའི་གནས་ཡིན་པ་དང་། འདས་པའི་ཉིན་བཅུའི་རིང་ཏཱ་ལའི་བླ་མཆོག་གིས་གནས་འདིར་མི་ཚོགས་ཆེན་པོ་ཞིག་ལ་གསུང་ཆོས་བསྩལ་བ་དེ་ཕན་ཐོགས་ཆེན་པོ་བྱུང་ཡོད། བྷེ་ཧར་མངའ་སྡེར་ཡང་ཕན་ཐོགས་ཆེན་པོ་བྱུང་ཡོད། མངའ་སྡེ་གཞུང་གིས་གདན་ཞུ་ལྟར། ༢༠༡༠ ལོའི་ས་ག་ཟླ་བའི་ཚེས་ ༡༥ ཉིན། ཏཱ་ལའི་བླ་མ་མཆོག་པཱ་ཊི་ཎར་ཕེབས་ཏེ་གསར་བཞེངས་བྱས་པའི་སྟོན་པའི་རྗེས་དྲན་སྐྱེད་མོའི་ཚལ་གྱི་མཆོད་རྟེན་ལ་རབ་གནས་དང་། མཆོད་རྟེན་གྱི་རྟེན་ལ་རིང་བསྲེལ་བསྩལ་བར་བཀའ་དྲིན་ཆེན་པོ་བྱུང་། སྐྱེལ་ཚལ་གྱི་མཆོད་རྟེན་དེ་སྟོན་པའི་རྗེས་དྲན་ཡིན་སྟབས། མ་འོངས་པར་ཏཱ་ལའི་བླ་མཆོག་ཡང་དང་བསྐྱར་དུ་ཆིབས་བསྒྱུར་བསྐྱངས་ཏེ། རྒྱལ་སྤྱིའི་རང་བཞིན་གྱི་ཆོས་ལུགས་ཚོགས་འདུ་སྐོང་ཚོགས་དང་། བྱམས་སྙིང་རྗེ་དང་འཚེ་མེད་ཞི་བའི་བཀའ་སློབ་སོགས་བསྩལ་ཐུབ་ཚེ། ང་ཚོའི་སྤྱི་ཚོགས་ནང་འཁྲིག་རྩོད་ཞི་བ་དང་བྱམས་དང་སྙིང་རྗེའི་གོམས་འདྲིས་བསྟེན་རྒྱུར་ཕན་ཐོགས་ཀྱི་འདུག དུས་དབང་ཐེངས་ ༣༢ པའི་ཆེད་ཨ་རུ་ཎ་ཅལ་བློན་ཆེན་འདས་པོ་དམ་པ་དེས་ང་ལ་ཕྱག་ཡིག་ཅིག་བསྐུར་འདུག་ཀྱང་། ཕྱག་ཡིག་ལག་ཏུ་མ་འབྱོར་གོང་དམ་པ་དེ་སྐུ་གྲོངས་པ་རེད། ཡིན་ནའང་། ཁོང་གི་བུ་པདྨ་མཁའ་འགྲོ་མཆོག་གིས་མཇུག་སྐྱོང་སྟེ་གྲ་སྒྲིག་ཚགས་ཚུད་གནང་བར་རྗེས་སུ་ཡི་རངས་ཡོད། ཁ་སང་དང་དེ་རིང་ཉིན་གཉིས་རིང་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་མདུན་དུ་གསུང་ཆོས་ཞུ་ཐུབ་པ་གོ་སྐབས་བཟང་པོ་བྱུང་། སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ཁོང་ཉིད་དགུང་གྲངས་ ༡༡༣ བཞུགས་རྒྱུའི་ཞལ་བཞེས་ཡོད་པ་ལྟར། ད་དུང་ཡང་འཛམ་གླིང་ཡོངས་ལ་འཚེ་མེད་ཞི་བ་དང་བྱམས་སྙིང་རྗེ་སྤེལ་རྒྱུར་འབོད་སྐུལ་ཞུ་རྒྱུ་ཡིན། དེང་ཕྱིན་ཡང་འདིར་ཕྱོགས་སུ་ཆིབས་བསྒྱུར་ཡང་ཡང་ཕེབས་གནང་བའི་གསོལ་འདེབས་བཅས་ཞུ་རྒྱུ་ཡིན་ ”ཞེས་བརྗོད་བྱུང་།
མཇུག་ཏུ་ཐེངས་འདིའི་དུས་དབང་གི་སྦྱིན་བདག་གཙོ་བོ་ཨ་རུ་ཎ་ཅལ་གྱི་བློན་ཆེན་དམ་པ་དེའི་བུ་པདྨ་མཁའ་འགྲོ་ལགས་ཀྱིས་ཐུགས་རྗེའི་གསུང་བཤད་གནང་སྟེ་དུས་དབང་གི་མཛད་རིམ་ཁག་ཡོངས་སུ་མཇུག་བསྒྲིལ་ཡོད་པ་རེད།
དེ་རིང་ཕྱི་དྲོ་ནས་འཛམ་གླིང་ཕྱོགས་མཐའ་ནས་ཕེབས་པའི་ཆོས་ཞུ་བ་རྣམས་ཚ་ཚ་འུར་འུར་ཕྱིར་ལོག་བྱེད་མགོ་ཚུགས་ཡོད།
གསར་འགོད་པ། དཔལ་ལྡན་གྱིས་གནས་མཆོག་རྡོ་རྗེ་གདན་ན
དེ་རིང་ཉིན་རྒྱབ་༧གོང་ས་མཆོག་གིས་གནས་མཆོག་རྡོ་རྗེ་གདན་མཆོད་རྟེན་ཆེན་མོའི་ཉེ་འདབས་ཀྱི་ཆོས་རའི་ནང་དུས་དབང་ལ་ཕེབས་མཁན་དད་ལྡན་ཆོས་ཞུ་བ་འབུམ་ཚོ་བརྒལ་བར་སློབ་མ་རྗེས་འཛིན་གྱི་ཆོས་འབྲེལ་གནང་སོང་།
དེ་རིང་ཕྱི་ལུགས་ཀྱི་ལོ་སར་ཚེས་གཅིག་གི་ཉིན་རྒྱབ་ཆུ་ཚོད་ ༡ དང་ཕྱེད་ཀའི་སྟེང་༧གོང་ས་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་མཆོད་ཀྱི་ཆེན་མོའི་ཉེ་འདབས་ཀྱི་ཆོས་རྭའི་ནང་། བོད་པའི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པའི་གཙོས་པའི་བོད་ནས་ཕེབས་པའི་ཆོས་ཞུ་བ་ཆིག་ཁྲིར་ཉེ་བ་དང་། རྒྱ་ནག་སྐམ་ས་ནས་ཆོས་ཞུ་བ་ ༡༠༠༠། དེ་བཞིན་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་པའི་མི་རིགས་དང་འཛམ་གླིང་ཕྱོགས་མཐའ་ནས་ཕེབས་པའི་ཆོས་ཞུ་བ་འབུམ་ ༢ བརྒལ་བར་དུས་འཁོར་དབང་ཆེན་གྱི་སྔོན་འགྲོའི་སློབ་མ་རྗེས་འཛིན་གྱི་ཆོས་འབྲེལ་གནང་སོང་།
ཐོག་མར་དགེ་འདུན་པ་ཚོས་པཱ་ལི་དང་ལེགས་སྦྱར། བོད་སྐད་བཅས་སྐད་ཡིག་གསུམ་གྱི་ཐོག་ཤེས་རབ་སྙིང་པོ་ཀློག་འདོན་གནང་རྗེས། ༧གོང་ས་མཆོག་གིས་ཆོས་ཞུ་བ་ཚོར་ཕྱི་ལུགས་ཀྱི་ལོ་སར་ལ་འཚམས་འདྲི་དང་འབྲེལ། དུས་དབང་གི་སློབ་མ་རྗེས་འཛིན་གནང་ཕྱོགས་སྐོར་ངོ་སྤྲོད་དང་། གནས་མཆོག་རྡོ་རྗེ་གདན་ནི་རྒྱལ་བ་རང་ཉིད་སངས་རྒྱས་པའི་གནས་ཡིན་པ་དང་། གནས་འདིར་འཕགས་ཡུལ་གྱི་ཀླུ་སྒྲུབ་ཡབ་སྲས་དང་ཐོགས་མེད་སྐུ་མཆེད། བོད་ཀྱི་ལོ་པན་མང་པོ་ཞིག་གིས་ཞབས་ཀྱིས་བཅག་ཅིང་བྱིན་གྱིས་རླབས་ཡོད་སྐོར་གསུངས་བྱུང་།
༧གོང་ས་མཆོག་གིས་དུས་རབས་ཉི་ཤུའི་དུས་མཇུག་ནས་འཛམ་གླིང་སྟེང་ནང་ཆོས་ལ་དོ་སྣང་ཆེ་རུ་ཕྱིན་ཡོད་སྐོར་གསུངས་ཏེ། དེོ་སྔ་ཚང་མས་དངོས་པོ་ཡར་རྒྱས་ཁོ་ནར་བསམ་བློ་གཏོང་གི་ཡོད་ཀྱང་། དུས་རབས་ཉི་ཤུའི་སྨད་ཙམ་ནས་ཕྱིའི་དངོས་པོ་ཡར་རྒྱས་ཁོ་ནས་སེམས་ཀྱི་བདེ་སྐྱིད་མི་ཡོང་བ་ཤེས་ཏེ། སེམས་ཀྱི་རྣམ་གཞག་ཐོག་དོ་སྣང་གསར་པ་བསླེབས་ཡོད་པ་དང་། ད་ལྟ་སེམས་ཀྱི་རྣམ་གཞག་ཐོག་ཚན་རིག་པ་ཚོས་ཀྱང་དོ་སྣང་ཆེན་པོ་བྱས་ཏེ་ཉམས་ཞིབ་གནང་མགོ་བཙུགས་ཡོད་སྐོར་དང་། སེམས་ཀྱི་རྣམ་གཞག་ཐོག་གནའ་རབས་རྒྱ་གར་ཀྱི་ཆོས་རྒྱུད་དེ་ཞིབ་ཚགས་ཤོས་ཡིན་ཚུལ་བཅས་གསུངས་སོང་།
བོད་དང་རྒྱ་ནག་ནས་ཕེབས་པའི་ཆོས་ཞུ་བ་ཚོར་བཀའ་སློབ་བསྩལ་དོན། “དེ་རིང་བོད་ནས་ཆེད་དུ་མི་མང་པོ་ཞིག་ཕེབས་ཡོད་པ་རེད། ང་ཚོ་ཡང་ཡང་ཐུག་སྟེ་ཆོས་འབྲེལ་བྱ་རྒྱུའི་གོ་སྐབས་ཡོད་པ་མ་རེད། བོད་ནང་སངས་རྒྱས་པའི་ཆོས་ལབ་དུས་རྒྱ་ནག་མགོ་ཁྲིད་བསམ་བློ་གུ་དོག་པོ་དེ་ཚོས། བོད་ཀྱི་ཆོས་དང་སྐད་ཡིག་ལ་དོགས་མ་བདེ་བར་དམ་དྲག་བྱེད་ཀྱི་ཡོད་ལ། དེའི་ཐོག་ནས་ཁྱེད་ཚོར་སངས་རྒྱས་ཆོས་ཉན་རྒྱུ་དང་སློབ་སྦྱོང་བྱ་རྒྱུར་འགལ་རྐྱེན་མང་པོ་འཕྲད་ཀྱི་ཡོད། ད་ཐེངས་ཁྱེད་ཚོ་དཀའ་ངལ་ཁྱད་དུ་བསད་དེ་ངལ་བ་དང་དུ་བླངས་ཏེ་འདིར་ཡོང་བ་ཡིན་སྟབས། ཁྱེད་ཚོ་དུས་འཁོར་དབང་ཆེན་གྱི་གདུལ་བྱ་གཙོ་བོ་ཡིན། དེ་བཞིན། འཛམ་གླིང་འདིའི་སྟེང་གི་རྒྱ་རིགས་ཚོ་ཕ་མེས་ནས་ནང་པའི་ཆོས་དང་འབྲེལ་ཆེན་པོ་ཡོད་ལ། གཞི་རྩའི་ཆ་ནས་རྒྱ་ནག་རྒྱལ་ཁབ་ནི་ནང་པའི་རྒྱལ་ཁབ་ཅིག་རེད། དེ་རིང་འདིར་རྒྱ་ནག་སྐམ་ས་ཆེན་མོ་གཙོས་ཐེ་ཝན་དང་། སིན་གྷ་ཕོར། མཱ་ལེ་ཤི་ཡ་བཅས་ནས་རྒྱ་རིགས་གང་འཚམ་འབྱོར་ཡོད་ལ། ཁྱེད་ཚོར་དཀའ་ངལ་འཕྲད་མིན་ལ་ལྟོས་པར་ཆོས་དོན་དུ་གཉེར་ནས་ཡོང་བ་ཡིན་སྟབས། ཁྱེད་ཚོ་ཡང་གདུལ་བྱ་གཙོ་ཞིག་ཆགས་ཡོད ”ཅེས་གསུངས།
ཁོང་གིས་མུ་མཐུད་དུ་གསུངས་རྒྱུར། “ནང་པའི་ཆོས་དེ་སེམས་ལ་བཟོ་བཅོས་རྒྱག་དགོས་པ་ཞིག་ལས་སྨོན་ལམ་རྒྱག་རྒྱུ་ཙམ་མིན་པ་དང་། ང་ཚོས་སངས་རྒྱས་ལ་སྐྱབས་སུ་མཆི་ཟེར་གྱི་ཡོད་ཀྱང་གཙོ་བོ་ཆོས་ལ་སྐྱབས་སུ་འགྲོ་དགོས། ཆོས་ལ་སྐྱབས་སུ་མཆིའོ་ཟེར་ན། སོ་སོའི་སེམས་ལ་འགྱུར་བ་བཏང་སྟེ། བདེན་པ་མངོན་སུམ་དུ་མཐོང་བའི་བློ་ཞིག་སྐྱེས་ན། བདེན་པར་ཕྱིན་ཅི་ལོག་པའི་བློ་དེ་རང་བཞིན་གྱིེས་མེད་པ་ཆགས་འགྲོ་ཡི་ཡོད། དེར་ཆོས་དཀོན་མཆོག་ཟེར་གྱི་ཡོད། བཅོམ་ལྡན་འདས་སྐྱབས་སྟོན་པ་པོ་རེད་མ་གཏོགས་སྐྱབས་དངོས་མ་རེད། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི་ཟེར་ན་འབྱུང་འགྱུར་རང་རྒྱུད་ལ་བདེན་པ་མངོན་སུམ་དུ་མཐོང་བའི་བློ་དེ་དང་། སྤང་བྱ་སྤངས་པའི་བྲལ་བའི་ཡོན་ཏན་དེ་རང་རྒྱུད་ལ་སྐྱེས་ན། འཇིགས་པ་ལས་སྐྱོབ་རྒྱུའི་མགོ་དང་པོ་ཚུགས་པ་རེད། སྐྱབས་འགྲོ་བྱེད་སྐབས་ཆོས་དཀོན་མཆོག་ངོ་ཤེས་ཏེ་སྐྱབས་སུ་འགྲོ་དགོས་པ་ལས། སོ་སོ་འགུལ་སྐྱོད་གང་ཡང་མ་བརྒྱབ་པར་སངས་རྒྱས་མཁྱེན་ལབ་བསྡད་ན་འགྲིག་གི་ཡོད་པ་མ་རེད་”ཅེས་གསུངས།
༧གོང་ས་མཆོག་གིས་ལམ་སྟོན་གནང་བ་ལྟར་སང་ཉིན་དང་གནང་ཉིན་ཉིན་གཉིས་རིང་སྡེ་ཚན་ཁག་དགོས་ཀྱིས་མཁན་པོ་དགེ་བཤེས་ཁག་ཅིག་གིས། བོད་ནས་ཕེབས་པའི་ཆོས་ཞུ་བ་དང་། རྒྱ་རིགས་དང་ཕྱི་རྒྱལ་ཆོས་ཞུ་བ་ཚོར་ནང་ཆོས་ངོ་སྤྲོད་གནང་རྒྱུ་དང་། ཁམས་དང་ཨ་མདོ་ནས་ཕེབས་མཁན་ཚོར་ཡུལ་སྐད་ཐོག་ངོ་སྤྲོད་གནང་རྒྱུ་ཡིན་འདུག ཕྱི་ཚེས་ ༤ ནས་ ༦ ཉིན་བར་གྱི་ཉིན་རྒྱབ་ཆུ་ཚོད་ ༡ ནས་ ༣ བར་སྔོན་འགྲོའི་བཀའ་ཆོས་གསུང་རྒྱུ་དང་། ཚེས་ ༧ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༡ ནས་ ༢།༣༠ བར་དུས་འཁོར་དཀྱིལ་འཁོར་རྒྱན་ཅིང་མཆོད་གར་གནང་རྒྱུ། ཚེས་༨ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༡ ནས་ ༤།༣༠ བར་དུས་འཁོར་སྔོན་འགྲོའི་སྟ་གོན། ཚེས་ ༩ ཉིན་ཉིན་རྒྱབ་ཆུ་ཚོད་ ༡ ནས་ ༥ བར་དུས་དབང་དངོས་གཞིའི་ཉིན་དང་པོ། ཚེས་ ༡༠ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༦ ནས་ ༩ བར་དུས་དབང་དངོས་གཞི་ཉིན་གཉིས་པ། ཆུ་ཚོད་ ༩ ནས་ ༡༠ བར་མང་ཚོགས་ལ་སྒྲོལ་དཀར་གྱི་ཚེ་དབང་། ཆུ་ཚོད་ ༡༠ ནས་ ༡༡།༣༠ བར་བོད་ཀྱི་རིས་མེད་བླ་ཆེན་ཚོས་༧གོང་ས་མཆོག་ལ་བརྟན་བཞུགས་འབུལ་རྒྱུ། ཉིན་རྒྱབ་ཆུ་ཚོད་ ༢ ནས་ ༤ བར་ཆོས་ལུགས་རིས་མེད་ཀྱིས་༧གོང་ས་མཆོག་ལ་གཟེངས་རྟགས་བཅས་འབུལ་རྒྱུ་ཡིན་འདུག
