ཉེ་ལམ་བོད་བྱང་ཤར་རེབ་གོང་ཁུལ་དུ་གནས་སྟངས་ཛ་དྲག་ཆེ་རུ་འགྲོ་བཞིན་པ་དེར་བོད་མིའི་སྒྲིག་འཛུགས་ལ་བློ་འཚབ་ཧ་ཅང་ཡོད། ཁ་སང་ཕྱི་ཚེས་ ༡༧ ཉིན་རང་ལོ་ ༤༤
སོན་པ་བོད་མི་ཞིང་པ་བསོད་ནམས་དར་རྒྱས་ལགས་ཀྱིས་༧གོང་ས་མཆོག་བོད་དུ་གདན་ཞུ་དགོས་པའི་འབོད་ཚིག་སྒྲོག་བཞིན་དུ་རང་ལུས་མེར་སྲེག་བཏང་འདུག
སྐབས་དེར་ས་གནས་བོད་མི་ཚོས་མེ་གསོད་ཐབས་བྱས་ཀྱང་རྗེས་སུ་ཁོང་འདས་གྲོངས་སུ་གྱུར་ཡོད། མེ་གསོད་མཁན་བོད་མི་ཚོས་སྐབས་དེར་ཤེས་གསལ་ལྟར་ན།
བསོད་ནམས་དར་རྒྱས་ལགས་ཀྱིས་རང་ལུས་མེར་སྲེག་སྐབས་ཁོང་གི་གྲོད་ཁོག་རྡོལ་བ་དང་ཁོང་གི་ལྟེ་བའི་མཐའ་སྐོར་དུ་ཟངས་སྐུད་ཕྲ་བོའི་སྲིན་བལ་གྱི་བཏུམ་པ་ཞིག་བཅིངས་ཡོད་པ་མཐོང་ཡོད།
གནས་ཚུལ་ཐོན་གསལ་བསོད་ནམས་དར་རྒྱས་ལགས་ཀྱིས་ཉེ་ལམ་ལོ་ཤས་ནང་༸གོང་ས་མཆོག་བོད་དུ་གདན་ཞུ་ཐུབ་པ་བྱ་རྒྱུ་དེ་ནི་ཁོང་གི་ལས་དོན་གལ་ཆེ་ཤོས་སུ་ངོས་འཛིན་གནང་བཞིན་ཡོད་པ་མ་ཟད།
༧གོང་ས་མཆོག་བོད་དུ་གདན་ཞུ་ཐུབ་པ་བྱུང་ཚེ་བོད་ཀྱི་གནད་དོན་སེལ་ཐུབ་རྒྱུར་ཡིད་ཆེས་གནང་བཞིན་ཡོད་པའི་དགོས་འདུན་ཡང་ཡང་འདོན་བཞིན་ཡོད་འདུག
དམ་པ་པ་ཁོང་གི་སྐུ་ཕུང་དེ་བཞིན་རེབ་གོང་དགོན་པའི་མདུན་དུ་སྒྲོལ་མ་ཐང་ཞེས་པ་དེར་ཞུགས་འབུལ་སྐབས་ས་གནས་བོད་མི་དང་གཞན་ཡང་ཉེ་འདབས་ཀྱི་ས་ཁུལ་བཅས་ནས་ཁྱོན་བོད་མི་ ༧༠༠༠ ཙམ་འདུ་འཛོམས་བྱུང་ཡོད།
སྐབས་དེར་མཚོན་ཆ་ཐོགས་པའི་རྒྱ་མིའི་ཉེན་རྟོག་དམག་མི་དང་བོད་རིགས་དབར་དངོས་སུ་མདོང་ཐུག་བྱུང་ཡོད། འདུ་འཛོམས་ཆེན་པོ་དེ་འདྲ་དེ་སྔ་བྱུང་མྱོང་མེད།
དེར་བརྟེན་རྒྱ་མིའི་ཉེན་རྟོག་དམག་མི་རྣམས་རེ་ཞིག་ཕྱིར་འཐེན་མ་བྱས་ཐབས་མེད་བྱུང་ཡང། དམག་མི་དང་དྲག་ཆས་ཉེན་རྟོག་མི་སྣ་མང་པོ་ཞིག་དགོན་པའི་མཐའ་སྐོར་དུ་གནས་བཞིན་དུ། རེབ་གོང་དགོན་པའི་ནང་དུ་དམ་པ་ཁོང་གྱི་ཆེད་མཆོད་འབུལ་སྨོན་ལམ་ཚོགས་ཡོད། བསོད་ནམས་དར་རྒྱས་ལགས་ནི་འདི་ཟླའི་ཕྱི་ཚེས་ ༡༦
ཉིན་རང་ལུས་མེར་སྲེག་བཏང་སྟེ་རྨས་སྐྱོན་ཚབས་ཆེ་ཕོག་པ་འཇམ་དབྱངས་དཔལ་ལྡན་ལགས་དང་སེམས་ཐག་ཉེ་བོ་ཡོད་འདུག དེང་སྐབས་ཁོང་རེབ་གོང་དགོན་པའི་ནང་རང་གི་གཟིམ་ཤག་ཏུ་གནས་སྟངས་ཛ་དྲག་འོག་སྨན་བཅོས་གནང་མུས་ཡིན་ཀྱང་།
ད་ཆ་ཁོང་གི་ཀླད་རྩའི་བྱེད་ལས་ལ་སྨན་གྱི་ཕན་འབྲས་མེད་སྟབས། ཉིན་རེ་བཞིན་གནས་སྟངས་ཇེ་ཞེན་ཇེ་སྡུག་ཏུ་འགྲོ་མུས་ཡིན་འདུག
འདས་པའི་ཟླ་ཤས་རིང་རྒྱ་ནག་གཞུང་གིས་རེབ་གོང་དགོན་པ་དང་སློབ་གྲྭ་སོགས་ཀྱི་ནང་དམག་དཔུང་ཕོན་ཆེ་འགྲེམས་འཇོག་བྱས་ཏེ་ས་གནས་ལས་ཁུངས་ཀྱི་ལས་བྱེད་པ་དང་།
སློབ་གྲྭའི་སློབ་མ་རྣམས་ལ་ཞི་རྒོལ་བྱེད་པའི་གནས་ཚུལ་ཐོན་ཚེ་འབྲེལ་ཡོད་ལས་ཁུངས་དང་སློབ་གྲྭ་སོགས་ནས་ཕྱིར་འབུད་གཏོང་རྒྱུའི་སྡིགས་ར་བཏང་བ་སོགས་མདོར་ན་བོད་མི་དགེ་འདུན་པ་ཙམ་མ་ཟད།
སེར་སྐྱ་མང་ཚོགས་ལའང་དམ་བསྒྲགས་ཤུགས་ཆེ་བྱས་དང་བྱེད་མུས་ལ་བརྟེན།
ད་ཆ་རེབ་གོང་བོད་མི་རྣམས་ཀྱི་འགྲོ་བསྐྱོད་དང་འདུ་འཛོམས་བྱ་རྒྱུར་དམ་བསྒྲགས་ཧ་ཅང་བྱེད་བཞིན་པར་བརྟེན་གནས་སྟངས་ཛ་དྲག་ཏུ་འགྲོ་མུས་ཡིན་འདུག
རྒྱ་ནག་གཞུང་གིས་རེབ་གོང་ཁུལ་དུ་བོད་མི་ཚོར་ཆེད་མངགས་སུན་གཙེར་བཟོ་རྒྱུའི་སྲིད་བྱུས་འོག་བོད་མི་ཚོའི་བདེ་སྡུག་གི་གནས་སྟངས་ཐོག་བོད་མིའི་སྒྲིག་འཛུགས་ལ་སེམས་འཚབ་ཧ་ཅང་ཡོད། བོད་རིགས་ཕོན་ཆེ་གནས་སྡོད་བྱེད་བཞིན་པའི་མཚོ་སྔོན་ས་གནས་སྲིད་གཞུང་གིས་སི་ཁྲོན་ཞིང་ཆེན་དང་མི་འདྲ་བར་བོད་མི་ཞི་རྒོལ་བ་ཚོར་ཞི་འཇམ་ལྡན་པའི་ཐབས་ལམ་ཐོག་ནས་སྟངས་འཛིན་བྱ་རྒྱུར་ང་ཚོས་རེ་བ་བྱེད་བཞིན་ཡོད་ཅེས་འབོད་སྐུལ་གནང་འདུག
ཕ་ཡུལ་མགོ་ལོག་ནས་ཡིན་པའི་ཨོ་རྒྱན་རིག་འཛིན་ལགས་ཀྱིས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། འདི་ལོའི་བོད་ཆུ་འབྲུག་ལོའི་ལོ་སར་ཚེས་ ༡ ཉིན་མདོ་སྨད་མགོ་ལོག་ཇོ་ནང་ལྕམ་མདའ་དགོན་པའི་ནང་སྐྱ་སེར་ ༣༠༠ ལྷག་འཛོམས་ཏེ། ཞོགས་པའི་ཆུ་ཚོད་ ༨ པ་ནས་དགོང་མོའི་ཆུ་ཚོད་ ༥ བ་བར་༸གོང་ས་མཆོག་དང་རྒྱལ་བ་ཀརྨ་པ་དབུས་པའི་བསྟན་འཛིན་སྐྱེས་བུ་རྣམས་ཀྱི་སྐུ་ཚེ་བསྐལ་བརྒྱར་བསྟན་པ་དང་། བོད་བསྟན་སྲིད་ཀྱི་ཆེད་དུ་རང་སྲོག་བློས་གཏོང་བྱས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་བཟང་སྤྱོད་སྨོན་ལམ་གསུང་ཡོད་པ་མ་ཟད། ཉིན་དེར་པདྨ་རྫོང་ཐོག་ཏུ་བོད་མི་སྐྱ་སེར་བརྒྱ་ཕྲག་ཁ་ཤས་འདུ་འཛོམས་ཀྱིས། བོད་མི་ཚོར་ཆོས་དད་རང་དབང་སྤྲོད་དགོས་པའི་སྐོར་སོགས་འབོད་ཚིག་འདྲ་མིན་སྒྲོག་བཞིན་ངོ་རྒོལ་སྐད་འབོད་བྱས་སྐབས། རྒྱ་ནག་གཞུང་གིས་ངོ་རྒོལ་རྔམ་སྟོན་གནང་མཁན་བོད་མི་བརྒྱ་ཕྲག་འགའ་ཤས་ཀྱི་ཁོངས་ནས་དགེ་འདུན་པ་ ༡ དང་། མི་སྐྱ་ ༧ བཅས་མི་ ༨ འཛིན་བཟུང་བཀག་ཉར་བྱས་ཡོད་འདུག
གནས་ཚུལ་མཁོ་སྤྲོད་པས་བརྗོད་དོན་ལྟར་ན། མགོ་ལོག་ཁུལ་གྱི་བོད་མི་ཚོས་སྔར་ལོ་ཕྱི་ཟླ་ ༣ པ་ནས་བོད་ནང་གི་བོད་མི་མང་པོས་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་ལས་འགུལ་སྤེལ་བ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཆེད་ལོ་སར་སྲུང་བརྩི་མི་བྱེད་པའི་ཐག་གཅོད་བྱས་ཡོད་ཀྱང་། འབྲེལ་ཡོད་ཉེན་རྟོག་པས་ལོ་སར་གཏོང་དགོས་པའི་བཙན་བཀའ་བཏང་ཡོད་པ་མ་ཟད། ཉེ་བའི་དུས་ནས་དགོན་སྡེ་ཁག་གི་ཉེ་འཁོར་དང་ས་གནས་ཡོངས་སུ་དམག་མི་འགྲེམས་འཇོག་གིས་དམ་དྲག་ཤུགས་ཆེར་བྱེད་ཀྱི་ཡོད་འདུག
བོད་མི་ནམ་མཁའ་རྒྱལ་མཚན་ཞུ་བ་ཞིག་གིས་ལྷ་སའི་བར་སྐོར་ནང་ཡིག་ཆ་གཏོར་སྐབས། རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་འདུག
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྟེ་གནས་ཁང་གིས་གནས་ཚུལ་བཏང་འབྱོར་ལ། ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༥ པ་ཙམ་ལ་ལྷ་སའི་བར་སྐོར་གླང་དུ། ཕ་ཡུལ་མགོ་ལོག་ནས་ཡིན་ཞིང་རང་ལོ་ ༢༥ ཡིན་པ། མཚན་ལ་ནམ་མཁའ་རྒྱལ་མཚན་ཞུ་བ་ཞིག་གིས། "བོད་ལ་རང་དབང་དགོས། ༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས" ཞེས་སོགས་བཀོད་པའི་ཡིག་ཆ་མང་པོ་ཞིག་གཏོར་འགྲེམས་བྱེད་སྐབས། བར་སྐོར་སྣང་རྩེ་ཤག་འགྲམ་ཉེ་འཁྲིས་སུ་སླེབས་སྐབས་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བཙན་འཁྲིད་བྱས་ཡོད་འདུག
ཕྱི་ཚེས་ ༢༦ ཉིན་མགོ་ལོག་པདྨ་རྫོང་དབང་རུས་ཡུལ་ཚོའི་བོད་མི་ཚོས་རྒྱ་གཞུང་ལ་ཞི་རྒོལ་བྱས་ཤིང་། དབང་རུས་ཡུལ་ཚོའི་རྒྱ་ནག་གི་རྒྱལ་དར་མར་ཕབ་སྟེ་མེར་བསྲེགས་བཏང་བ་དང་། དེའི་ཤུལ་དུ་ནང་པའི་ཆོས་དར་དང་༧གོང་ས་མཆོག་གི་སྐུ་པར་ཞིག་ཡར་ཕྱར་ཏེ་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག
གནས་ཚུལ་ཡོང་ཁུངས་ནས་བརྗོད་པ་ལྟར་ན། སྐབས་དེར་རྫོང་ཉེན་རྟོག་པ་དང་དམག་མི་རླངས་འཁོར་ཆེ་ཆུང་ ༡༦ ཙམ་འབྱོར་ནས་བོད་མི་ཞི་རྒོལ་བ་ཚོར་གཅར་རྡུང་འཛིན་བཟུང་ཚབས་ཆེན་བྱས་ཡོད་ཀྱང་། མི་སུ་དག་འཛན་བཟུང་བྱས་ཡོད་མེད་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་མ་སོང་ཟེར།
དེ་བཞིན་ཕྱི་ཚེས་ ༢༤ ཉིན་དབང་རུས་ཡུལ་ཚོའི་མི་སྐྱ་ ༦ གིས་པདྨ་རྫོང་ཐོག་ཏུ་ངོ་རྒོལ་སྐད་འབོད་སྐབས་འཛིན་བཟུང་བྱས་པ་དག་ལས་གཅིག་གི་མིང་ལ་ཚེ་བརྟན་དང་། གཅིག་གི་མིང་ལ་དམ་ཆོས་རྡོ་རྗེ་ཟེར་ཞིང་། ཚེ་བརྟན་ལགས་ཀྱི་ཕ་དང་སྤུན་མཆེད་གཉིས་ཀྱང་ཚུད་ཡོད་འདུག གནས་ཚུལ་ཡོང་ཁུངས་ཀྱིས་བརྗོད་ན། ཁོང་ཚོར་མནར་གཅོད་ཚད་ལས་བརྒལ་བ་བཏང་སྟེ་ད་ཆར་སྲོག་ཉེན་ལ་ཐུག་ཡོད་པ་དང་། ལྷག་པར་དུ་ཚེ་བརྟན་གྱིས་ཁ་གྲགས་མི་ཐུབ་པའི་གནས་སྟངས་ཆགས་ཡོད་འདུག
ཡང་ཕྱི་ཚེས་ ༢༦ ཉིན་པདྨ་རྫོང་སྡེ་ནང་ཡུལ་ཚོའི་གྲྭ་བ་ཞིག་གིས་རང་ལུས་ལ་རྡོ་སྣུམ་བླུགས་ཏེ། རྫོང་གི་སྲང་དཀྱིལ་དུ་སོང་སྟེ་རང་ལུས་མེར་བསྲེགས་གཏོང་རྩིས་བྱས་སྐབས། ཉེན་རྟོག་པ་དང་དམག་མིས་ཤེས་ཏེ་དེ་མ་ཐག་ཁོང་འཛིན་བཟུང་བཙན་འཁྲིད་བྱས་ཡོད་འདུག