ཐེངས་འདིའི་༧གོང་ས་མཆོག་གིས་གསུང་ཆོས་དེ་དབྱིན་སྐད་དང་རྒྱ་སྐད། ཨུ་རུ་སུ། ཝེ་ནམ་མིན་སོགས་སྐད་ཡིག་མི་འདྲ་བ་དྲུག་ཏུ་བསྒྱུར་ཏེ། རྒྱལ་བ་རིན་པོ་སྐུ་སྒེར་དྲ་ཚིགས་ (dalailama.com )ཐོག་ཐད་གཏོང་རྒྱུ་ཡིན་འདུག
དེ་རིང་ཚེས་༣༡་ཉིན་གུང་ཆུ་ཚོད་ ༡།༣༠ སྟེང་དད་ལྡན་ཆོས་ཞུ་བ་འབུམ་ཕྲག་ལྷག་གི་ཕེབས་བསུའི་དབུས་སུ་༧གོང་ས་མཆོག་རྡོ་རྗེ་གདན་དུ་ཞབས་སོར་བཀོད་མ་ཐག རྡོར་གདན་མཆོད་རྟེན་ཆེན་མོའི་ནང་མཇལ་སྐོར་དང་སྨོན་ལམ་གསུངས་ཡོད་པ་དང་། རྒྱ་གར་དང་ཕྱི་རྒྱལ་ཁག་ནས་ཕེབས་པའི་གསར་འགོད་པ་ ༥༠ ཙམ་ལ་ཐེངས་འདིའི་ཆིབས་བསྒྱུར་སྐོར་བཀའ་བསྩལ་དོན། “ང་རང་འཛམ་གླིང་འདིར་མི་དུང་ཕྱུར་ ༧༠ ཡོད་པའི་ནང་གི་གཅིག་ཡིན། མི་ཚང་མར་སྐྱོ་བོ་ནས་ཡར་རྒྱས་འགྲོ་རྒྱུའི་ཐོབ་ཐང་ཡོད་ལ། ཚང་མར་མི་ཚེ་བྱ་བ་ལམ་འགྲོ་དང་བདེ་སྐྱིད་མྱོང་རྒྱུའི་ཐོབ་ཐང་ཡོད། དངོས་པོ་ཡར་རྒྱས་འགྲོ་རྒྱུར་སྨོན་ལམ་བརྒྱབ་སྟེ་ཡོང་ཐབས་མེད་པར་ལག་ལེན་ཐོག་ཡོང་དགོས་པ་ཞིག་ཡིན། རྒྱ་གར་གྱི་ལོ་ངོ་སྟོང་ཕྲག་རིང་གི་འཚེ་མེད་ཞི་བ་དང་ཆོས་ལུགས་མཐུན་སྒྲིལ་གཉིས་ནི། ད་ལྟའི་འཛམ་གླིང་འདིར་ཐུན་མོང་མ་ཡིན་པ་ཞིག་ཆགས་ཡོད། བཅོམ་ལྡན་འདས་ཀྱི་གསུང་ཡོད་ཚད་གནས་འདི་བརྒྱུད་དེ་འཛམ་གླིང་དུ་ཁྱབ་བརྡལ་ཕྱིན་པ་རེད། ད་ཆར་རྒྱ་གར་གྱིས་འཚེ་བ་མེད་པ་དང་ཆོས་ལུགས་མཐུན་སྒྲིལ་གྱི་ཐོག་ཞི་བདེའི་འཛམ་གླིང་བསྐྲུན་རྒྱུར་དམིགས་བསལ་ནུས་པ་འདོན་དགོས་པ་རེད་ཅེས”གསུངས་བྱུང་།
ཡང་༧གོང་ས་མཆོག་གིས་མུ་མཐུད་དུ་ “ང་རང་གིས་བཅོམ་ལྡན་འདས་ནི་བསམ་བློ་སྨྲ་བ་ཞིག་དང་གནའ་རབས་རྒྱ་གར་གྱི་ཚན་རིག་པ་ཞིག་ལ་ངོས་འཛིན་གནང་གི་ཡོད། སྟོན་པས་དགེ་སློང་དག་གམ་མཁས་རྣམས་ཀྱིས། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། ལེགས་པར་བརྟག་ལ་ང་ཡི་བཀའ། བླང་བར་བྱ་བ་གུས་ཕྱིར་མིན་ཞེས་གསུངས་པ་དེ་ཚན་རིག་དང་མཐུན་པ་ཞིག་རེད། ངོས་རང་སྟོན་པའི་རྗེས་མཇུག་པ་ཞིག་ཡིན་པའི་ཆ་ནས། དུས་རྟག་དུ་སྟོན་པའི་བྱམས་དང་སྙིང་རྗེའི་སྐོར་བརྡ་ལན་སྐྱེལ་གྱི་ཡོད། ལྷག་པར་དུ་སྟོན་པའི་རྟེན་འབྱུང་ལྟ་བ་དེ་ཆོས་ལུགས་གཞན་སུས་ཀྱང་བཤད་ཀྱི་མེད་སྟབས། ལྟ་གྲུབ་དེ་ནང་པའི་དམིགས་བསལ་ཁྱད་ཆོས་ཆགས་ཡོད། ལྟ་གྲུབ་དེ་དེང་དུས་ཚན་རིག་གིས་བརྗོད་བཞིན་པའི་རྡུལ་ཕྲ་རབ་ཀྱི་རྣམ་གཞག་དང་། དངོས་ཡོད་སྤྱི་ཚོགས་དང་མཐུན་པ་ཞིག་རེད། རྟེན་འབྱུང་ལྟ་གྲུབ་ཐོག་མར་བཅོམ་ལྡན་འདས་ཀྱིས་གསུངས་ཡོད་ཀྱང་། ལག་ལེན་དེ་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་དཔལ་འབྱོར་དང་། རྒྱལ་སྤྱིའི་འབྲེལ་ལམ། ས་ཁམས། སྐྱེས་ཁམས། དཔལ་འབྱོར་སོགས་ཕྱོགས་གང་ཐད་ལ་བེད་སྤྱོད་བཏང་ཆོག་གི་ཡོད ” ཅེས་གསུངས།
གསར་འགོད་པས་བོད་ཀྱི་གནད་དོན་ཐོག་བཀའ་འདྲི་ཞུས་སྐབས། ད་ལྟ་ང་ཚོ་དཀའ་ངལ་གྱི་གནས་སུ་ལྷུང་ཡོད་ཀྱང་། ང་ཚོར་བདེན་པ་ཡོད་པ་རེད། མཚམས་རེར་ངས་ང་ཚོའི་འཐབ་རྩོད་ནི་མེ་མདའི་ནུས་པ་དང་བདེན་པའི་ནུས་པ་པ་བར་གྱི་འཐབ་རྩོད་ཅིག་རེད་བརྗོད་ཀྱི་ཡོད། ཕུགས་རྒྱང་རིང་པོའི་ཆ་ནས་བསམ་བློ་བཏང་ན། མེ་མདའ་ལས་བདེན་པའི་ནུས་པ་དེ་ཤུགས་ཆེ་བ་ཡོད་སྐོར་སོགས་གསུངས་བྱུང་།
དེ་རིང་༧གོང་ས་མཆོག་རྡོར་གདན་མཆོད་རྟེན་ཆེན་མོར་མཆོད་མཇལ་དུ་ཕེབས་སྐབས། ལམ་འགྲམ་དུ་མང་ཚོགས་ཁྲི་ཕྲག་མང་པོ་རུབ་རྒྱག་བྱས་ཏེ། ༧གོང་ས་མཆོག་གི་ཕྱག་གཡས་མའི་མཛུབ་ཆུང་སྟེང་རྨ་ཆུང་ཆུང་ཞིག་བཟོས་ཡོད་ཚུལ་གྲགས་སྟབས། གསར་འགོད་པས་བདེ་སྲུང་དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལགས་སུ་བཀའ་འདྲི་ཞུས་པར། ༧གོང་ས་མཆོག་གིས་ཕེབས་ལམ་དུ་མང་ཚོགས་ལ་ཕྱག་འཇུ་གནང་སྐབས་མང་ཚོགས་རུབ་བརྒྱབ་སྟེ། ཁོང་གི་ལག་པར་རྨ་བཟོས་པ་རེད། ཡིན་ནའང་རྨ་བཟོ་སྟངས་གསལ་པོ་ཤེས་རྟོགས་བྱུང་མ་སོང་། རྩ་བའི་དུས་དབང་སྐབས་ས་གནས་ཉེན་རྟོག་པ་དང་བདེ་སྲུང་ལས་ཁུངས་ཀྱི་ལས་བྱེད་ཐུན་མོང་ཐོག་འབད་བརྩོན་གནང་བཞིན་ཡོད། ༧གོང་ས་མཆོག་གི་སྐུ་ཕྱཱའི་ཐོག་རྒྱ་གར་གཞུང་གི་ཚད་གཞི་བཟོས་ཡོད་པ་ལྟར། ང་ཚོ་ཚད་གཞི་དེའི་ཐོག་འགྲོ་བཞིན་ཡོད་སྟབས་དམིགས་བསལ་དཀའ་ངལ་འཕྲད་ཀྱི་མ་རེད། ད་ལོར་བོད་ནས་ཆོས་ཞུ་བ་མང་པོ་ཕེབས་པའི་སྐབས་དང་བསྟུན་ཏེ། རྒྱ་གཞུང་གི་གསང་ཉུལ་བ་གང་འཚམ་བཏང་ཡོད་པ་རེད། དེ་ཡིན་དུས་བོད་ནས་ཕེབས་མཁན་ཁྲོད་རྒྱ་མིའི་གསང་ཉུང་བ་ཡིན་པར་དོགས་པ་བྱུང་ན་དུས་ཐོག་བདེ་སྲུང་ལས་ཁུངས་ལ་བརྡ་ལན་གནང་རོགས” ཞེས་བརྗོད་བྱུང་།
དེ་རིང་ཕྱི་དྲོ་༧གོང་ས་མཆོག་གིས་ཕྱོགས་མཐའ་ནས་ཕེབས་པའི་སྐུ་མགྲོན་ཁག་ཅིག་ལ་མཇལ་འཕྲད་གནང་ཡོད་ལ། སང་ཉིན་ཆུ་ཚོད་ ཕྱི་ཚེས་ ༡ དང་སྐར་མ་ ༣༠ ནས་གསུང་ཆོས་ར་བར་དཔལ་དུས་ཀྱི་འཁོར་ལོའི་སྔོན་འགྲོའི་སློབ་མ་རྗེས་འཛིན་གྱི་ཆོས་འབྲེལ་གནང་རྒྱུ་རེད།
ཁ་སང་༸གོང་ས་མཆོག་གིས་ཨུ་རུ་སི་སྤྱི་མཐུན་རྒྱལ་ཁབ་ཐུ་བ་མངའ་སྡེའི་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ཆེན་མོའི་མཁས་དབང་གི་ཕྱག་འཁྱེར་འབུལ་བཞེས་གནང་བ་མ་ཟད། ཨུ་རུ་སི་དད་ལྡན་པ་རྣམས་ལ་ལམ་སྟོན་བཀའ་སློབ་གནང་ཡོད།
ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་ནས་བཟུང་༸གོང་ས་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ཨུ་རུ་སི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐུ་བ་དང་བྷུ་རུ་ཡཱ་ཐུ ཁལ་མིག་བཅས་ཀྱི་ནང་པའི་ཆོས་ཞུ་བ་རྣམས་ལ་བཀའ་ཁྲིད་གནང་བཞིན་པ་ལྟར། ཁ་སང་ཕྱི་ཚེས་ ༢༡ ཉིན་གྱི་གསུང་ཆོས་མཇུག་བསྡུའི་ཉིན་མཐའ་མར་༸གོང་ས་མཆོག་གིས་ཨུ་རུ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐུ་བ་མངའ་སྡེའི་མཐོ་སློབ་ (Tuva State University) ཀྱིས་ཁོང་གི་སྐུ་ཚེ་ཧྲིལ་པོར་ཚན་རིག་དང་འགྲོ་བ་མིའི་ཡ་རབས་བཟང་སྤྱོད། ཆོས་ལུགས་མཐུན་སྒྲིལ།རང་དབང་། ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ཐོག་རླབས་ཆེན་གྱི་མཛད་འཕྲིན་བཅས་ལ་གཞིགས་ཏེ་གཙུག་ལག་སློབ་གྲྭ་ཆེན་མོའི་མཁས་དབང་གི་ཕྱག་འཁྱེར་ ( Professor Emeritus)འབུལ་བཞེས་གནང་བ་དང་། ཁལ་མུག་ནང་བསྟན་གཙོ་འཛིན་ཏེ་ལོ་རིན་པོ་ཆེ་མཆོག་གིས་ཨུ་རུ་སུ་ནང་པ་ཡོངས་ཀྱི་ཚབ་བྱས་ཏེ། ཐོག་མའི་འཆར་གཞི་ལྟར་ཨུ་རུ་སུ་ནང་པའི་དད་ལྡན་པ་རྣམས་ཀྱིས་༸གོང་ས་མཆོག་ལ་ལོ་གསུམ་རིང་ལ་བཀའ་དབང་ཞུ་རྒྱུའི་ལས་རིམ་དེ་རིང་ཡོངས་སུ་མཇུག་སྒྲིལ་ཡང་། འདས་པའི་ལོ་གཉིས་རིང་གི་ཆོས་ཞུ་བའི་གྲངས་འབོར་དང་སྤྱི་ཚོགས་ཁྲོད་ཀྱི་ཕན་ནུས་བཅས་ལ་བརྟེན་ནས་མ་འོངས་པར་མུ་མཐུད་བཀའ་ཆོས་བསྩལ་གནང་ཡོང་བའི་གསོལ་འདེབས་ལ་༸གོང་ས་མཆོག་གིས་ཞལ་བཞེས་གནང་ཡོད།
བཀའ་དབང་མཇུག་སྒྲིལ་རྗེས་༸གོང་ས་མཆོག་གིས། ཐེངས་འདིར་ཆེད་དུ་ཕེབས་པའི་ཨུ་རུ་སུའི་ཆོས་ཞུ་བ་ ༡༦༠༠ ལྷག་ལ་དམིགས་བསལ་བཀའ་སློབ་གནང་དོན། “ སྔོན་མ་ང་རང་ཐུ་བ་ལ་ཐེངས་གཅིག་བསླེབས་པ་རེད། སྐབས་དེར་ཐུ་བའི་ནང་འགྱུར་བ་ཕྱིན་འཕྲལ་ཡིན་སྟབས། དངོས་གནས་སྔ་མོའི་བོད་དང་དམིགས་བསལ་གྱི་འབྲེལ་བ་ཡོད་པའི་བག་ཆགས་ཀྱི་ཤུལ་དང་། དད་པ་དམ་ཚིག་གི་འབྲེལ་བ་དམིགས་བསལ་བ་ཡོད་པ་ཧ་ཅང་གསལ་པོ་རེད། སྐབས་དེའི་སྲིད་འཛིན་ཡང་ཧ་ཅང་ཡག་པོ་ཡོད། ཕྱིས་སུ་ངོས་རང་ཨུ་རུ་སིའི་ས་ཁོངས་སུ་འགྲོ་རྒྱུ་མ་བྱུང་བ་རེད། རིན་པོ་ཆེས་བཤད་པ་ལྟར་ཆབ་སྲིད་ཀྱི་གནས་སྟངས་འོག་འགྲོ་ཐུབ་མེད་ཀྱང་། ཐུ་བ་ས་ཁུལ་གཙོས། ཁལ་མུག་དང་བྷུ་རུ་ཡ་ཐུ་ནས་འདིར་དད་པ་རྒྱུན་མ་ཆད་པར་ཡོང་སྟེ། ལོ་ཤས་རིང་ལ་ཆོས་འབྲེལ་བྱ་རྒྱུ་བྱུང་ཡོད། དེ་རིང་ཐུ་བ་གཙུག་ལག་སློབ་གྲྭ་ཆེན་མོའི་ངོས་ལ་མཁས་པའི་བྱ་དགའ་ཞིག་གོ་སྒྲིག་གནང་བ་རེད། ཐུགས་རྗེ་ཆེ་ཞུ་གི་ཡིན། རིན་པོ་ཆེས་གསུངས་པ་བཞིན། འདས་པའི་ལོ་ཤས་ཀྱི་ཉམས་མྱོང་ལ་གཞིགས་ན་སངས་རྒྱས་པའི་ཆོས་ལ་དག་སྣང་བྱེད་རྒྱུ་ཆེ་རུ་འགྲོ་བཞིན་ཡོད་པ་ཧ་ཅང་གསལ་པོ་རེད། ས་ཐག་རིང་པོ་ནས་འདིར་ཡོང་རྒྱུ་ལས་སླ་བོ་མ་རེད། ཕྱོགས་གཅིག་ནས་ས་ཐག་རིང་པོ་དང་གཉིས་ནས་ལམ་གྲོན་སོགས་ཀྱི་དཀའ་ངལ་ལ་གདོང་ལེན་བྱས་ཏེ་ཡོང་གི་ཡོད་པ་རེད། གང་ལྟར། ངོས་རང་བཅོམ་ལྡན་འདས་ཀྱི་རྗེས་འབྲང་དགེ་སློང་ཞིག་དང་། བྱང་ཆུབ་སེམས་ལ་མོས་པ་རྩེ་གཅིག་ཡོད་མཁན་ཞིག་གི་ངོས་ནས་གཞན་ལ་ཕན་པ་བྱུང་ན་སྲོག་འཚོ་བའི་དགོས་དོན་ཚང་བ་རེད། ངོས་ནམ་རྒྱུན་རང་གི་ལུས་ངག་ཡིད་གསུམ་གཞན་ལ་བདེ་བའི་རྐྱེན་དུ་འགྱུར་བ་ཞིག་ཡོང་བར་ཤོག་ཅེས་སྨོན་ལམ་རྒྱག་གི་ཡོད། ཁྱེད་ཚོས་དཀའ་ངལ་ཁྱད་དུ་གསད་དེ་ཡོང་བ་ལ་ཕན་པ་བསྒྲུབ་རྒྱུ་དང་། ལྷག་པར་དུ་ཐེག་པ་ཆེན་པོའི་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོང་བྱེད་མཁན་ཞིག་གི་ངོས་ནས་ངའི་ལས་འགན་ཆགས་ཡོད་སྟབས། དགའ་བཞིན་སྤྲོ་བཞིན་ཆོས་འབྲེལ་བྱ་རྒྱུའི་ཁས་ལེན་གཙང་མ་ཡོད། ” ཅེས་གསུངས་ཡོད།