ལུགས་རྙིང་གི་ལོ་སར་ཚེས་ ༢ ཉིན་ཏེ་ཁ་སང་ཕྱི་ཚེས་ ༢༤ ཉིན་གྱི་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༡༠ པའི་སྟེང་། གསེར་རྟ་རྫོང་ཐོག་ཏུ་བོད་མི་ཚོས་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས་ཞེས་ངོ་རྒོལ་སྐད་འབོད་བྱས་སྐབས། ས་གནས་རྒྱ་གཞུང་གི་དམག་མིས་མང་ཚོགས་ཁྲོད་མེ་མདས་གང་བྱུང་བརྒྱབ་སྟེ། བོད་མི་ ༢ དམར་གསོད་དང་བཅུ་གྲངས་ཤིག་ལ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་ལ། བོད་མི་ ༤༠ ཙམ་འཛིན་བཟུང་བཙོན་འཇུག་བྱས་ཡོད་འདུག
གནས་ཚུལ་དེའི་ཐད་རྒྱ་གར་ལྷོ་ཕྱོགས་སུ་གནས་སྡོད་མདོ་སྨད་སྤྱི་ཟུར་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལགས་ཀྱིས་བརྗོད་དོན་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༢ ནས་ ༢༣ ཉིན་གཉིས་རིང་གསེར་རྟ་རྫོང་གི་ཁྲོམ་གཞུང་དུ། བོད་མི་སྐོར་ཞིག་གིས་འབོད་སྒྲ་སྣ་ཚོགས་ཀྱི་ཐོག་ནས་རྒྱ་གཞུང་ལ་ཞི་བའི་སྐད་འབོད་བྱས་ཡོད་ཀྱང་། རྒྱ་གཞུང་གི་དམག་མིས་བོད་མི་འཛིན་བཟུང་བྱས་པའི་གནས་ཚུལ་གང་ཡང་བྱུང་མེད་ཀྱང་། ཁ་སང་ལོ་སར་ ༢ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠ པའི་ཐོག་གསེར་རྟ་རྫོང་ཐོག་ཏུ་བསྐྱར་དུ་བོད་མི་སེར་སྐྱ་ ༣༠༠ ཙམ་ཀྱིས་ “ ༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས་” ཞེས་ངོ་རྒོལ་སྐད་འབོད་གནང་སྐབས། ས་གནས་ཉེན་རྟོག་པ་དང་དམིག་མི་འབོར་ཆེན་བསླེབས་ཏེ་བོད་མི་ཚོར་གཅར་རྡུང་ཚོད་མེད་བྱས་པར་བོད་མི་ཚོས་འུ་ཐུག་གིས་རྒོལ་ལན་སློག་སྐབས། རྒྱ་དམག་མིས་མང་ཚོགས་ཁྲོད་མེ་མདས་གང་བྱུང་བརྒྱབ་སྟེ། གསེར་རྟ་གསེར་བ་སྡེ་བའི་རང་ལོ་ ༣༣ ཡིན་པའི་ཟླ་བ་གྲགས་པ་ལགས་དང་། འོན་ཟ་ཚོ་བ་ནས་ཡིན་པའི་བོད་མི་གཞན་ཞིག་དམར་གསོད་བཏང་ཡོད་འདུག་ལ། བོད་མི་བཅུ་གྲངས་ཤིག་ལ་རྨས་སྐྱོན་ཚབས་ཆེན་བཟོས་བ་དང་། གཞན་བོད་མི་ ༤༠ ཙམ་འཛིན་བཟུང་བཙོན་འཇུག་བྱས་འདུག ད་ཆར་རྒྱ་གཞུང་གིས་གསེར་རྟ་རྫོང་གི་ས་གནས་གང་སར་དམག་མི་འགྲེམས་འཇོག་ཏེ་ཚོང་ཁང་དང་ཟ་ཁང་ཁག་སྒོ་རྒྱག་ཏུ་བཅུག་ཡོད་འདུག
གཞན་ཡང་གསེར་རྟ་རྫོང་གི་དམར་གསོད་དོན་རྐྱེན་དེའི་ཐད་མདོ་སྨད་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཁ་སང་ཕྱི་ཚེས་ ༢༤ ཉིན་གྱི་གསེར་རྟ་རྫོང་གི་ངོ་རྒོལ་ལས་འགུལ་དེའི་ཁྲོད། རྒྱ་གཞུང་གིས་རང་ལོ་ ༣༥ ཡིན་པའི་བོད་མི་པོ་པོ་ཞུ་བ་ཞིག་དང་གསེར་བ་སྡེ་བའི་མི་སྐྱ་ཞིག་ལ་མེ་མདས་བརྒྱབ་སྟེ་དམར་གསོད་བཏང་བ་མ་ཟད། ཤོལ་ཐལ་སྡེ་བའི་སློབ་ཕྲུག་ཞིག་ལ་མེ་མདས་བཅུ་གྲངས་ཤིག་བརྒྱབ་སྟེ་སྲོག་ཉེན་ལ་ཐུག་ཡོད་ལ། སྐབས་དེར་བོད་རིགས་བུད་མེད་ཞིག་ལའང་མེ་མདས་མེ་མདས་བརྒྱབ་སྟེ་རྐང་པ་གཅོད་དགོས་པའི་གནས་སུ་ལྷུང་འདུག གསེར་རྟ་རྫོང་གི་ངོ་རྒོལ་ལས་འགུལ་དེ་ཐོག་མར་ད་ལོའི་ཕྱི་ཟླ་ ༡ ཚེས་ ༡༦ ཉིན་ནས་བྱུང་བ་ཞིག་ཡིན་པ་དང་། ཉིན་དེར་དང་ཐོག་གསེར་རྟ་རྫོང་ཞོ་རོགས་སྡེ་བའི་རང་ལོ་ ༡༦ ཡིན་པའི་གྲྭ་ཏེས་པཱ་དང་། རང་ལོ་ ༢༡ ཡིན་པའི་ཉི་སྣང་གཉིས་ཀྱིས་ཁྲོམ་གཞུང་དུ་ “རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཁྲི་ལོར་བརྟན་པར་ཤོག བོད་རྒྱལ་ལོ་ ” ཞེས་སྐད་འབོད་བྱེད་བཞིན་བསྒྲགས་ཡིག་སྣ་ཚོགས་འགྲེམས་གཏོར་བྱས་འདུག ཕྱི་ཚེས་ ༡༨ ཉིན་གསེར་རྟ་རྫོང་ཕུ་འུ་ཡུལ་ཚོའི་གྱང་ངོས་ཞིག་ཏུ་བོད་ཀྱི་རྒྱལ་དར་ཆེན་པོ་ཞིག་སྒྲེང་འཛུགས་བྱས་ཤིང་། དེའི་མཐའ་སྐོར་དུ་རས་ཡོལ་སྟེང་ “༧རྒྱལ་དབང་བསྟན་འཛིན་རྒྱ་མཚོ་ཁྲི་ལོར་ཤོག རྒྱ་དགའ་མ་ལ་ངོ་ཚ་མེད། བོད་རྒྱལ་ལོ་ ” ཞེས་པའི་ཡིག་ཆེན་ཞིག་བྲིས་ཏེ་རྒྱ་གཞུང་ལ་ངོ་རྒོལ་གྱི་རྣམ་འགྱུར་བསྟན་འདུག ཕྱི་ཚེས་ ༢༢ ཉིན་གསེར་རྟ་རྫོང་གསེར་རྟའི་ཐང་ཆེན་དུ་ཤོལ་སྟོད་མའི་དོན་ཡོད་ཉི་མ་ལགས་དང་། ཤོལ་སྨད་མའི་དགེ་འདུན་གཉིས་ཀྱིས་བོད་རྒྱལ་ལོ་ཞེས་སྐད་འབོད་བྱས་སྐབས་ཉེན་རྟོག་པས་གཅར་རྡུང་དྲག་པོ་བྱས་ཏེ་དོན་ཡོད་ཉི་མའི་ལག་གཡས་པ་བཅག་ཡོད་འདུག