ཁ་སང་ཕྱི་ཚེས་ ༢༡ ཉིན་༸གོང་ས་མཆོག་གིས་ཨུ་རུ་སུ་དད་ལྡན་པ་དང་བོད་ནས་ཡོང་བའི་ཆོས་ཞུ་བ། དེ་བཞིན་བཞུགས་སྒར་ཉེ་འཁྲིས་ཀྱི་སེར་སྐྱ་མང་ཚོགས་བཅས་ལ་ཉིན་གྲངས་གསུམ་རིང་བཀའ་ཆོས་ཡོངས་སུ་མཇུག་སྒྲིལ་ཡོད་ལ། ཟླ་འདིའི་ཕྱི་ཚེས་ ༣༡ ནས་ཕྱི་ཟླ་ ༡ ཚེས་ ༡༠ གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༢ པ་བསྩལ་རྒྱུ་ཡིན་འདུ
གཞེན་སྐུལ་ཕྱག་ཡིག
ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༡༢ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཡུ་རོབ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཏུ་ མཛད་འཕྲིན་རྒྱ་ཆེ་བསྐྱངས་སྐབས་དང་བསྟུན།
མགོན་པོ་གང་ཉིད་མཆོག་གིས་སྦེལ་ཇམ་རྒྱལ་ས་བྷར་སིལ་དུ་རྟེན་གཞི་བྱས་པའི་ཡུ་ རོབ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་ལས་དོན་ཚན་པའི་འགན་འཛིན་ལྕམ་ཀེ་ཐེ་ར་ཡིན་ཨ་ཤི་ཊོན་(Catherine Ashton)མཆོག་ལ་འབོད་སྐུལ་མཛད་པའི་ཕྱག་བྲིས་ཤིག་སྩལ་འདུག་ལ།
ཕྱག་བྲིས་དེའི་ནང་”བོད་ནང་གི་གནས་སྟངས་ཧ་ཅང་ཛ་དྲག་པོ་ཞིག་ཆགས་ཡོད་པར་བརྟེན། རྒྱལ་སྤྱིའི་སྒྲིག་འཛུགས་ཀྱིས་དངོས་ཡོད་གནས་སྟངས་རྟོག་ཞིབ་ཆེད་བོད་ནང་སྐུ་ཚབ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད།
དེ་ལྟར་བྱེད་ཐུབ་ཚེ་རྒྱ་ནག་གཞུང་གི་དཔོན་རིགས་ཚོས་ཕྲན་བུ་འཛེམས་ཟོན་བྱ་རྒྱུར་ཕན་ངེས་ཡིན།
གལ་ཏེ་རྒྱ་ནག་གཞུང་ཕྱོགས་ནས་འབོད་སྐུལ་དེར་དང་ལེན་མ་བྱས་ཚེ་ཡུ་རོབ་སྤྱི་མཐུན་ཚོགས་པས་སེམས་འཚབ་ཆེན་པོའི་ཐོག་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་སོགས་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་གླེང་སྟེགས་
ཐོག་གླེང་སློང་བྱས་ཆོག རྒྱ་གཞུང་ལ་སྟོབས་ཤུགས་ལྡན་ཡང་གོ་ལའི་ཆ་ཤས་ཤིག་ཡིན་སྟབས་དེང་སྐབས་འཛམ་གླིང་རྒྱ་ཁྱབ་ཏུ་དར་འཕེལ་འགྲོ་བཞིན་པའི་མང་གཙོ་དང་རང་དབང་གི་ལམ་བུ་དེ་ནས་གཡོལ་ཐབས་མེད།
རྒྱ་ནག་གིས་འཛམ་གླིང་ནང་འགོ་ཁྲིད་ཐུབ་པའི་བསམ་བློ་དེ་དོན་འཁྱོལ་ཡོང་བར་རྒྱལ་སྤྱིའི་མདུན་དུ་མཐོང་སྣང་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་”ཅེས་འཁོད་ཡོད།
འོན་ཀྱང་དེ་ཉིན་ཀྲུའུ་ཝེ་ཆོན་(Zhu Weiqun)སྦེལ་ཇམ་གྱི་རྒྱལ་ས་བྷར་སེལ་དུ་ཡོད་པར་བརྟེན་གསར་འགོད་པ་ཚོར་རྒྱ་ནག་དེ་བཞིན་མངའ་དབང་ལྡན་པའི་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ཡིན་པར་བརྟེན།
དཀའ་ངལ་རྣམས་རྒྱལ་ནང་དུ་སེལ་རྒྱུའི་ནུས་པ་ཆ་ཚང་ཡོད། གནས་སྟངས་ཇི་འདྲ་ཞིག་གི་འོག་ཏུའང་རྒྱལ་ནང་གི་གནས་སྟངས་ལ་ཕྱི་ནས་ཐེ་བྱུས་
བྱེད་རྒྱུར་ངོས་ལེན་རྩ་བ་ནས་མེད་པར་བརྟེན་བོད་རང་སྐྱོང་ལྗོངས་སུ་ཞིབ་འཇུག་ཚོགས་ཆུང་གཏོང་རྒྱུ་ཟེར་བ་དེ་བས་ངོས་ལེན་བྱེད་ཐབས་རྩ་བ་ནས་མེད།
བོད་རང་སྐྱོང་ལྗོངས་ནང་གི་གནས་སྟངས་ལ་ཕྱི་ནས་ཐེ་བྱུས་བྱས་ཚེ་བཟང་ཕྱོགས་ཀྱི་གྲུབ་འབྲས་གང་ཡང་ཐོན་རྒྱུ་མེད་ཁར་དཀའ་ངལ་ད་དུང་ཆེ་རུ་འགྲོ་རྒྱུ་མ་ཟད།
མཐར་དམག་འཁྲུག་ཀྱང་ཤོར་སྲིད་པའི་ཉེན་བརྡ་ཡང་བཏང་འདུག
དེ་བཞིན་ཉེ་ལམ་ཡུ་རོབ་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཁྲི་བློ་བཟང་སེང་གེ་མཆོག་དང་མཇལ་འཕྲད་གནང་བར་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་ལས་དོན་ཚན་པའི་འགན་འཛིན་ལྕམ་ཀེ་ཐེ་ར་ཡིན་ཨ་ཤི་ཊོན་མཆོག་གིས་བཀའ་སྐྱོན་གཏོང་དགོས་པ་ཀྲུ་ཝེན་ཆུན་གྱིས་བརྗོད་ཡོད་པ་བཅས།
བོད་གཞུང་གི་དྲ་བ་ལས་བཤུས
༧གོང་ས་མཆོག་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་བ་དང་ཕྱི་སྲིད་བློན་ཆེན་རྣམ་གཉིས་ལ་མཇལ་འཕྲད་གནང་རྗེས། ཡུལ་དེའི་མང་ཚོགས་ལ་བཀའ་སློབ་དང་མཁས་པའི་བགྲོ་གླེང་དུ་མཉམ་ཞུགས་གནང་ཡོད།
ཉིན་འདི་འགར་༸གོང་ས་མཆོག་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཏུ་མཛད་འཕྲིན་སྐྱོང་བཞིན་པ་ལྟར། ཕྱི་ཚེས་ ༡༠
ཉིན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ (Forum 2000 Foundation) ཞེས་པའི་ཐེབས་རྩ་ཁང་གི་གོ་སྒྲིག་འོག
ཐོག་མར་རྒྱལ་ས་པཱ་རཱག་ཏུ་སྲིད་འཛིན་ཟུར་པ་ཝག་ལབ་ཧ་སེལ་ (Vaclav Havel) མཆོག་དང་མཇལ་འཕྲད་གནང་སྟེ་བོད་དོན་སྐོར་བཀའ་བསྡུར་གནང་ཡོད་འདུག་ལ།
སྐབས་དེར་༧གོང་ས་མཆོག་གིས་སྲིད་འཛིན་གྱིས་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ། བོད་ཀྱི་གནད་དོན་ཐོག་ཡུན་རིང་རྒྱབ་སྐྱོར་གནང་བར་བསྔགས་བརྗོད་གནང་སྟེ། “
སྲིད་འཛིན་མཆོག་ནི་བོད་མིའི་སྙིང་སྟོབས་ཀྱི་འབྱུང་ཁུངས་ཤིག་ཡིན ” ཞེས་གསུངས་ཡོད་འདུག་ལ། སྲིད་འཛིན་མཆོག་གིས་ཀྱང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་འཛིན་མི་སྣས་བོད་དོན་ཐོག་རྒྱབ་སྐྱོར་བྱས་མིན་ལ་མ་ལྟོས་པར།
ཡུལ་དེའི་མང་ཚོགས་ཁྲོད་ཏཱ་ལའི་བླ་མ་མཆོག་ལ་དགའ་མོས་དང་བརྩི་མཐོང་ཆེན་པོ་བྱེད་ཀྱི་ཡོད་སྐོར་སོགས་བརྗོད་དེ། “ ང་ཚོས་བོད་མིའི་ཆབ་སྲིད་འཕོ་འགྱུར་ལ་དོ་སྣང་ཆེན་པོ་བྱེད་བཞིན་པ་མ་ཟད།
ད་ལྟའི་བོད་མིའི་ཆབ་སྲིད་འགྱུར་བ་དེ་དུས་དང་འཚམ་པ་ཞིག་ཏུ་མཐོང་གི་ཡོད་ ” ཅེས་བརྗོད་འདུག
ཉེ་ཆར་ཨ་རིའི་གྲོང་ཁྱེར་བྷོ་སི་ཊོན་ (Boston) དུ་རྟེན་གཞི་བྱས་པའི་ཧོ་ཊོན་མེ་ཧྥིན་ཧེར་ཁཱོ་ཊི་ཚོང་ལས་དང་ཤེས་ཡོན་འགྲེམས་སྤེལ་ (Houghton Mifflin Harcourt) ལྟེ་གནས་ཁང་གིས། ༢༠༡༡ ལོར་༧གོང་ས་མཆོག་གིས་གསར་དུ་བརྩམས་པའི་༼ཆོས་དང་མ་འདྲེས་པའི་འཛམ་གླིང་ཧྲིལ་པོའི་ཀུན་སྤྱོད། ༽ དབྱིན་སྐད་དུ་ (Beyond Religion: Ethics for a Whole World ) ཞེས་པ་དེ་འགྲེམས་སྤེལ་དང་ཕྱིར་བཙོང་བྱེད་བཞིན་ཡོད་འདུག་ལ། ད་ཆར་དཔེ་དེབ་དེ་ཨ་རིའི་སྤྱི་ཚོགས་ནང་སྐད་གྲགས་ཆགས་ཡོད་སྟབས། མང་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད་འདུག
དཔེ་དེབ་འདི་ནི། ༧གོང་ས་མཆོག་གིས་དབྱིན་ཡིག་དཔེ་དེབ་ ༡༠༠ ཙམ་བརྩམས་ཡོད་པའི་ཁྲོད། ཆོས་ལུགས་ལྟ་གྲུབ་དང་མ་འདྲེས་པའི་ཕྱག་དཔེ་ཐོག་མ་ཆགས་ཡོད་འདུག་ལ། ༧གོང་ས་མཆོག་གིས་ཕྱག་དཔེ་དེ་འདྲ་ཞིག་བརྩམས་དགོས་པའི་དམིགས་ཡུལ་གཙོ་བོ། གང་ཟག་སྒེར་དང་སྤྱི་ཚོགས། རྒྱལ་ཁབ་རིམ་པའི་གཞི་རྩའི་འགྲོ་བ་མིའི་ཀུན་སྤྱོད་ཡར་རྒྱས་འགྲོ་རྒྱུར་དམིགས་པ་ཞིག་ཡིན་འདུག
ཕྱི་ལོ་ ༢༠༡༠ ལོར་༧གོང་ས་མཆོག་གིས་༼ངའི་ཆོས་ཕྱོགས་ཀྱི་འགྲུལ་བཞུད།༽ ཅེས་པ་དང་དབྱིན་སྐད་དུ་ (My Spiritual Journey )
ཞེས་པའི་ཕྱག་དཔེ་ཞིག་རྩོམ་གནང་མཛད་ཡོད་འདུག
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༣ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་ བྱས་པའི་ཤེས་ཡོན་བསྟི་གནས་ཁང་ཤིག་ཤ་ཀེན་ཌི་ར་(Shiksha Kendra)ཞེས་པར་ཆིབས་སྒྱུར་བསྐྱངས་ཏེ་ཁྱིམ་ཚང་ཉམ་ཐག་གི་བྱིས་པ་ཚོར་བཀའ་སློབ་ སྩལ་དོན། ངོས་རང་འདིར་ཡོང་ཐུབ་པར་ཧ་ཅང་དགའ་པོ་བྱུང། འདིར་ཡོད་པའི་སློབ་ཕྲུག་རྣམས་ཁྱིམ་ཚང་ཉམ་ཐག་ནས་ཡིན་པ་ངོས་ལ་བརྗོད་བྱུང། ཁྱེད་ཚོས་སློབ་ཕྲུག་ཚོར་དམིགས་བསལ་བལྟ་སྐྱོང་གནང་བ་དེ་ནི་བསྔགས་བརྗོད་འོས་ པ་ཞིག་རེད། དེ་ནི་བྱམས་བརྩེའི་ལས་ཙམ་མིན་པར་རྒྱལ་ཁབ་ཀྱི་གནས་སྟངས་ཕྱོགས་ཡོངས་ནས་ཡར་ རྒྱས་འགྲོ་རྒྱུའི་ལས་གཞི་ཞིག་ཆགས་ཡོད། རྒྱལ་སྤྱིའི་གནས་བབ་ཐོག་ནས་དབུལ་ཕྱུག་དབར་གྱི་ཧེ་བག་ཇེ་ཆེར་འགྲོ་བཞིན་པའི་ གནས་སྟངས་དེ་ཛ་དྲག་གི་གནད་དོན་ཞིག་ཆགས་ཡོད། ཉེ་ལམ་ངོས་རང་མེཀ་སི་ཀོ་དང་བྷར་སིལ། ཨར་ཇེན་ཊི་ན་སོགས་ལ་བསྐྱོད་སྐབས་རྒྱལ་ཁབ་དེ་དག་གི་ནང་དུ་དབུལ་ཕྱུག་དབར་གྱི་ ཧེ་བག་ཆེ་ཆུང་དང་ལྐོག་ཟ་རུལ་སྲུངས་ཀྱི་དཀའ་ངལ་ཆེ་ཆུང་ཇི་འདྲ་ཡོད་མེད་དྲིས་ པར་མང་ཚོགས་རྣམས་ཀྱིས་ཧ་ཅང་ཆེན་པོ་ཡོད་པ་བརྗོད་བྱུང།
རྒྱ་ གར་ནང་དུའང་དབུལ་ཕྱུག་གི་ཧེ་བག་དང་ལྐོག་ཟ་རུལ་སྲུངས་ཀྱི་དཀའ་ངལ་གཉིས་པོ་དེ་ ཡོད།
དབུལ་ཕྱུག་དབར་གྱི་ཧེ་བག་ཉུང་དུ་གཏོང་རྒྱུར་ཤེས་ཡོན་ཧ་ཅང་གལ་ཆེན་པོ་ཆགས་ ཡོད། ཁྱིམ་ཚང་ཉམ་ཐག་ནས་ཡོང་བའི་སློབ་ཕྲུག་ཚོས་ཤེས་ཡོན་གྱི་ཐོག་ནས་རང་ཉིད་ལ་གདེང་ སྤོབས་བསྐྲུན་ཐུབ།
སེམས་ཤུགས་བསྐྱེད་དེ་འབད་བརྩོན་བྱས་ཚེ་ལས་དོན་ཇི་འདྲ་ཞིག་ཡིན་ཡང་ལམ་ལྷོང་ ཡོང་རྒྱུ་ཡིན་པར་བརྟེན། དབུལ་ཕྱུག་དབར་གྱི་ཧེ་བག་དེ་རིམ་བཞིན་ཇེ་ཉུང་དུ་འགྲོ་ངེས་རེད།
ངོས་རང་སྐབས་གཅིག་ལྷོ་ཨ་ཕི་རི་ཀའི་ནང་ཡོད་སྐབས་བྱང་ངོས་སུ་ཡོད་པའི་མི་མང་ རྣམས་ཤིན་ཏུ་འབྱོར་བ་ཆེན་པོ་དང་ལྷོ་ཨ་ཕི་རི་ཀའི་ལྷོ་ངོས་སུ་ཡོད་པ་རྣམས་ཧ་
ཅང་དབུལ་པོ་ཡིན་པར་བརྟེན་རྒྱལ་ཁབ་གཅིག་གི་ནང་དུའང་དབུལ་ཕྱུག་དབར་གྱི་ཧེ་བག་ ཧ་ཅང་ཆེན་པོ་ཡོད་པ་མཐོང་བྱུང། དབུལ་ཕྱུག་དབར་གྱི་ཧེ་བག་ཇེ་ཉུང་དུ་གཏོང་ཆེད་འབྱོར་བ་ཡོད་མཁན་ཚོས་འབྱོར་
མེད་ཚོར་ཤེས་ཡོན་དང་དགོས་མཁོ་ཡོ་བྱད། ཟབ་སྦྱོང་སོགས་ཀྱི་མཐུན་རྐྱེན་སྦྱོར་དགོས། ཉམ་ཐག་ཚོས་སེམས་ཤུག་བསྐྱེད་དེ་དཀའ་ལས་རྒྱག་དགོས།
རྒྱ་ གར་ནང་དུའང་སྤྱི་འདྲ་སྤྱི་མཚུངས་ཀྱི་ཐོག་ནས་འབྱོར་ལྡན་རྣམས་ཀྱིས་ཉམ་ཐག་ཚོར་
རོགས་རམ་བྱེད་རྒྱུ་དང་ཉམ་ཐག་ཚོས་སེམས་ཤུགས་བསྐྱེད་དེ་དཀའ་ལས་རྒྱག་དགོས། དེར་བརྟེན་འདིར་ཁྱེད་རྣམ་པས་དམིགས་བསལ་འབད་བརྩོན་གནང་སྟེ་ཁྱིམ་ཚང་ཉམ་ཐག་གི་
བྱིས་པ་ཚོར་བྱམས་བརྩེའི་ཐོག་ནས་བལྟ་སྐྱོང་གནང་བ་དེ་ནི་རླབས་ཆེན་གྱི་བྱ་བ་ ཞིག་ཡིན་པར་བརྟེན་ངོས་ཀྱིས་རྗེས་སུ་ཡི་རང་ཞུ་རྒྱུ་དང་སྦྲགས། རྒྱ་གར་གྱི་སྒོར་མོ་འབུམ་ལྔ་ཞལ་འདེབས་རྒྱག་རྒྱུ་ཡིན།
ཁྱེད་རྣམས་ནས་ཀྱང་ལས་ཀ་དེ་ད་དུང་མུ་མཐུད་རྒྱུན་སྐྱོང་གནང་རྒྱུ་མ་ཟད། བྱུང་ན་སློབ་མའི་གྲངས་ད་དུང་མང་དུ་གཏོང་ཐུབ་ན་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན།
ངོས་ལ་དེང་སྐབས་དེབ་ཀྱི་ཡོང་འབབ་ཕྲན་བུ་ཡོད་པ་ནས་བསྟི་གནས་ཁང་འདིར་གང་ཐུབ་ ཀྱི་ཞལ་འདེབས་རྒྱག་རྒྱུ་ཡིན། ཁྱེད་ཚོས་ལས་གཞི་དེར་རྒྱབ་སྐྱོར་ཞུ་རྒྱུ་དེ་ང་ཚོ་ཚང་མའི་འགན་ཆགས་ཡོད།
སློབ་མ་ཚོས་འདིར་འཕགས་ལམ་ཡན་ལགས་བརྒྱད་ལ་གཞི་ཅོལ་བའི་འཁྲབ་སྟོན་དེ་དག་གོ་ དོན་ཆེན་པོ་འདུག
འཕགས་ ལམ་ཡན་ལགས་བརྒྱད་ནས་ཡང་དག་པའི་ངག་དང་ཡང་དག་པའི་ལས་ཀྱི་མཐའ།
ཡང་དག་པའི་འཚོ་བ་སོགས་ནང་པ་ཁོ་ནས་ཉམ་ལེན་བྱེད་རྒྱུ་ཞིག་མིན་པར་མི་མང་ཚང་མར་ འབྲེལ་བ་ཡོད། མི་སུ་ཞིག་ནས་ཀྱང་གལ་ཏེ་འཕགས་ལམ་ཡན་ལགས་བརྒྱད་ཀྱི་ལྟ་གྲུབ་དེ་དག་ངོ་ཐོག་ལག་
ལེན་བསྐྱལ་ཐུབ་ཚེ་རང་ཉིད་ཀྱི་སེམས་ནང་ཞི་བདེ་བག་ཕེབས་བྱུང་སྟེ་མི་ཚེ་བདེ་ སྐྱིད་ལྡན་པ་ཞིག་བསྐྱལ་ཐུབ། དེ་ལས་ལྡོག་སྟེ་འདོད་ཆགས་དང་འདོད་རྔམ་གྱི་རྗེས་སུ་འབྲང་ན་རེ་དོགས་ཀྱིས་
བཅིངས་པའི་འགྲན་རྩོད་ནང་ལྷུང་སྟེ་མཐར་རང་ཉིད་གཅིག་པུ་གྲོགས་མེད་ཁེར་རྐྱང་ དུ་ལུས་ནས་སེམས་ནང་དཀའ་ངལ་ཡོང་རྒྱུ་རེད། གལ་ཏེ་བྱམས་བརྩེའི་བསམ་པས་ཀུན་ནས་བླང་སྟེ་ཡང་དག་པའི་འཚོ་བ་ཞིག་བསྐྱལ་ཐུབ་ན་
མི་ཚེ་བདེ་སྐྱིད་ལྡན་པ་ཞིག་ཡོང་ཐུབ། རྒྱལ་མཚམས་དང་ཆོས་ལུགས་མི་འདྲ་བའི་དབྱེ་མཚམས་དེ་དག་རིམ་པ་གཉིས་པ་ཆགས་ཡོད། གཞི་རྩའི་ང་ཚོ་ཚང་མ་འགྲོ་བ་མི་ཡིན་པ་གཅིག་མཚུངས་ཆགས་ཡོད།
ངོས་ཀྱིས་རྒྱུན་དུ་མང་ཚོགས་ལ་སྐད་ཆ་ཤོད་སྐབས་ང་ཚོ་ཚང་མ་གཞི་རྩའི་འགྲོ་བ་མི་ ཡིན་པ་གཅིག་གྱུར་གྱི་འདུ་ཤེས་ལ་གཞི་བཅོལ་ནས་སྐད་ཆ་ཤོད་ཀྱི་ཡོད།
དེ་འདྲ་མིན་པར་གལ་ཏེ་ངོས་ཀྱིས་འདིར་ངོས་རང་ནང་པ་ཞིག་དང་བོད་པ་ཞིག་ཡིན་པ་ གཙོ་བཟུང་ཐོག་ནས་སྐད་ཆ་བཤད་ན་རང་བཞིན་གྱིས་ངོས་དང་ཁྱེད་ཚོའི་དབར་བར་ཁྱད་ ཅིག་ཆགས་ངེས་ཡིན།
དེར་བརྟེན་ངོས་རང་ས་གནས་གང་དུ་བསྐྱོད་ནའང་ཁྱེད་ཚོ་དང་གཅིག་མཚུངས་ཀྱི་འགྲོ་ བ་མི་ཞིག་ཡིན་བསམ་པའི་འདུ་ཤེས་འཛིན་ཏེ་སྐད་ཆ་ཤོད་ཀྱི་ཡོད་ཅེས་སོགས་ཀྱི་བཀའ་ སློབ་སྩལ་རྗེས།
མགོན་པོ་གང་ཉིད་མཆོག་གིས་འགྲོ་བ་མིའི་རིང་ཐང་དང་ཆོས་ལུགས་མཐུན་སྒྲིལ་གོང་ མཐོར་གཏོང་རྒྱུའི་མཛད་ཁུར་གཙོ་བོ་གཉིས་ཀྱི་སྐོར་ཞིབ་ཕྲ་བཀའ་སློབ་སྩལ།
སྐབས་དེར་༸གོང་ས་མཆོག་གིས་དཔལ་འབྱོར་དང་དངུལ་རྐྱང་པས་སེམས་ནང་དོན་དམ་གྱི་ བདེ་བ་ཞིག་བསྐྲུན་མི་ཐུབ་པ་དང་། དེ་བཞིན་དབྱིན་ཇིས་གཏན་ལ་ཕབ་པའི་རྒྱ་གར་གྱི་ཤེས་ཡོན་སྲིད་བྱུས་དེ་གཙོ་བོ་
དཔལ་འབྱོར་དང་ཕྱི་དངོས་པོའི་འཛུགས་སྐྲུན་ལ་གཞི་བཅོལ་བ་ཞིག་ཡིན་པར་བརྟེན། རྒྱ་གར་ནང་ལོ་ངོ་སྟོང་ནས་དར་བའི་སྲོལ་རྒྱུན་གྱི་ལེགས་བཤད་དཔེར་ན།
ཞི་གནས་དང་ལྷག་མཐོང་གི་ཉམས་ལེན་དེ་དག་ལ་དོ་སྣང་བྱས་ཏེ་གནའ་དེང་གི་ཤེས་ཡོན་ ཟུང་འབྲེལ་མཚུངས་བསྡུར་ཐོག་ནས་ཕྱི་དངོས་པོ་དང་ནང་སེམས་ཀྱི་བདེ་སྐྱིད་ཟུང་
འབྲེལ་ཞིག་ཡོང་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་སྐོར་བཀའ་སློབ་སྩལ། ལྷག་པར་༸གོང་ས་མཆོག་གིས་སློབ་ཕྲུག་ཚོར་དམིགས་ཏེ་བཀའ་སློབ་སྩལ་དོན། ཁྱེད་ཚོ་ནི་དུས་རབས་ ༢༡ མི་ཆགས་ཡོད། དུས་རབས་ ༢༡
ནང་ནས་ལོ་བཅུ་འདས་ཟིན་ཡང་འབྱུང་འགྱུར་ལོ་མང་པོ་ལུས་ཡོད། ཁྱེད་ཚོས་དུས་རབས་ ༢༡ པ་འདི་ཞི་བདེ་ལྡན་པ་ཞིག་བཟོ་ཐུབ། སེམས་ནང་བྱམས་བརྩེའི་བསམ་པ་ཡོད་ན་ཞི་བདེ་རང་བཞིན་གྱིས་ཡོང་ཐུབ།
དེ་ལས་ལྡོག་སྟེ་ཞེ་སྡང་དང་འཁོན་འཛིན། ཁྲག་དོགས་སོགས་ཀྱིས་རྒྱུད་རླན་ཚེ་སེམས་ནང་དུ་ཞི་བདེ་ཡོང་མི་ཐུབ། དེར་བརྟེན་གཞི་རྩའི་འགྲོ་བ་མིའི་རྒྱུད་ཀྱི་རིན་ཐང་བྱམས་པ་དང་བརྩེ་བ།
རང་ལས་གཞན་གཅེས་པར་འཛིན་པའི་བསམ་བློ་དེ་དག་ལ་བློ་སྦྱང་སྟེ་རང་རྒྱུད་ལ་གོང་ འཕེལ་ཡོང་ཐབས་བྱེད་དགོས། དེ་འདྲ་བྱུང་ཚེ་ཞི་བདེ་ལྡན་པའི་འཛམ་གླིང་གསར་པ་ཞིག་ཁྱེད་ཚོས་སྐྲུན་ཐུབ།
འཛམ་གླིང་འདིའི་ནང་ལས་དོན་གང་དང་གང་བྱས་ཀྱང་ཤེས་ཡོན་ཐོག་འབད་བརྩོན་བྱེད་ རྒྱུ་ཙམ་མ་ཟད་འཆར་སྣང་ཞིག་ངེས་པར་དུ་དགོས། འཆར་སྣང་དེ་བསྒྲུབ་པར་རྣམ་དཔྱོད་ཀྱི་ཤེས་རབ་དང་ཉམས་མྱོང་གཉིས་ཚང་དགོས།
རྣམ་དཔྱོད་ཀྱི་ཤེས་རབ་བརྗོད་སྐབས་ཕྱོགས་ཡོངས་ཀྱི་གནས་ཚུལ་ཤེས་པའི་ཐོག་ནས་ དངོས་ཡོད་ཀྱི་གནས་སྟངས་ལ༌ལྟ་ཐུབ་པ་བྱ་རྒྱུ་དང། ཉམས་མྱོང་གསོག་པར་རྩོལ་བ་དགོས།
རྩོལ་བ་དེ་ཆོད་སེམས་བརྟན་པོས་ཐོག་ནས་བྱམས་བརྩེའི་བསམ་པ་དང་རང་ལས་གཞན་གཅེས་ པར་འཛིན་པའི་བསམ་བློར་གཞི་བཅོལ་དགོས། དེ་ལྟར་བྱུང་ཚེ་ཕྱི་གསལ་ནང་གསལ་ཐོག་ནས་ལས་དོན་གང་ལའང་འཇུག་ཐུབ་པའི་ཆོད་
སེམས་དང་བློ་སྤོབས་སྐྲུན་ཐུབ། རྣམ་དཔྱོད་ཀྱི་ཤེས་རབ་དང་ཆོད་སེམས་ཟུང་འབྲེལ་བྱུང་ཚེ་འཆར་སྣང་ཇི་འདྲ་ཞིག་ ཡིན་ནའང་བསྒྲུབ་ཐུབ། བོད་པའི་ཁ་རྒྱུན་ལ་ལན་དགུ་ཆད་མཐུད། ཅེས་བརྗོད་སྲོལ་ཡོད།
ད་ལྟའི་ཆར་ཁྱེད་རྣམས་འདི་སློབ་གཉེར་བྱེད་བཞིན་པའི་སྐབས་ཡིན། ཕྱིས་སུ་སློབ་སྦྱོང་ཐོན་རྗེས་སྤྱི་ཚོགས་ནང་དངོས་སུ་ལས་དོན་ལ་འཇུག་པར་ལས་སླ་ པོ་ཞིག་མེད།
དཀའ་ངལ་མང་པོར་གདོང་ལེན་བྱེད་དགོས་པ་དེ་འདྲ་ཡོང་རྒྱུ་རེད། དཀའ་ངལ་འཕྲད་པ་ཙམ་གྱིས་སེམས་ཤུགས་ཆག་རྒྱུ་མེད་ཅེས་སོགས་ཀྱི་བཀའ་སློབ་སྩལ།
ཨོ་སི་ཊི་རི་ཡའི་བོད་རིགས་ཚོགས་པའི་གོ་སྒྲིག་འོག ཨོ་སོ་ཏྲི་རི་ཡའི་རྒྱལ་ས་ཝིན་(Wien)ནང་གི་(mideaspace)ཞེས་པའི་ཚོགས་ཁང་དུ། ཟླ་འདིའི་ཕྱི་ཚེས་༢ ནས་ ༡༡ ཉིན་བར་༸གོང་ས་མཆོག་གི་སྐུ་པར་བརྒྱ་ཐམ་པ་འགྲེམས་སྟོན་དབུ་འབྱེད་གནང་ཡོད་འདུག
སྐུ་པར་འགྲེམས་སྟོན་མཛད་སྒོ་དབུ་འབྱེད་ཀྱི་སྐུ་མགྲོིན་གཙོ་བོར། ཨོ་སོ་ཏྲི་རི་ཡའི་གྲོས་ཚོགས་ཀྱི་མི་སྣ་(Dr.
wolfgang zing)མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག
སུད་སི་སྐུ་ཚབ་དོན་གཅོད་ཚེ་གཏན་ཆོས་སྐྱབས་ལགས། ཡོ་རོབ་སྤྱི་འཐུས་དགེ་བཤེས་ཐུབ་བསྟན་དབང་ཆེན་ལགས་བཅས་ཆེད་ཕེབས་གནང་ཡོད་འདུག
ཐེངས་འདིར་འགྲེམས་སྟོན་གནང་བའི་སྐུ་པར་རྣམས་ནི་༧གོང་ས་མཆོག་སྐུ་ན་ཆུང་དུས་དང་། ཆོས་ཕྱོགས་ཀྱི་མཛད་མཆར། དེ་མིན་རྒྱལ་སྤྱིའི་ནང་མཐོ་རིམ་དཔོན་རིགས་ཁག་ལ་མཇལ་འཕྲད་བཅས་རིམ་པ་གསུམ་དུ་དབྱེ་ཡོད། དམིགས་ཡུལ་ནི་༸གོང་ས་མཆོག་ལ་ནོར་ཝེའི་ཞི་བདེའི་གཟེངས་རྟགས་ཕུལ་ནས་ལོ་ངོ་ ༢༢ འཁོར་བའི་དུས་སྟོན་སྲུང་བརྩི་དང་སྐབས་བསྟུན་ནས། རང་ཅག་རྣམས་ཀྱིས་བཀའ་དྲིན་རྗེས་དྲན་དང་། ཨི་སོ་ཏྲི་ཡ་གཙོ་བོར་གྱུར་པའི་རྒྱལ་སྤྱིའི་མི་དམངས་ཚོར་༸གོང་ས་མཆོག་གི་བླ་ན་མེད་པའི་མཛད་འཕྲིན་ངོ་སྤྲོད། བོད་དོན་དྲིལ་བསྒྲགས་བཅས་ཀྱི་ཆེད་དུ་ཡིན་འདུག
ཚེས་ ༢ ཀྱི་ཞོགས་པའི་ཆུ་ཚོད་ ༡༡ ཐོག་ས་གནས་ཚོགས་ཁང་ནང་གསར་འགོད་གསལ་བསྒྲགས་བསྐྱངས་རྗེས། བོད་རིགས་མཐུན་ཚོགས་ཀྱི་རྒྱུན་ལས་རྣམས་དང་། སྤྱི་འཐུས་ཚོགས་གཙོ་མཆོག་དང་སྐུ་ཚབ་དོན་གཅོད། ཡུ་རོབ་སྤྱི་འཐུས་མཆོག་མཉམ་བཞུགས་གནང་སྟེ། བོད་རིགས་མཐུན་ཚོགས་ཀྱི་ད་ལྟ་དང་འབྱུང་འགྱུར་གྱི་ལས་དོན་སྒྲུབ་ཕྱོགས་དང་། ཚོགས་པའི་ངོ་བོ་སྲ་བརྟན་ཆེད་བཀའ་སློབ་ལམ་སྟོན་དང་གོ་བསྡུར་གནང་ཡོད། ཕྱི་དྲོ་ཆུ་ཚོད་ ༦ པའི་ཐོག་རང་རིགས་དང་ཕྱི་རྒྱལ་གྱི་སྐུ་མགྲོན་རྣམས་ལྷན་འཛོམས་སར། སྣང་གསལ་མར་མེ་ཞལ་འབྱེད་དང་སྦྲགས། སྐུ་པར་འགྲེམས་སྟོན་གྱི་མཛད་སྒོ་དངོས་སུ་དབུ་འབྱེད་གནང་ཡོད་པ་རེད།
ཕྱི་ཚེས་ ༣ གྱི་ཞོགས་པའི་ཆུ་ཚོད་དགུ་དང་ཕྱེད་ཀའི་ཐོག ས་གནས་བོད་རིགས་ཚོར་དམིགས་བསལ་བཀའ་སློབ་ལམ་སྟོན་སྐབས། སྤྱི་འཐུས་ཚོགས་གཙོ་མཆོག་གིས། ཉེ་བའི་ཟླ་ཤས་གོང་བོད་མིའི་སྒྲིག་འཛུགས་ནང་༸གོང་ས་མཆོག་གིས་ལོ་རྒྱུས་རང་བཞིན་གྱིས། དམིགས་བསལ་སྒྱུར་བཅོས་ཇི་ལྟར་གནང་ཡོད་མེད་དང་། རྒྱལ་སྤྱི་དང་ད་ལྟའི་བོད་ནང་གི་གནས་སྟངས་སོགས་བཀའ་སློབ་ཞིབ་རྒྱས་གནང་། ཡོ་རོབ་སྤྱི་འཐུས་མཆོག་གིས་བོད་རིགས་མཐུན་ཚོགས་དང་། དེ་མིན་མི་དམངས་ཀྱི་དཀའ་སྡུག་ཇི་ལྟར་སེལ་དགོས་མིན་སོགས་ལ་བཀའ་སློབ་བསྩལ། སྐུ་ཚབ་དོན་གཅོད་མཆོག་གིས་རྒྱལ་གཅེས་དཔྱ་དངུལ་དང་འབྲེལ་བ་སོགས་ཀྱི་སྐོར་བཀའ་སློབ་ཕེབས། ཐེངས་འདིར་ས་གནས་མི་དམངས་ཚོས་དོ་སྣང་ཤུགས་ཆེན་གནང་མུས་དང་ས་གནས་ཀྱི་གཟུགས་མཐོང་བརྙན་འཕྲིན་ནང་དུ་ཡང་གསལ་སྟོན་གནང་ཡོད་འདུ
༄༅། །ཨ་ཤོཀཱ་མི་ཤོན་ (Ashoka Missoin) ཞེས་པའི་ཆོས་ཚོགས་ནས་གོ་སྒྲིག་ཞུས་ཏེ་རྒྱ་གར་གྱི་རྒྱལ་ས་ལྡིར་ལིར་ཡོད་པའི་ ཨ་ཤོཀཱ་གསོལ་མགྲོན་ཁང་དུ་འཛམ་གླིང་ནང་པའི་ལྷན་ཚོགས་ཐེངས་དང་པོ་འཚོགས་བཞིན་ ཡོད་པ་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གདན་ཞུའི་གསོལ་འདེབས་ཞུས་པ་ལྟར་ བཀའ་བཞེས་ཀྱིས་ཕྱི་ཟླ་ ༡༡ ཚེས་ ༢༩ ཉིན་སྔ་དྲོ་ཆུ་ཚོད་ ༩།༡༥ ཐོག་འཛམ་གླིང་ནང་པའི་ལྷན་ཚོགས་ཀྱི་མཇུག་བསྡོམས་དབུ་བཞུགས་སུ་ྋཞབས་སོར་འགོད་ སླད་བཞུགས་སྒར་ཕོ་བྲང་ནས་ཕེབས་ཐོན་གྱིས་གཱ་གྷལ་གནམ་ཐང་བརྒྱུད་ཆིབས་ཞལ་སྒྱུར་ སྐབས་དད་ལྡན་མི་མང་གི་ལག་ཏུ་སྤོས་སྣེ་དང་དཀར་གཙང་མཇལ་དར་ཐོགས་ཏེ་ཕེབས་ སྐྱེལ་ཞུས་ཡོད་པ་རེད། དེ་རྗེས་ལྡི་ལིར་འཛམ་གླིང་ནང་པའི་ལྷན་ཚོགས་ཐེངས་དང་པོའི་མཇུག་བསྡོམས་མཛད་ སྒོར་ྋཞབས་སོར་བཀོད་དེ་བཀའ་སློབ་སྩལ་དོན།
གུས་ པར་འོས་པའི་ཆོས་གྲོགས་ཕོ་མོ་ལྷན་རྒྱས་ཚང་མར་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་ རྒྱུ་ཡིན།
ངོས་རང་དེ་རིང་འདིར་ལྷན་ཚོགས་སུ་བཅར་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ང་ཚོ་ནི་ནང་པ་སངས་རྒྱས་པ་དང་འགྲོ་བ་མི་ཞིག་ཡིན་པར་བརྟེན།
འགྲོ་བ་མིའི་ཀུན་སྤྱོད་བཟང་པོ་ཡོང་ཆེད་བསམ་བློ་གཏོང་རྒྱུ་གལ་ཆེན་པོར་རྩི་ གི་ཡོད། འགྲོ་བ་མིའི་ལོ་རྒྱུས་ནང་དུས་རབས་ཉི་ཤུ་པ་དེ་ནི་ཧ་ཅང་དཀའ་ངལ་ཅན་གྱི་དུས་ རབས་ཤིག་ཏེ།
དུས་རབས་དེའི་ནང་འཁྲུག་རྩོད་མང་པོ་ཞིག་བྱུང་བར་བརྟེན་མི་མང་པོའི་ཚེ་སྲོག་ ཤོར་ཡོད། དུས་རབས་ཉེར་གཅིག་པའི་དུས་འགོར་ཡང་དེ་ལྟར་གནས་ཚུལ་བྱུང་བཞིན་ཡོད་པ་དེ་ནི་ འདས་པའི་ནོར་འཁྲུལ་ལས་བྱུང་བ་ཡིན།
སྤྱིར་བཏང་ཚན་རིག་ནི་འགྲོ་བ་མི་ལ་དགོས་མཁོ་ཆེན་པོ་ཆགས་ཡོད། འོན་ཀྱང་ཚན་རིག་དང་དཔལ་འབྱོར་ཁོ་ནར་བརྟེན་ནས་འཛམ་གླིང་འདི་བདེ་སྐྱིད་ལྡན་པ་ ཞིག་བསྐྲུན་ཐུབ་ཐབས་མེད། དུས་རབས་འདིར་ཞི་བདེ་དགོས་ན།
ཐོག་མར་ནང་སེམས་ཀྱི་ཞི་བདེ་བསྐྲུན་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེ་བཞིན་ང་ཚོས་རྒྱུན་དུ་ཁ་ནས་སངས་ལ་སྐྱབས་སུ་མཆི་ཞེས་བརྗོད་པ་ཙམ་ལས་རང་གི་
ཉིན་རེའི་མི་ཚེའི་ནང་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱིས་གསུང་པའི་བསླབ་ བྱར་བསམ་བློ་མ་བཏང་བར་རྒྱུ་དངོས་དང་། དེ་བཞིན་མིང་དང་སྙན་གྲགས་ཡོང་ཐབས་ཁོ་ན་ལ་བསམ་བློ་གཏོང་གི་ཡོད།
དེ་བཞིན་ཁ་ནས་སེམས་ཅན་ཐམས་ཅད་ཅེས་བརྗོད་དེ་དོན་དུ་གཞན་ལ་སེམས་འཁུར་མི་བྱེད་ པའི་ཀུན་སྤྱོད་ངན་པ་ཞིག་ཡོད། དེ་འདྲ་མིན་པར་གཙོ་བོ་སེམས་གཏིང་ནས་ཆོས་ལ་དད་པ་དང་ཡིད་ཆེས་ཡོད་པའི་ནང་པ་
སངས་རྒྱས་པ་ཞིག་བྱེད་དགོས། འཛམ་གླིང་འདིར་ནང་པ་སངས་རྒྱས་པའི་ཆོས་ལུགས་དར་ནས་མི་ལོ་ ༢༥༠༠ ལྷག་སོང་ཡོད། དེང་སྐབས་ཀྱང་འཛམ་གླིང་གི་གྲགས་ཅན་ཚན་རིག་པ་མང་པོས་ནང་པ་སངས་རྒྱས་ཀྱི་ཆོས་ ལ་དོ་སྣང་བྱེད་ཀྱི་ཡོད།
དེ་ལྟར་ནང་པའི་ཆོས་འདི་རླབས་ཆེན་ཞིག་ཡིན། འོན་ཀྱང་ཆོས་བྱེད་ཀྱི་བླ་སྤྲུལ་དང་དགེ་རྒན་གྱི་སྤུས་ཀ་ཞན་དུ་འགྲོ་གི་ཡོད་པ་ དེ་ནི་བློ་ཕམ་གྱི་རང་བཞིན་ཡིན། ང་ཚོ་གནས་བརྟན་སྡེ་པའི་ལུགས་དང་། ཐེག་ཆེན་གྱི་ལུགས།
སྔགས་ཀྱི་ལུགས་བཅས་གང་ཞིག་ཡིན་རུང་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འཇུག་ རྣལ་མ་ཞིག་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འཇུག་ཡང་དག་པ་ཞིག་བྱེད་འདོད་ན།
ནང་སེམས་ལ་འགྱུར་བ་གཏོང་དགོས་པ་དང་། དེ་བཞིན་ནང་པའི་ལྷན་ཚོགས་འདི་ལྟ་བུ་ཡང་ནས་ཡང་དུ་འཚོགས་དགོས། དེ་ཡང་མཛད་སྒོ་ཙམ་མ་ཡིན་པར་ནང་ཆོས་ཉམས་སུ་ལེན་ཚུལ་སོགས་ཕན་ཚུན་བསམ་ཚུལ་
སྤེལ་རེས་དང་བགྲོ་གླེང་གནང་ཐུབ་ན་དགེ་མཚན་ཆེན་པོ་ཡོད། ལུས་ལ་གྲྭ་ཆས་གྱོན་པ་ཙམ་གྱིས་ནང་པ་སངས་རྒྱས་པ་ཆགས་པའི་ངེས་པ་མེད། གཙོ་བོ་སེམས་གཏིང་ནས་ནང་པ་སངས་རྒྱས་པའི་རྗེས་འཇུག་རྣལ་མ་ཞིག་བྱེད་དགོས།
དེ་དང་ཆབས་ཅིག་དགེ་སློང་མའི་སྡོམ་རྒྱུན་སྐོར་ལ་ངོས་ཀྱིས་རྒྱབ་སྐྱོར་ཞུ་ རྒྱུ་ཡིན། འོན་ཀྱང་ང་ལ་དགེ་སློང་མའི་སྡོམ་རྒྱུན་སྐོར་དམིགས་བསལ་གྱི་ཐག་གཅོད་བྱེད་པའི་ དབང་ཆ་མེད།
ནང་པའི་རྒྱལ་ཁབ་གཞན་ནང་ཡོད་པའི་ཆོས་ཀྱི་དབུ་ཁྲིད་རྣམས་དང་ལྷན་དུ་གྲོས་ བསྡུར་གྱི་ལམ་ནས་ཐ་མའི་ཐག་གཅོད་ཅིག་ཡོང་རྒྱུར་ངས་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་ སོགས་ཀྱི་བཀའ་སློབ་སྩལ་ཡོད་པ་རེད།
ཕྱི་ ཚེས་ ༣ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་དཔེ་དེབ་འགྲེམས་ སྤེལ་གྱི་ཚོང་ལས་སྡེ་ཚན་པེན་གུན་ (Penguin) ཞེས་པའི་ལོ་འཁོར་ཚོགས་ཆེན་གྱི་གཙོ་མགྲོན་དུ་ཕེབས་ནས་བྱམས་བརྩེའི་ནུས་སྟོབས་ སྐོར་བཀའ་སློབ་སྩལ་རྒྱུ་དང། ཕྱི་ཚེས་ ༥ ནས་ ༧ བར་རྒྱ་གར་ལྷོ་ཕྱོགས་ཧུན་སུར་རྒྱུད་སྨད་གྲྭ་ཚང་དུ་ཆིབས་སྒྱུར་བསྐྱངས་ཏེ་ དཔལ་མགོན་ཀླུ་སྒྲུབ་ཀྱིས་མཛད་པའི་གསང་འདུས་རིམ་ལྔ། དེའི་འགྲེལ་པ་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཛད་པའི་བཀའ་ཆོས་སྩལ་རྒྱུ་རེད།།
དེ་ཡང་དང་ཐོག རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨ་ཤོ་ཀཱ་ཆོས་ལུགས་ལྷན་ཚོགས་ཀྱིས་སངས་རྒྱས་ བཅོམ་ལྡན་འདས་སངས་རྒྱས་ཏེ་ལོ་ ༢༦༠༠
འཁོར་བའི་དུས་སྐབས་དང་བསྟུན་ཏེ། འཛམ་གླིང་ནང་པའི་རྒྱལ་ཁབ་ ༤༢ ལྷག་གི་སྐུ་ཚབ་ ༥༠༠ གདན་ཞུའི་ཐོག ཁ་སང་རེ་གཟའ་ཉི་མ་སྟེ་ཕྱི་ཚེས་ ༢༧
ཉིན་ནས་དབུ་འཛུགས་ཀྱིས་ཕྱི་ཚེས་ ༣༠ བར་གྱི་ཉིན་བཞིའི་རིང་རྒྱལ་ས་ལྡི་ལིར་འཛམ་གླིང་ནང་པའི་ལྷན་ཚོགས་ཀྱི་ཚོགས་ འདུ་ཞིག་གོ་སྒྲིག་བྱས་ཡོད་པ་དང་།
ཚོགས་འདུའི་མཇུག་བསྡོམས་ཐོག་༸གོང་ས་མཆོག་ཆིབས་བསྒྱུར་གྱིས་ཆོས་ལུགས་དབུ་ ཁྲིད་དང་འཐུས་ཚབ། སྐུ་མགྲོན་རྣམ་པར་གསུང་བཤད་གནང་རྒྱུའི་མཛད་འཆར་ཡོད་པའི་གསལ་བསྒྲགས་བྱས་ཡོད་ ཀྱང་།
གནས་ཚུལ་གསལ་བསྒྲགས་བྱས་མ་ཐག་རྒྱ་ནག་གཞུང་གིས། རྒྱ་གར་གཞུང་ལ་ཐེངས་འདིའི་༸གོང་ས་མཆོག་གི་མཛད་འཆར་ཕྱིར་བསྡུ་བྱ་དགོས་པའི་ གནོན་ཤུགས་སྤྲད་ཡོད་པ་མ་ཟད། ཕྱི་ཚེས་ ༢༨ ནས་ ༢༩
བར་གྱི་ཉིན་གཉིས་རིང་རྒྱལ་ས་ལྡི་ལིར་རྒྱ་གར་ནག་གཉིས་ཀྱི་གནད་ཡོད་དཔོན་རིགས་ ཐུག་འཕྲད་ཐོག་དུས་ཡུན་རིང་པོ་ནས་རྩོད་གཞིར་གྱུར་བའི་རྒྱལ་ཁབ་གཉིས་ཀྱི་ས་ མཚམས་རྙོག་གླེང་སྐོར་གྱི་གྲོས་མོལ་ཚོགས་འདུ་སྐོང་ཚོགས་གནང་འཆར་ཡོད་པ་དེ་ཡང་ཕྱིར་འཐེན་བྱས་འདུག
གོང་གསལ་གནས་ཚུལ་སྐོར་ལ་འདི་གའི་གསར་འགོད་པས་སྐུ་སྒེར་ཟུང་དྲུང་ བསྟན་འཛིན་སྟག་ལྷ་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་གནས་ཚུལ་དེའི་སྐོར་ལ། སྐུ་སྒེར་དྲ་བའི་སྟེང་སྤེལ་ཡོད་པ་དེ་ལས་གཞན་ད་སྔ་ཞུ་རྒྱུ་གང་ཡང་མེད་ཅེས་ བརྗོད་བྱུང་།
གནས་ཚུལ་འདིའི་ཐད་ཁ་སང་རྒྱ་གར་ཕྱི་སྲིད་ལྷན་ཁང་གིས་གནད་ཡོད་མི་སྣ་ཞིག་གིས་ཧྥ་རན་སི་གསར་ཁང་ལ། “ ཁ་སང་རྒྱ་ནག་གཞུང་གིས་ཕྱི་ཚེས་ ༢༨ དང་ ༢༩ བཅས་ཉིན་གཉིས་རིང་རྒྱ་ཁབ་གཉིས་ཀྱི་གནད་ཡོད་དཔོན་རིགས་ཐུགས་འཕྲད་ཀྱིས་རྒྱལ་ས་ལྡི་ལི་རུ་རྒྱ་དཀར་ནག་ གཉིས་ཀྱི་ས་མཚམས་གནད་དོན་ཐོག་གྲོས་མོལ་གནང་རྒྱུ་ཕྱིར་འཐེན་བྱས་ཡོད་ཚུལ་དང་། དེ་ཡང་རྒྱུ་མཚན་གཙོ་བོ། ༸གོང་ས་ཏཱ་ལའི་བླ་མ་མཆོག་ལྡི་ལིར་ཚོགས་བཞིན་པའི་ནང་པའི་ཆོས་ལུགས་ལྷན་ཚོགས་ ཀྱི་མཇུག་བསྡོམས་ཐོག་ཆིབས་བསྒྱུར་གྱིས་གསུང་བཤད་གནང་རྒྱུ་དང་ཚོགས་འདུ་གཉིས་ དུས་གཅིག་ཏུ་འཁེལ་ཡོད་སྟབས། ཁོང་གི་མཛད་འཆར་ཕྱིར་བསྡུ་བྱ་དགོས་ཞེས་དགོས་འདུན་བཏོན་ཡོད་པ་དང་། རྒྱ་གར་གཞུང་གིས་རྒྱ་ནག་གི་རེ་འདུན་ཁས་ལེན་མ་བྱས་པའི་དབང་གིས་ས་མཚམས་གནད་དོན་ཐད་ཀྱི་གྲོལ་མོལ་ཚོགས་འདུ་ཕྱིར་འཐེན་བྱས་པ་རེད།” ཅེས་བརྗོད་ཡོད་འདུག་ལ། རྒྱ་གར་དང་རྒྱ་ནག་གཉིས་བར་ས་མཚམས་ཀྱི་གནད་དོན་ཐོག་ཕྱི་ལོ་ ༡༩༦༢ ལོ་ནས་བཟུང་སྔ་ཕྱི་ཐེངས་ ༡༤ ལ་གྲོས་མོལ་བྱས་ཡོད་ཀྱང་། ད་ལྟའི་བར་ཕྱོགས་གཉིས་ཀའི་གྲོས་མོལ་ལ་གྲུབ་འབྲས་གང་ཡང་བྱུང་མེད་པ་རེད།
ཐེངས་འདིའི་རྒྱ་གར་གྱི་ཨ་ཤོ་ཀཱ་ཆོས་ ལུགས་ལྷན་ཚོགས་ཀྱི་གོ་སྒྲིག་གནང་བའི་འཛམ་གླིང་ནང་པའི་དབུ་ཁྲིད་ཀྱི་ཚོགས་ འདུ་དེ་ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་རྒྱ་ས་ལྡི་ལིའི་མགྲོན་ཁང་ཞིག་ཏུ་དབུ་འཛུགས་གནང་ཡོད་ཅིང་། དེའི་སྟེང་རྒྱ་གར་དང་འབར་མ། ཤི་རི་ལིང་ཀཱ མཱ་ལེ་ཤི་ཡཱ། སོག་པོ། ཉི་ཧོང་། ཐེ་ཝན། ལྷོ་ཀོ་རི་ཡ། འབྲུག ལོའོ་སི། ཁཱན་པོ་ཊི་ཡཱ་བཅས་རྒྱལ་ཁབ་ ༤༢ ལྷག་གི་ནང་པའི་ཐེག་པ་ཆེ་ཆུང་གི་ཆོས་ལུགས་དབུ་འཁྲིད་དང་འཐུས་ཚབ། སྐུ་མགྲོན་བཅས་མི་ ༨༠༠ ལྷག་འདུ་འཛོམས་བྱུང་ཡོད་ཅིང་། ཚོགས་ འདུ་དབུ་འཛུགས་ཀྱི་ཉིན་དང་པོར་ས་སྐྱ་བདག་ཁྲི་རིན་པོ་ཆེ་དང་ཡོངས་འཛིན་གླིང་ རིན་པོ་ཆེ། དགའ་ལྡན་ཁྲི་པ། བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ། ཨ་ཀྱཱ་རིན་པོ་ཆེ། ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར། ལྡི་ལི་དོན་སྐུ་ཚབ་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་བཅས་ཀྱང་མཉམ་ཞུགས་གནང་ ཡོད་པ་མ་ཟད། མཛད་སྒོའི་ཐོག་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་གིས་གསུང་བཤད་ཀྱང་གནང་ཡོད་འདུག་ལ། ཐེངས་འདིའི་ལྷན་ཚོགས་ཐོག་ནང་པའི་ཆོས་ལུགས་དབུ་འཁྲིད་རྣམ་པས། ཆོས་ལུགས་ཕན་ཚུན་གྱི་མཐུན་སྒྲིལ་དང་སྤྱི་ཚོགས་ནང་ཞི་བདེ་དང་འཆམ་མཐུན་བསྐྲུན་ཐབས། འཛམ་གླིང་གི་ཁོར་ཡུག་བདག་གཅེས་གནང་ཕྱོགས། ནང་པ་དང་ནུབ་ཕྱོགས་པའི་ཚན་རིག་པའི་བར་བགྲོ་གླེང་ཚོགས་རྒྱུ་སོགས་ཀྱི་ཐད་བགྲོ་གླེང་དང་གྲོས་ཆོད་གཏན་འབེབ་གནང་འཆར་ཡོད་འདུག་ལ། ཚོགས་འདུའི་མཇུག་སྡོམ་ཉིན་ཏེ་ཕྱི་ཚེས་ ༣༠ ཉིན་༸གོང་ས་མཆོག་ཆིབས་སྒྱུར་གྱིས་ལམ་སྟོན་བཀའ་སློབ་གནང་རྒྱུ་ཡིན་འདུག
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༧ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཉི་ཧོང་ཁུལ་གྱི་ཉིནབཅུའི་མཛད་འཕྲིན་གྱི་ཉིན་མཐའ་མའི་སྔ་དྲོར་བཞུགས་གནས་མགྲོན་ཁང་དུ་ཉི་ཧོང་གི་སྲིད་བློན་ཟུར་པ་སྐུ་ཞབས་ཤིན་ཇོ་ཨ་བྷེ་ (Mr.Shinzo Abe) མཆོག་གིས་དབུ་ཁྲིད་པའི་གྲོས་ཚོགས་འཐུས་མི་ཁག་གཅིག་མཇལ་ཁར་བཅར་ཡོད་པ་རེད། སྐབས་དེར་སྲིད་བློན་ཟུར་པ་མཆོག་གིས་ྋགོང་ས་མཆོག་ལ་ས་ཡོམ་དང་མཚོ་རླབས་ཀྱི་གོད་ཆགས་ཕོག་པའི་ཉི་ཧོང་གི་གྲོང་ཆེ་ཆུང་ཁག་ཏུ་ཆིབས་སྒྱུར་བསྐྱངས་པ་མ་ཟད། རྡུལ་ཕྲན་འོད་རླབས་ཀྱིས་ཁྱབ་པའི་ས་གནས་ཁག་གི་མང་ཚོགས་རྣམས་ལ་མཇལ་འཕྲད་གནང་ཏེ་ཁོང་ཚོའི་སྙིང་སྟོབས་འཕེལ་བའི་སེམས་གསོ་མཛད་པར་ཐུགས་རྗེ་བཀའ་དྲིན་ཆེ་ཞེས་ཞུས་གནང་པ་དང། གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་བོད་དོན་བདེན་མཐའ་གསལ་ཆེད་ྋགོང་ས་མཆོག་གིས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཞུ་རྒྱུར་མ་ཟད། ད་ལྟའི་བོད་ནང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པར་ཡང་བློ་འཚབ་ཡོད་ཅེས་ཞུས་གནང་པ་རེད།
མཇལ་འཕྲད་གྲུབ་པ་དང་ྋགོང་ས་མཆོག་གིས་གྲིང་ཁྱེར་ཊོག་ཁྱོར་ནང་ཡོད་པའི་རང་དབང་ཅན་གྱི་གསར་འགོད་མཐུན་ཚོགས་ཤིག་གིས་གོ་སྒྲིག་ཞུས་པའི་གསར་འགོད་ལྷན་ཚོགས་སུ་ཆིབས་སྒྱུར་གནང་སྟེ་གསར་འགོད་པའི་དྲི་བར་བཀའ་ལན་སྩལ་ཡོད་པ་རེད། སྐབས་དེར་ཉི་ཧོང་གི་བརྙན་འཕྲིན་བརྒྱུད་ལམ་ཆེ་ཁག་དང། ཚགས་པར་ཁང་། དུས་དེབ་ཁག་བཅས་ཀྱི་གསར་འགོད་པ་བརྒྱད་ཅུ་ལྷག་ཙམ་བཅར་ཡོད་འདུག ཐོག་མར་ྋགོང་ས་མཆོག་གིས་འཚམས་འདྲི་མཛད་པ་དང་སྦྲགས་བཀའ་སློབ་སྩལ་དོན། ངོས་རང་ཐེངས་འདིར་ཉི་ཧོང་དུ་ཡོང་དོན་ནི་ཉི་ཧོང་གི་ཀོ་ཡ་སན་གཙུག་ལག་སློབ་གྲྭས་མགྲོན་འབོད་གནང་བ་ལྟར་ཀོ་ཡ་སན་དང་གྲོང་ཁྱེར་ཨོ་ས་ཀའི་ནང་ཆོས་འབྲེལ་གནང་རྒྱུ་དང། དེ་བཞིན་འདི་ལོ་ཉི་ཧོང་ཁུལ་དུ་ས་ཡོམ་དང་མཚོ་རླབས་ཀྱིས་གོད་ཆགས་འོག་དཀའ་སྡུག་ཚད་མེད་མྱོང་མཁན་མང་ཚོགས་རྣམས་ཐུག་སྟེ་ཁོང་ཚོ་དང་སྡུག་བསྔལ་མཉམ་མྱོང་བྱེད་རྒྱུ་ཡིན་ཞེས་བཀའ་སྩལ། དེ་ནས་མགོན་པོ་གང་ཉིད་ཀྱི་སྐུ་ཚེ་ཧྲིལ་པོར་མཛད་འགན་གཙོ་བོ་གསུམ་ཡོད་པའི་ནང་ནས་འགྲོ་བ་མིའི་རིན་ཐང་གོང་མཐོར་གཏོང་རྒྱུ་དང་། ཆོས་ལུགས་ཕན་ཚུན་བར་མཐུན་སྒྲིལ་གོང་འཕེལ་གཏོང་རྒྱུའི་སྐོར་བཀའ་སློབ་སྩལ་བ་དང། གཞན་ཡང་སྐབས་དེར་གསར་འགོད་པ་ཚོས་བོད་ནང་གི་བོད་མི་ཚོས་རང་ལུས་མེར་སྲེག་བཏང་བའི་དོན་རྐྱེན་སྐོར་བཀའ་འདྲི་ཞུ་སྐབས། ྋགོང་ས་མཆོག་གིས་བཀའ་ལན་སྩལ་དོན། འདི་ལོ་ཕྱི་ཟླ་གསུམ་པ་ནས་ངོས་ཀྱིས་བོད་མིའི་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་མང་ཚོགས་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་བྱས་ཟིན། དེར་བརྟེན་ད་ཆ་ཏཱ་ལའི་བླ་མའི་སྒྲིག་འཛུགས་ཀྱི་ལས་དོན་གཙོ་བོ་ནི་ཆོས་ཕྱོགས་ཁོ་ན་ཡིན། འོན་ཀྱང་དེའི་གོ་དོན་ནི་ངོས་རང་ཏཱ་ལའི་བླ་མའི་གོ་གནས་ནས་རྒན་ཡོལ་ཞུས་པའི་དོན་མིན་པར། དེ་སྔ་ཏཱ་ལའི་བླ་མ་སྐུ་ཕྲེང་དང་པོ་ནས་བཞི་པའི་བར་ཆོས་ཕྱོགས་ཁོ་ན་གཙོ་བཟུང་མཛད་པའི་ཕྱག་སྲོལ་དེ་ད་ཆ་སླར་ཡང་རྒྱུན་མཐུད་དེ་ཡོད་པ་ཡིན། ངོས་ཀྱིས་མང་གཙོའི་ལམ་ལུགས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་བཞིན་ཡོད། ངོས་སྒེར་གྱི་བསམ་ཚུལ་ལྟར་ན་བོད་མི་ཚོས་རང་ལུས་མེར་སྲེག་བཏང་བ་དེའི་ཆབ་སྲིད་དང་ཆོས་ཕྱོགས། དེ་བཞིན་ལྟ་གྲུབ་ཀྱི་རྒྱབ་ལྗོངས་བཅས་ལ་བསམ་ཞིབ་ནན་པོའི་ཐོག་ནས་ལྟ་དགོས་པ་ཡིན། རྒྱ་ནག་གཞུང་གིས་བོད་ལ་ལོ་ངོ་དྲུག་ཅུ་ལྷག་ཙམ་རིང་དབང་བསྒྱུར་བྱས་པའི་དོན་དངོས་གནས་སྟངས་གང་འདྲ་ཡིན་མིན་དོན་རྐྱེན་དེ་དག་ནས་གསལ་པོར་རྟོགས་ཐུབ། འུ་ཐུགས་ཐབས་ཟད་ཀྱིས་རང་ལུས་མེར་སྲེག་བཏང་བའི་བྱ་སྤྱོད་དེ་ལ་བརྟེན་ནས་བོད་མི་ཚོས་རང་དབང་དང་དྲང་བདེན་རྩོད་བཞིན་ཡོད་པ་དང། རྒྱ་ནག་གི་དཔོན་རིགས་ཚོས་དོན་རྐྱེན་དེ་དག་ཛ་དྲག་ལ་བརྩིས་ཏེ་བོད་མི་ཚོའི་དཀའ་ངལ་སེལ་ཐབས་བྱེད་དགོས་པ་དང། བོད་ཀྱི་དངོས་ཡོད་གནས་སྟངས་ཁས་ལེན་བྱེད་དགོས་པ་རེད། བོད་ནང་གི་དངོས་ཡོད་གནས་སྟངས་ནི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་ཐད་དཀའ་ངལ་འཕྲད་བཞིན་པའི་ཐོག་ཆོས་དད་དང། རིག་གཞུང་རྒྱུན་འཛིན། དེ་བཞིན་ཁོར་ཡུག་སོགས་རྩ་གཏོར་གཏོང་བཞིན་ཡོད་པ་རེད། གནས་སྟངས་དེ་དག་བཅིངས་བཀྲོལ་བཏང་བ་རེད་དམ་ཡང་ན་བཙན་བཟུང་བྱས་པ་ཞིག་རེད། ངས་བཤད་པར་ཆ་མ་བཞག་པར་གསར་འགོད་པ་ཚོ་བོད་ནང་དུ་བསྐྱོད་དེ་དངོས་ཡོད་གནས་སྟངས་གང་ཡིན་རྟོག་ཞིབ་བྱེད་དགོས། ཞེས་སོགས་བཀའ་སྩལ་ཡོད་པ་རེད། ྋགོང་ས་མཆོག་གི་ཉི་ཧོང་ནང་ཉིན་བཅུའི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ་ཕྱེད་ཡོལ་ཙམ་ལ་སོག་ཡུལ་ལ་ཆིབས་ཞལ་བསྒྱུར་ཡོད་པ་རེད།། །།
༧གོང་ས་མཆོག་གིས་སོག་ཡུལ་རྒྱལ་སར་མང་ཚོགས་ ༡༠༠༠༠ བརྒལ་བར་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པ་དང་ལམ་གཙོ་རྣམ་གསུམ་བཀའ་ཁྲིད་གནང་བཞིན་ཡོད་འདུག
སོག་ཡུལ་དགའ་ལྡན་དགོན་པས་གདན་ཞུ་གནང་བ་ལྟར། ཉིན་འདི་འགར་༧གོང་ས་མཆོག་སོག་ཡུལ་དུ་ཆིབས་བསྒྱུར་བསྐྱངས་ཏེ་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཁག་སྐྱོང་བཞིན་ཡོད་པ་དང་། ཕྱི་ཚེས་ ༨ ཉིན་སོག་ཡུལ་དགའ་ལྡན་དགོན་པའི་འཛིན་སྐྱོང་འོག་ཡོད་པའི་ནང་པའི་མཐོ་སློབ་ཅིག་ཏུ་སློབ་གྲྭ་དེའི་སློབ་ཕྲུག་ཚོར་བཀའ་སློབ་བསྩལ་འདུག་ལ། ཉིན་རྒྱབ་རྒྱལ་ས་ཨཱ་ལན་བྷ་ཐིའི་(Ulan
Bator) རྩེད་ཐང་ཆེན་མོར།
ས་གནས་སོག་རིགས་མང་ཚོགས་དང་། ཁྱིམ་མཚེས་ཐུའོ་བཱ་དང་བྷི་རི་ཡ་ཐི།
ཁལ་མིག་བཅས་ནས་བཅར་བའི་ནང་པའི་དད་ལྡན་པ་ཆིག་ཁྲི་(༡༠༠༠༠)ལྷག་ལ། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་༼རྟེན་འབྲེལ་བསྟོད་པ༽དང་༼ལམ་གཙོ་རྣམ་གསུམ༽གཉིས་བཀའ་ཁྲིད་གནང་མགོ་བཙུགས་ཡོད་ཅིང་། སང་ཉིན་ཕྱི་ཚེས་ ༡༠ ཉིན་མང་ཚོགས་ལ་སྤྱན་རས་གཟིགས་ཀྱི་བཀའ་དབང་བསྩལ་རྒྱུ་ཡིན་འདུག
༄ ༅། །༸གོང་ས་མཆོག་གིས་ཉིི་ཧོང་གི་གྲོང་ཁྱེར་སན་ཌའི་ནང་དཀའ་ངལ་གྱི་གནས་སྟངས་ལ་ གདོང་ལེན་བྱ་ཚུལ། ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་སྩལ། སྐབས་དེར་ས་ཡོམ་དང་ཆུ་ལོག་གི་གོད་ཆག་ཚབས་ཆེ་ཕོག་པའི་མི་ཡ་ཀོའི་གྲོང་ཁྱེར་ གྱི་གཙུག་ལག་སློབ་དཔོན་ཞིག་གིས་བོད་ནང་རྒྱ་ནག་གཞུང་གིས་བོད་མི་ཚོར་དམ་ བསྒྲགས་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེ་མཚམས་འཇོག་ཡོང་བར་ཁོང་གིས་ གང་བྱེད་ཐུབ་བམ་ཞེས་པ་༸གོང་ས་མཆོག་ལ་དྲི་བ་ཕུལ་བར་མགོན་པོ་གང་ཉིད་མཆོག་གིས་ བཀའ་ལན་སྩལ་དོན། ངོས་ཀྱིས་བོད་ཀྱི་གནད་དོན་ལ་ཕྱོགས་འདྲ་མིན་ཐོག་ནས་ལྟ་བཞིན་ཡོད། ལྟ་ཕྱོགས་དང་པོ་དེ་འགྲོ་བ་མིའི་ཐོབ་ཐང་ལ་བརྡལ་བཤིག་ཧ་ཅང་ཤུགས་ཆེ་གཏོང་བཞིན་ ཡོད་པ་དང། འདས་པའི་ལོ་ངོ་ ༥༠།༦༠ ལྷག་ཙམ་རིང་བོད་ཀྱི་ཁོར་ཡུག་དང་རིག་གཞུང། སྐད་ཡིག ཆོས་སོགས་ཧ་ཅང་ཉེན་ཚབས་ཆེ་བའི་གནས་སྟངས་འོག་ལྷུང་ཡོད།
བོད་ནང་བོད་མི་ཏང་གི་ཚོགས་མི་རྒན་གྲས་ཀྱིས་གཙོས་བོད་མི་བརྒྱ་ཆ་ ༩༩ ཙམ་གྱི་སེམས་ནང་འཁོན་འཛིན་ཧ་ཅང་ཆེན་པོ་འཆང་བཞིན་ཡོད།
བོད་ མིའི་རིག་གཞུང་དེ་ཞི་བདེ་དང་འཚེ་བ་མེད་པར་གཞི་བཅོལ་བ་ཞིག་ཡིན་པར་བརྟེན།
རིག་གཞུང་དེ་གཅེས་སྐྱོང་དང་སྲུང་སྐྱོབ་བྱེད་འོས་པ་ཞིག་ཡིན། རྒྱ་གར་གྱི་གནའ་རབས་ནཱ་ལེཎྜའི་བཞེད་སྲོལ་ནས་དར་བའི་ཧ་ཅང་ཟབ་ཞིང་རྒྱ་ཆེ་བའི་
ནང་པ་སངས་རྒྱས་པའི་ཆོས་དེ་བཞིན་བོད་མི་ཚོས་རྒྱུན་འཛིན་ཐོག་གསོན་པོར་ཉར་ཚགས་ བྱས་ཡོད། དེ་ནི་འཛམ་གླིང་གི་གཅེས་ནོར་ཞིག་ཀྱང་ཆགས་ཡོད།
ཚན་རིག་པ་རྩེ་ཕུད་དེ་འདྲ་མང་པོས་ནང་པ་སངས་རྒྱས་པའི་གཞུང་ནས་གསུངས་པའི་ཚན་ རིག་གི་རྣམ་གཞག་དེར་དེང་སྐབས་དོ་སྣང་ཧ་ཅང་བྱེད་བཞིན་ཡོད་ཅེས་བཀའ་ལན་སྩལ།
ཡང་ བོད་ཀྱི་གནད་དོན་ཐོག་གཟིགས་ཚུལ་གཞན་ཐོག་བཀའ་སློབ་སྩལ་དོན། ཨེ་ཤི་ཡའི་རྒྱུག་ཆུ་ཆེ་ཁག་ཕལ་མོ་ཆེའི་འབྱུང་ཁུངས་མཐོ་སྒང་བོད་ཆགས་ཡོད།
རྒྱ་རིགས་ཀྱིས་གཙོས་ཁོར་ཡུག་ཉམས་ཞིབ་པ་ཚོས་བོད་དེ་འཛམ་གླིང་གི་སྣེ་གསུམ་པ་ ཡིན་པར་ངོས་འཛིན་བྱེད་བཞིན་ཡོད། དེར་བརྟེན་བོད་ཀྱི་ཁོར་ཡུག་དེ་འཛམ་གླིང་ལྷོ་བྱང་གི་སྣེ་གཉིས་དང་གཅིག་མཚུངས་
སུ་གལ་ཆེན་པོ་ཆགས་ཡོད། བོད་ནང་དུ་སྐྱེས་པའི་བོད་མི་ཚོས་བོད་ཀྱི་ཁོར་ཡུག་དང་རིག་གཞུང། སྐད་ཡིག་བཅས་བདག་གཅེས་ཡག་པོ་བྱེད་ཐུབ། དེར་བརྟེན་བོད་ནང་དུ་བོད་མི་ཚོར་རང་གི་ཐུན་མིན་ཆོས་དང་རིག་གཞུང་།
ཁོར་ཡུག་བཅས་ལ་བདག་གཅེས་བྱ་རྒྱུའི་དབང་ཆ་ཆ་ཚང་སྤྲོད་དགོས། བོད་མི་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་ གཞིའི་འོག་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་རྩོད་བཞིན་
ཡོད།
ཁྱེད་ཚོས་བོད་ཀྱི་གནད་དོན་ཐོག་དོན་དམ་གྱི་སེམས་ཁུར་བྱས་པར་རྗེས་སུ་ ཡི་རང་ཞུ་རྒྱུ་ཡིན། ཉི་ཧོང་དེ་བཞིན་མང་གཙོའི་རྒྱལ་ཁབ་གཅིག་ཡིན་པར་བརྟེན་བོད་ཀྱི་གནད་དོན་དེར་ སེམས་ཚབ་དེ་བས་ཆེ་བ་གནང་དགོས།
ངོས་རང་བྱིས་པའི་སྐབས་ནས་ད་བར་མི་ཚེ་ཧྲིལ་པོའི་རིང་རྒྱ་ནག་ནང་དོན་རྐྱེན་གང་ བྱུང་བར་དོ་སྣང་བྱེད་བཞིན་ཡོད། ད་ལྟའི་རྒྱ་ནག་དེ་བཞིན་ལོ་ངོ་ ༤༠།༥༠ གོང་དང་བསྡུར་བ་ཡིན་ན་ཧ་ཅང་འགྱུར་བ་ཆེན་པོ་ཕྱིན་ཡོད།
རྒྱ་ནག་གི་སྲིད་བློན་ཝུན་ཅཱ་པ་འོས་མང་ཚོགས་ལ་གཏམ་བཤད་བྱེད་སྐབས་རྒྱ་ནག་གི་ ཆབ་སྲིད་ལམ་ལུགས་ལ་གཅོས་བསྒྱུར་ཐོག་ནུབ་ཕྱོགས་མང་གཙོའི་ལམ་ལུགས་ལག་བསྟར་ དགོས་སྐོར་བརྗོད་ཡོད་ཅེས་སོགས་ཀྱི་བཀའ་སློབ་སྩལ།།
༄ ༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ལོ་ཉི་ཧོང་དུ་འབྱུང་ བའི་གོད་ཆག་གི་རྐྱེན་ངན་འོག་དཀའ་སྡུག་ཚད་མེད་མྱངས་པའི་ཉི་ཧོང་གི་གྲོང་ཁྱེར་ ཨི་ཤི་ནོ་མ་ཀིར་(Ishinomaki) ཆིབས་སྒྱུར་བསྐྱངས་ཏེ་གོད་ཆག་འོག་འདས་གྲོངས་སུ་གྱུར་བ་དང་རྨས་སྐྱོན་ཕོག་པ་ རྣམས་ལ་ཐུགས་སྨོན་མཛད། དེ་ཡང་མགོན་པོ་གང་ཉིད་མཆོག་ཀའུ་ཤོ་ཇི་(Koushoji)དགོན་པར་༸ཞབས་སོར་འཁོད་ མཚམས་ས་ཡོམ་དང་ཆུ་ལོག་གི་གོད་ཆག་ཕོག་པའི་མང་ཚོགས་རྣམས་ཀྱིས་ཕེབས་བསུ་གཟབ་ རྒྱས་ཞུས་ཡོད། ཉི་ཧོང་གི་དགེ་འདུན་པ་རྣམས་དང་མང་ཚོགས་བཅས་འདུ་འཛོམས་ཐོག་ཉི་ཧོང་གི་སྐད་ ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་རྗེས་བོད་སྐད་ཐོག་ཤེས་རབ་སྙིང་པོ་གསུང་ འདོན་གནང་ཡོད། དེ་ནས་༸གོང་ས་མཆོག་གིས་ཐུབ་པའི་སྐུ་བརྙན་མདུན་དུ་ཐུགས་སྨོན་མཛད་དེ་མང་ཚོགས་ ལ་བཀའ་སློབ་སྩལ་དོན།
ངོས་ རང་འདིར་ཡོང་དགོས་དོན་གཙོ་བོ་ནི་འབྱུང་བའི་རྐྱེན་ངན་འོག་དཀའ་སྡུག་མྱོང་
བཞིན་པའི་ཉི་ཧོང་མི་མང་ཚོ་དང་ལྷན་སྡུག་བསྔལ་མཉམ་མྱོང་དང་གདུང་སེམས་མཉམ་ སྐྱེ་ཞུ་ཆེད་ཡིན། ངོས་ཀྱིས་བྷི་བྷི་སི་གསར་འགྱུར་བརྒྱུད་ཉི་ཧོང་ནང་འབྱུང་བའི་རྐྱེན་ངན་དེའི་
སྐོར་གྱི་གནས་ཚུལ་མཐོང་མ་ཐག་སེམས་ནང་སྡུག་བསྔལ་དང་བློ་ཕམ་ཧ་ཅང་བྱུང། ང་ཚོ་ཚང་མ་འགྲོ་བ་མི་གཅིག་མཚུངས་ཡིན་པ་ཙམ་མ་ཟད། ངོས་རང་ཉི་ཧོང་གི་གྲོགས་པོ་ཞིག་ཡིན་པའི་ཆ་ནས་ངོས་ཀྱིས་གནས་ཚུལ་དེ་མཐོང་མ་
ཐག་གནོད་འཚེ་ཕོག་པའི་མི་མང་དང་ཐུག་རྒྱུ་དང་སྡུག་བསྔལ་མཉམ་མྱོང་ཆེད་འགྲོ་ རྒྱུའི་ཐག་གཅོད་བྱས་པ་ཡིན།
དེ་རིང་འདིར་བཅར་ཐུབ་པར་བརྟེན་ངོས་ཀྱི་བསམ་ དོན་གྲུབ་སོང། ངོས་རང་འདིར་ཡོང་སྐབས་ལམ་བར་དུ་མཚོ་རླབས་ཀྱིས་གོད་ཆག་ཚབས་ཆེ་བཟོས་པའི་རྗེས་
ཤུལ་དེ་དག་མཐོང་སྐབས་སེམས་འགུལ་ཤུགས་ཆེ་ཐེབས་ཏེ་མིག་ནང་འཆི་མ་ཡང་འཁོར་བྱུང། ཞེས་བཀའ་སློབ་སྩལ་བ་དང་ཆབས་ཅིག་མགོན་པོ་གང་ཉིད་མཆོག་གིས་གནོད་སྐྱོན་ཕོག་
པའི་ཉི་ཧོང་མི་མང་རྣམས་ཀྱི་སྙིང་སྟོབས་ལ་རྗེས་སུ་ཡི་རང་མཛད་པ་དང་འབྲེལ་བཀའ་ སློབ་སྩལ་དོན།
ང་ ཚོས་རྐྱེན་ངན་འཕྲད་སྐབས་མིའི་རྣམ་དཔྱོད་བེད་སྤྱོད་བྱས་ཏེ་བསམ་བློ་རྒྱ་ཆེ་ས་
ནས་གཏོང་དགོས། དེ་བཞིན་རྐྱེན་ངན་གྲོགས་སུ་འགྱུར་ཐུབ་པ་བྱས་ཏེ་འཛུགས་བསྐྲུན་གསར་པ་ཞིག་ སྐྲུན་ཐབས་བྱེད་དགོས། དམག་ཆེན་གཉིས་པའི་སྐབས་ཧི་རོ་ཤི་མ་དང་ན་ག་ས་ཀིའི་ནང་རྡུལ་ཕྲན་མཚོན་ཆའི་འབར་
རྫས་དབྱུགས་ཏེ་གནོད་སྐྱོན་ཚབས་ཆེ་བྱུང་ཡོད་ཀྱང་།
སྙིང་ སྟོབས་ལྡན་པའི་ཉི་ཧོང་པ་ཚོས་ཆོད་སེམས་བརྟན་པོའི་ཐོག་ནས་དེ་ལྟ་བུའི་གོ་ཐལ་ ཁྲོད་ནས་རྒྱལ་ཁབ་བསྐྱར་གསོའི་འཛུགས་སྐྲུན་གནང་ཐུབ་ཡོད། ད་ལྟ་ཁྱེད་ཚོས་སེམས་ཤུགས་དང་དཀའ་སྡུག་བཟོད་སྒོམ་གྱིས་སྙིང་སྟོབས་ཟུང་འབྲེལ་ ཐོག་གྲོང་སྡེ་བསྐྱར་གསོའི་ལས་གཞིར་ཤུགས་རྒྱག་དགོས་པ་མ་ཟད། ཕྲུ་གུ་ཚོར་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་ཡོང་ཆེད་སློབ་སྦྱོང་སྤྲོད་དགོས།
ངོས་ རང་ལ་ཆ་བཞག་ན་བོད་ནང་རྒྱ་ནག་དམར་ཤོག་གིས་བཙན་འཛུལ་བྱས་ཏེ་རང་ཡུལ་ཤོར་ཏེ་ ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་ཀྱང་ངོས་ཀྱིས་རྣམ་དཔྱོད་དང་གདེང་སྤོབས་ཐོག་ནས་
བདེན་པར་ཡིད་ཆེས་ཀྱིས་སྐྱེན་ངན་དེ་དག་གྲོགས་སུ་གྱུར་ཐུབ་པར་བརྟེན། མི་ལོ་ ༥༠ ལྷག་སོང་ཡང་ངོས་ཀྱི་ཡིད་ཆེས་དང་ཆོད་སེམས་བརྟན་པོར་གནས་ཡོད། ཅེས་བཀའ་སློབ་སྩལ་གྲུབ་བསྟུན།
༸ གོང་ས་མཆོག་གིས་དགོན་པའི་ཕྱིར་སྡོད་ཡོད་པའི་མི་མང་རྣམས་ལ་བཀའ་སློབ་སྩལ་དོན།
ནང་པའི་སློབ་དཔོན་ཆེན་པོ་རྣམས་ཀྱིས་གསུངས་པ་ལྟར་ང་ཚོས་དཀའ་ངལ་དེ་དག་ལ་སེམས་ ཁྲལ་བྱ་རྒྱུའི་ཚབ་ཏུ་ཕྱོགས་ཡོངས་ཀྱི་གནས་སྟངས་ལ་བསམ་བློ་བཏང་སྟེ་དཀའ་ལས་ བརྒྱབ་པ་ཡིན་ན། དཀའ་ངལ་ལས་རྣམ་པར་རྒྱལ་ཐུབ།
ནང་པའི་ལྟ་གྲུབ་ཐོག་ནས་བཤད་ན་ང་ཚོར་རྐྱེན་ངན་གང་འདྲ་ཞིག་འཕྲད་ཀྱང་དེ་དག་ ཐམས་ཅད་རྒྱུ་རྐྱེན་ལ་བརྟེན་ནས་བྱུང་བ་ཤ་སྟག་ཡིན། ཚེ་སྔོན་བསགས་པའི་ལས་ངན་གྱི་འབྲས་བུ་དེ་དག་ཚེ་འདིར་རང་གིས་མྱང་དགོས་ཀྱི་
ཡོད། ཚེ་རབས་ཐོག་མ་ནས་བསགས་པའི་ལས་ཀྱི་འབྲས་བུ་དེ་དག་བསྐལ་པ་མང་པོའི་རིང་མ་བྱང་ བར་གནས་ཤིང་ནམ་ཞིག་དུས་ལ་བབ་ཚེ་འབྲས་བུ་སྨིན་གྱི་ཡོད།
ང་ཚོས་ཚེ་སྔོན་བསགས་པའི་ལས་ངན་གྱི་རྣམ་སྨིན་དེ་ཤུགས་ཆུང་དུ་གཏོང་ཐུབ། དེ་ལྟར་ཡོང་བར་ང་ཚོས་དགེ་བའི་ལས་མང་ཙམ་གསོག་དགོས། དགེ་བའི་འབྲས་བུའི་རྣམ་སྨིན་ནི་མི་དགེ་བའི་འབྲས་བུ་ལས་སྟོབས་ཆེ་བ་ཡོད།
མི་ཚེ་དྲང་བདེན་ཞིག་བསྐྱལ་བ་ཡིན་ན་ལས་བཟང་པོ་གསག་ཐུབ།
ད་ ཆ་ཁྱེད་ཚོ་སེམས་ཤུགས་ཆག་རྒྱུའི་དུས་ཚོད་མིན་པར་སྙིང་རུས་ཐོག་ཁྱིམ་གཞི་ བསྐྱར་འཛུགས་བྱེད་དགོས། གལ་ཏེ་ཁྱེད་ཚོས་ཁྱིམ་གཞི་བསྐྱར་འཛུགས་ལེགས་པར་འགྲུབ་མཚམས་ངོས་རང་མགྲོན་ འབོད་བྱ་རྒྱུ་མ་བརྗེད་པ་གནང་རོགས། སྐབས་དེར་ང་ཚོས་དུས་སྟོན་གྱི་མཛད་སྒོ་ཆེན་པོ་ཞིག་སྲུང་བརྩི་ཞུས་ཆོག ཅེས་བཀའ་སློབ་སྩལ་ཡོད།
དེ་ རྗེས་ཨི་ཤི་ནོ་མ་ཀིའི་ནང་པའི་མཐུན་ཚོགས་ཀྱི་མཁན་པོ་མཆོག་གིས་༸གོང་ས་མཆོག་ས་ ཁུལ་དེར་ཆིབས་སྒྱུར་བསྐྱངས་ཏེ་ཡུལ་མི་ཚོ་དང་མཇལ་འཕྲད་མཛད་པར་ཐུགས་རྗེ་ཆེ་ ཞུའི་གསུང་བཤད་གནང་དོན། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ས་གནས་འདིར་ཆིབས་སྒྱུར་བསྐྱངས་ཏེ་ང་ ཚོར་སེམས་གསོ་མཛད་པ་དེ་ནི་ཧ་ཅང་སྐལ་པ་བཟང་པོ་བྱུང།
ང་ཚོས་གྲོང་ཁྱེར་བསྐྱར་གསོའི་ལས་གཞི་ལེགས་པར་འགྲུབ་བསྟུན་སྐུ་ཉིད་ལ་ངེས་པར་དུ་མགྲོན་འབོད་ཞུ་རྒྱུ་ཡིན་ཞེས་ཞུས་ཡོད་པ་བཅས།།
ཉིན་འདི་འགར་༧གོང་ས་མཆོག་གིས་ཉི་ཧོང་དུ་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཁག་སྐྱོང་བཞིན་པ་ལྟར། ཟླ་འདིའི་ཕྱི་ཚེས་༤ཉིན་༧གོང་ས་མཆོག་ཡུལ་དེའི་སཱན་ཌའི་(SENDAI)གྲོང་ ཁྱེར་དུ་ཆིབས་བསྒྱུར་བསྐྱངས་ཏེ། ད་ལོར་ས་ཡོམ་གོད་ཆག་ཁྲོད་རྐྱེན་འདས་སུ་ཕྱིན་པ་ཚོར་བསྔོ་བ་སྨོན་ལམ་གསུངས་ རྗེས། ཁུལ་དེའི་གསར་འགོད་ལྷན་ཚོགས་གི་སྟེང་ཕེབས་ཏེ། ཉེ་ཆར་བོད་ནང་རང་ལུས་མེར་བསྲེགས་བཏང་པའི་གནས་སྟངས་ཐོག་གསར་འགོད་པའི་དྲི་བར་ བཀའ་ལན་བསྩལ་ཡོད་ཅིང་། སྐབས་དེར་༧གོང་ས་མཆོག་གིས་ “ བོད་ མི་ཚོས་རང་ལུས་མེར་བསྲེགས་བྱེད་པ་དེ་ཨུ་ཐུག་ཐབས་ཟད་ཀྱི་གནས་སྟངས་ཤིག་ཆགས་ ཡོད་སྟབས། རྒྱ་ནག་དཔོན་རིགས་ཚོས་རང་ལུས་མེར་བསྲེགས་བཏང་བའི་རྒྱུ་རྐྱེན་ལ་འཚོལ་ཞིབ་བྱ་ དགོས་པ་རེད། ༢༠༠༩ ལོར་རྒྱ་ནག་ཀོང་ཏུང་(Guangdong)ཞིང་ ཆེན་དམར་ཤོག་མགོ་ཁྲིད་ཅིག་གིས། ཏང་གིས་གྲངས་ཉུང་མི་རིགས་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་ཞིབ་དགོས་ཀྱི་ འདུག་ཅེས་བཤད་ཡོད་ལ། སྲིད་བློན་ཝུན་ཅཱ་པའོ་ཡིས་ཀྱང་རྒྱ་ནག་ཆབ་སྲིད་ལ་བཅོས་བསྒྱུར་གཏོང་དགོས་ སྐོར་བརྗོད་ཡོད་སྟབས། རྒྱ་ནག་མགོ་ཁྲིད་ཚོས་གནད་དོན་དེའི་ཐོིག་ངེས་པར་དུ་བསམ་བློ་གཏོང་དགོས་པ་རེད། འདས་པའི་མི་ལོ་ ༦༠ རིང་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་ཞིབ་བྱ་རྒྱུའི་དུས་ལ་བབས་ཡོད་ཅེས ” གསུངས་འདུག
༄ ༅། །༸གོང་ས་མཆོག་གིས་ཉི་ཧོང་གི་གྲོང་ཁྱེར་སན་ཌའི་ནང་དུ་རྟེན་གཞི་བྱས་པའི་སེ་ ཝའི་གེ་ཀུན་ནང་པའི་སློབ་གྲྭ་ཆེ་བ་ཞིག་(Seiwa Gakuen Buddhist high School)ཡོད་པ་དེར་ཆིབས་སྒྱུར་བསྐྱངས་ཏེ་དགེ་ལས་སློབ་ཕྲུག་ཚོར་བཀའ་སློབ་སྩལ། སྐབས་དེར་ཐོག་མར་༸གོང་ས་མཆོག་སློབ་གྲྭའི་ཚོགས་ཁང་དུ་ཆིབས་སྒྱུར་བསྐྱངས་ སྐབས་ཉི་ཧོང་དགེ་ལས་སློབ་ཕྲུག་ཚོས་ཆར་པ་སིམ་སིམ་འབབ་བཞིན་པའི་ཁྲོད་ལག་ཏུ་ འཚམས་འདྲིའི་སྦྱར་ཡིག་ཐོགས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་རྗེས་ཚོགས་ཁང་དུ་༸ཞབས་སོར་འཁོད་མཚམས་གསེར་བཟང་གི་སྟོན་པ་ཐུབ་པའི་དབང་ པོའི་སྐུ་བརྙན་བཤམས་པའི་སྡིངས་ཆའི་མདུན་དུ་སློབ་ཕྲུག་ཚོས་ཉི་ཧོང་སྐད་དུ་ ཤེས་རབ་སྙིང་པོ་བཏོན། དེ་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། མ་འོངས་པ་དེ་ཁྱེད་ཚོའི་ལག་ཏུ་ཡོད། དུས་རབས་ ༢༡ འདིར་འཛམ་གླིང་ལ་འཕྲད་བཞིན་པའི་དཀའ་ངལ་མང་པོ་ཞིག་ནི་འདས་པའི་དུས་རབས་ ༢༠ ནང་མིའི་རྣམ་དཔྱོད་བེད་སྤྱོད་ལོག་པ་བཏང་བ་ལས་བྱུང་བ་ཞིག་ཡིན། དྲག་པོའི་ལམ་ནས་དཀའ་ངལ་ནམ་ཡང་སེལ་མི་ཐུབ། དེར་བརྟེན་འཚེ་བ་མེད་པའི་ལངས་ཕྱོགས་དེ་དོན་སྙིང་ལྡན་པའི་ཐབས་ལམ་ཞིག་ཡིན། ང་ཚོས་རྒྱལ་མཚམས་མེད་པར་གོ་ལ་ཧྲིལ་པོ་ང་ཚོ་ཞེས་གཅིག་གྱུར་གྱི་བསམ་བློ་ཞིག་ བསྐྲུན་ཐུབ་རྒྱུའི་འཆར་སྣང་ཞིག་ངེས་པར་བསྐྲུན་དགོས། དེ་ལྟར་བྱུང་ན་ཞི་བདེ་དང་བདེ་སྐྱིད་ལྡན་པའི་འཛམ་གླིང་ཞིག་བསྐྲུན་ཐུབ། དེ་འདྲ་ཞིག་ཡོང་བར་རྣམ་དཔྱོད་གཅིག་པུས་མ་འདང་པར་རྣམ་དཔྱོད་དེ་དང་འབྲེལ་བའི་ ཐོག་ནས་བྱམས་བརྩེའི་བསམ་པས་ཟིན་ཐུབ་པ་ཞིག་ངེས་པར་དུ་དགོས་ཞེས་བཀའ་སློབ་སྩལ། གཞན་ཡང་སྐབས་དེར་སློབ་མ་ཞིག་གིས་མགོན་པོ་གང་མཆོག་གི་སྐུའི་འཕྲོད་བཞེས་ཀྱི་ གནས་སྟངས་ཧ་ཅང་གསལ་ཐང་ཡོད་པ་དེའི་རྒྱུ་མཚན་ཇི་ཡིན་ཞེས་ཞུས་པར། ༸གོང་ས་མཆོག་གིས་བཀའ་ལན་སྩལ་དོན། ཚན་རིག་སྨན་པའི་གཞུང་ལུགས་ལྟར་ན་ལུས་པོའི་འཕྲོད་བསྟེན་གྱི་གནས་སྟངས་ཡོངས་ རྫོགས་ཀྱི་འབྱུང་ཁུངས་དེ་སེམས་ཀྱི་ཞི་བདེ་ཡིན་པ་བརྗོད་ཡོད། དཀའ་ངལ་ནི་མི་ཚང་མར་ཡོད་ཀྱང་དེར་ལྟ་ཚུལ་མི་འདྲ་བའི་ཐོག་ནས་སྙིང་སྟོབས་ཆེ་ ཆུང་གི་ཁྱད་པར་ཡོང་བཞིན་ཡོད་ཅེས་བཀའ་ལན་སྩལ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༧ ཉིན་བཞུགས་སྒར་ཕོ་བྲང་དུ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་འོག་འཛམ་གླིང་གི་གྲགས་ཅན་ཚན་རིག་པ་ཁག་གཅིག་དང་ཁོར་ཡུག་གི་ཚན་རིག་པ། ལས་འགུལ་བ། དེ་བཞིན་སེམས་ཁམས་དང་ནང་ཆོས་མཁས་པ་སོགས་ལྷན་འཛོམས་ཀྱིས་སེམས་དང་སྲོག་གི་ཚོགས་འདུ་ཐེངས་སུམ་ཅུ་སོ་གཉིས་པ་འཚོགས་ཡོད།
དེ་ཡང་ཚོགས་ཐུན་དང་པོའི་གཙོ་སྐྱོང་བ་སྐུ་ཞབས་ཌན་ནིལ་གྷོལ་མན་ (Daniel Goleman) གྱིས་ངོ་སྤྲོད་གསུང་བཤད་གནང་དོན། ད་རེས་ཀྱི་སེམས་དང་སྲོག་གི་ཚོགས་འདུ་འདིས་ཁོར་ཡུག་གི་དཀའ་ངལ་སེལ་བའི་ཐད་ཆོས་དང་ཚན་རིག དེ་བཞིན་ལྟ་གྲུབ་བཅས་ཀྱི་ངོས་ནས་ཞབས་འདེགས་གང་ཞིག་སྒྲུབ་ཐུབ་ཀྱི་ཡོད་མེད་སྐོར་བཀའ་བསྡུར་གནང་རྒྱུ་དང་། དེ་ནི་སེམས་དང་སྲོག་གི་ཚོགས་འདུ་ཀྱི་བརྗོད་གཞི་མི་འདྲ་བ་ཞིག་ཆགས་ཡོད་པར་མ་ཟད། ཁོར་ཡུག་གི་བརྗོད་གཞིའི་ཐོག་བཀའ་བསྡུར་གནང་བའི་ཚོགས་འདུ་ཐེངས་གཉིས་པའང་ཆགས་ཡོད། ཅེས་གསུངས་ཡོད། ཚོགས་ཐུན་དང་པོར་ཨེ་རི་ཛོ་ན་གཙུག་ལག་སློབ་གཉེར་ཁང་གི་ཁོར་ཡུག་སྡེ་ཚན་གྱི་ངེས་སྟོན་པ་ལྩམ་སྐུ་ཌའི་ན་ལེ་ཝར་མན་གྱིས་འགྲོ་བ་མིའི་ཀུན་སྤྱོད་ཀྱིས་རྐྱེན་པས་གོ་ལའི་ཐོག་ཚེ་སྲོག་རྒྱུན་གནས་ཐུབ་མིན་སྐོར་གསུང་བཤད་གནང་དོན། ཁོར་ཡུག་གི་དཀའ་ངལ་ནི་ཉེན་ཚབས་ཆེ་བའི་གནམ་གཤིས་འགྱུར་ལྡོག་ཙམ་མ་ཡིན་པར་སྐྱེ་ཁམས་རྩ་བརླག་དང་རྒྱ་མཚོའི་ཆུ་ཚད་ལ་འགྱུར་བ་འགྲོ་བ། དེ་བཞིན་ས་ཆུ་དང་རང་བྱུང་གཏེར་དངོས་རྣམས་ཚད་ལས་བརྒལ་བའི་བེད་སྤྱོད་བཏང་བ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་ཞེས་གསུང་བཤད་གནང་ཡོད། སྐབས་དེར་ྋགོང་ས་མཆོག་གིས་གནད་དོན་དེའི་ཐོག་དོགས་འདྲི་མཛད་དོན། འཛམ་གླིང་གི་ས་ཆ་ཁ་ཤས་དེ་རིང་ཁ་སང་གྲང་མོ་ཡོད་ཡང་དེ་ཚོའི་གྲས་སྔ་མོ་ཚ་བ་ཡོད་པའི་ཁུལ་ལ་རྩི་བཞིན་ཡོད། དེར་བརྟེན་སའི་གོ་ལ་ག་ལེར་ག་ལེར་འགྱུར་བ་འགྲོ་གི་ཡོད་པ་ལྟ་བུ་འདུག ད་ལྟའི་འགྱུར་བ་དེ་ལོ་བརྒྱ་ཕྲག་ཆིག་སྟོང་ནང་ཚུན་ལ་བྱུང་བ་རེད་དམ། ཡང་ན་ལོ་བརྒྱ་ཕྲག་ཆིག་སྟོང་གོང་ནས་ད་ལྟའི་བཟོ་ལྟ་འདི་ཆགས་ཟིན་པ་ཤོད་ཀྱི་ཡོད་དམ། འདི་སྐོར་གང་འདྲ་བྱས་ནས་བརྗོད་ཀྱི་ཡོད་དམ། ཞེས་དོགས་འདྲི་མཛད་ཡོད།
དེ་བཞིན་ཚོགས་འདུ་དབུ་འབྱེད་ཐོག་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། ངོས་ཀྱིས་ཆབ་སྲིད་འགན་དབང་ཡོངས་རྫོགས་མི་མང་ནས་ཐད་ཀར་འོས་འདེམས་བྱས་པའི་འགོ་ཁྲིད་ཚོར་རྩིས་སྤྲོད་བྱས་པ་ཡིན། ལོ་ངོ་མང་པོའི་རིང་གི་དགའ་ལྡན་ཕོ་བྲང་གིས་གཞུང་འཛིན་སྐྱོང་བྱས་པའི་ལམ་སྲོལ་དེ་ཡང་ངོས་ཀྱིས་དང་བླངས་ཐོག་བསྒྱུར་བཅོས་བཏང་ཡོད། དེ་བཞིན་སེམས་དང་སྲོག་གི་ཚོགས་འདུ་འདི་ལྟ་བུ་འགྲོ་བ་མིའི་ཀུན་སྤྱོད་གོང་འཕེལ་གཏོང་རྒྱུའི་ལས་འགན་གྱི་ཆ་ཤས་སུ་གྱུར་ཡོད་སྟབས། ངོས་ཀྱིས་དེ་དག་མུ་མཐུད་མཇུག་སྐྱོང་བྱ་རྒྱུ་ཡིན། འདི་ལྟ་བུའི་ཚོགས་འདུའི་སྐབས་སུ་ཚང་མས་གོ་བསྡུར་དང་དགོངས་ཚུལ་བརྗེ་ལེན་གནང་སྟེ་སེམས་བཟང་པོ་དང་བྱམས་སྙིང་རྗེའི་ཤུགས་རྐྱེན་ཇི་ཡོད་དང་། ཁོང་ཁྲོ་དང་ཞེ་སྡང་སོགས་ལ་སྐྱོན་ཆ་གང་ཡོད་ཐོག་ཞིབ་འཇུག་ནན་ཏན་གནང་དགོས། སྤྱིར་བཏང་རང་བྱུང་གི་གནོད་འཚེའི་དཀའ་ངལ་ཡོང་གི་ཡོད་པ་དེ་དག་ནི་ཟློག་དཀའ་བ་ཞིག་ཡིན། འོན་ཀྱང་དེ་དག་གི་འབྱུང་ཁུངས་གང་ཡིན་རྩད་གཅོད་བྱེད་དགོས་པར་མ་ཟད། མིའི་ཀུན་སྤྱོད་ཐོག་ལ་དཔྱད་པ་བྱེད་དགོས། དེ་རིང་སྔ་དྲོ་ངོས་ཀྱིས་གསར་འགྱུར་ལ་ལྟ་སྐབས་པ་ཀི་སི་ཐན་དུ་ཆུ་ལོག་དོན་རྐྱེན་འོག་གནོད་འཚེ་ཕོག་པ་རྣམས་ལ་རོགས་དངུལ་རིམ་བཞིན་རྫོགས་འགྲོ་གི་ཡོད་པའི་གསར་འགྱུར་ཞིག་འདུག གནས་སྟངས་དེ་དག་ནི་ཧ་ཅང་སེམས་སྐྱོ་དགོས་པའི་ཞིག་ཡིན། དེ་བཞིན་ཚོགས་འདུ་འདིའི་སྐབས་ཚང་མས་ཐུགས་སྣང་ཆེན་པོས་དགོངས་ཚུལ་བརྗེ་ལེན་གནང་དགོས་པར་མ་ཟད། དཀའ་ངལ་དེ་དག་ཐོག་མི་གཞན་གྱིས་་ཀྱང་དོ་སྣང་ཡོང་ཐབས་ཐད་འབད་བརྩོན་གནང་དགོས་ཞེས་སོགས་ཀྱི་བཀའ་སློབ་སྩལ་ཡོད།། །།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༦ ཉིན་གྲགས་ཅན་དུས་དེབ་ཊེམ་ TIME ཞེས་པའི་ནང་འཁོད་དོན་ལྟར་ན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་སྟེང་གི་གྲགས་ཅན་གྱི་དབུ་ཁྲིད་ཉེར་ལྔའི་ཁོངས་སུ་འདེམས་ཐོན་བྱུང་འདུག དེ་ཡང་དུས་དེབ་དེའི་ནང་འཁོད་དོན།
བོད་ཀྱི་ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་བོད་བརྒྱུད་ནང་བསྟན་གྱི་རླབས་ཆེན་དབུ་ཁྲིད་ཅིག་ཡིན་པ་མ་ཟད།
རྒྱལ་སྤྱིའི་སྤྱི་ཚོགས་ནང་བོད་མི་རིགས་ཀྱི་རང་དབང་དང་བདེན་པའི་འཐབ་རྩོད་གནང་མཁན་ཞིག་ཀྱང་ཡིན། ཕྱི་ལོ་ ༡༩༥༩
ལོར་ྋགོང་ས་ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་བཙན་བྱོལ་དུ་འབྱོར་རྗེས་ལོ་ངོ་བཅུ་ཕྲག་མང་པོའི་རིང་སྐུ་ལྷོད་ལྷོད་མ་བཞུགས་པར་རྒྱ་བོད་བར་གྱི་ཛ་དྲག་གི་དཀའ་ངལ་སེལ་ཐབས་དང་།
འཛམ་གླིང་ཞི་བདེར་སྨན་པའི་ཕྱག་ལས་གནང་སྟེ། རྒྱ་གར་གྱི་མེས་པོ་དམ་པ་གྷན་རྡི་མཆོག་དང་། ཨ་རིའི་མི་རིགས་ནག་པོའི་རང་དབང་འཐབ་རྩོད་པ་མཱ་ཌན་ལུ་ཐར་ཀིང་རྣམ་གཉིས་ལྟར་འཚེ་མེད་ཞི་བདེ་དང་།
འཛམ་གླིང་ཁྱོན་ལ་ཆོས་ལུགས་མཐུན་སྒྲིལ་ཐོག་ཕྱག་ལས་གནང་མཁན་གྱི་རླབས་ཆེན་གྱི་དབུ་ཁྲིད་ཅིག་ཡིན་པར་ངོས་འཛིན་ཞུས་འདུག
ྋགོང་ས་མཆོག་འཛམ་གླིང་ནང་མཚན་སྙན་ཆེ་བའི་རླབས་ཆེན་གྱི་དབུ་ཁྲིད་ཉེར་ལྔའི་ཁོངས་ཀྱི་བཅུ་གསུམ་པ་དེ་ཡིན་འདུག དེ་ཡང་དེ་ཟླའི་ཚེས་ ༦ ཉིན་ཏེ་ཨ་རིའི་སྲིད་འཛིན་འདས་པོ་སྐུ་ཞབས་རོ་ནལ་ཌ་རི་གྷན་ Ronald Reagan
དམ་པ་དེ་སྐུ་འཁྲུངས་ནས་མི་ལོ་བརྒྱ་འཁོར་བའི་དུས་དྲན་དང་སྟབས་བསྟུན་གསལ་བསྒྲགས་གནང་འདུག
ཟླ་འདིའི་ཚེས་༡༠ ནས་༡༢ བར་ཉིན་གྲངས་གསུམ་གྱི་རིང་(USA Today) དང་(The Gallup Organisation) ཞེས་པའི་ཨ་རིའི་ནང་རྟེན་གཞི་བྱས་པའི་གསར་འགྱུར་བརྒྱུད་ལམ་ཁག་གིས། ལོ་འདིའི་ཨ་རི་བ་ཚོས་དགའ་མོས་ཆེ་ཤོས་བྱེད་སའི་འཛམ་གླིང་གི་དབུ་ཁྲིད་གྲགས་ཅན་བཅུའི་མཚན་གཞུང་གསལ་བསྒྲགས་བྱས་ཡོད་འདུག
བོད་གཞུང་དྲ་བས་གནས་ཚུལ་སྤེལ་བ་ལྟར་ན། མཚན་གཞུང་ཨང་དང་པོ་དེ་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་དང་ཨང་བཅུ་པར་༸གོང་ས་ཆེན་པོ་མཆོག་ཡིན་པ་རེད། མི་མང་ཁྲོད་བསམ་ཚུལ་བསྡུ་བ་སོགས་ཉམས་ཞིབ་བྱེད་མཁན་གཙོ་བོ་ནི། ཨ་རིའི་གླིང་ཕྲན་ནང་གནས་སྡོད་བྱེད་མཁན་ལོ་ན་༡༨ ཡན་གྱི་རྒན་གཞོན་ཁྱོན་མི་གྲངས་༡༠༡༩ ཙམ་ལ་ཁ་པར་ཐོག་ཐད་ཀར་དྲི་བ་བྱས་པའི་གྲུབ་འབྲས་ཤིག་ཡིན་པ་རེད།།