ཕྱི་ཚེས་ ༢༣ ཉིན་ས་གནས་བོད་རིགས་མང་ཚོགས་བརྒྱ་སྐོར་ཞིག་གསེར་རྟའི་ཐང་ཆེན་དུ་འཛོམས་ཏེ། འབོད་ཚིག་སྣ་ཚོགས་ཀྱི་ཐོག་ནས་རྒྱ་གཞུང་གི་དྲག་པའི་སྲིད་བྱུས་ལ་ངོ་རྒོལ་བྱས་འདུག
བལ་ཡུལ་དུ་གནས་སྡོད་མགོ་ལོག་པ་སྐར་ཁྲི་བཙན་ལགས་ཀྱིས་འདི་གའི་གསར་འགོད་པར་བརྗོད་པ་ལྟར་ན། དེ་རིང་བདག་གིས་ཕ་ཡུལ་དུ་ཁ་པར་བཏང་སྟེ་གོ་གསལ་ལྟར་ན། དེ་རིང་ཞོགས་པ་སྔ་བོར་མགོ་ལོག་དར་ལག་རྫོང་ཐོག་གི་ལམ་འགྲམ་ནས་དགེ་འདུན་པ་ཞིག་གིས་རང་ལུས་མེར་བསྲེགས་བཏང་སྟེ། སྐུ་ཕུང་ཡོངས་སུ་མེར་འཚིགས་ཡོད་འདུག སྐབས་དེར་རྫོང་ཉེན་རྟོག་པ་ཡོང་སྟེ་སྐུ་ཕུང་འཁྱེར་ཡོད་ཀྱང་། ས་གནས་བོད་པ་མང་པོ་ཞིག་འདུ་འཛོམས་ཀྱིས་སྐད་འབོད་བརྒྱབ་སྟེ་སྐུ་ཕུང་ཕྱིར་འཕྲོག་འདུག ཁོང་ཚོས་བརྗོད་གསལ་ལ། དགེ་འདུན་པ་དུས་ཐོག་མར་གཞུང་ལམ་སུམ་མདོའི་གློག་སྡོང་ཆེན་པོ་ཞིག་གི་མདུན་ནས་སྐུ་ལུས་མེར་བསྲེགས་བཏང་འདུག་ལ། མེར་བསྲེགས་གཏོང་མཁན་དོ་བདག་དེ་ནི་མགོ་ལོག་དགའ་བདེ་རྫོང་སྟོང་སྐྱོབ་དགོན་པའི་བླ་མ་བསོད་བྷ་ཡིན་པར་ཚོད་དཔག་བྱེད་ཀྱི་འདུག་ཟེར།
ཡང་གནས་ཚུལ་ཡོང་ཁུངས་གཞན་ཞིག་གིས་ཁ་པར་བརྒྱུད་བརྗོད་པ་ལྟར་ན། དེ་རིང་ཞོགས་པ་སྔ་བོ་བོད་ནང་གི་ཆུ་ཚོད་ ༦ སྟེང་། དགའ་བདེ་རྫོང་སྟོང་སྐྱོབ་དགོན་པའི་བླ་མ་བསོད་བྷ་མཆོག་གིས་སྐུ་ལུས་ལ་ས་སྣུམ་མང་པོ་བླུགས་ཤིང་། ཞལ་དུ་ཡང་ས་སྣུམ་མང་པོ་མཆོད་དེ་མེར་སྒྲོན་ཡོད་པ་དང་།
སྐབས་དེར་ཉེ་འཁོར་གྱི་མི་མང་པོས་འཛིན་ཐབས་བྱས་ཀྱང་། ཁོང་གིས་ཕྱག་ཏུ་བོད་པའི་རྒྱལ་དར་ཆེན་པོ་ཞིག་འཕྱར་བཞིན་" བོད་རང་བཙན་ཡིན། རྒྱལ་བ་རིན་པོ་ཆེ་བོད་ནང་གདན་འདྲེན་ཞུ་དགོས"
ཅེས་ཀྱི་འབོད་ཚིག་སྒྲོག་བཞིན་ཁྲོམ་ལམ་དུ་བརྒྱུགས་ཏེ་སར་འགྱེད་ཡོད་པ་དང་། དེ་མ་ཐག་རྫོང་གི་ཉེན་རྟོག་པ་མང་པོ་འབྱོར་ནས་སྐུ་ཕུང་འཁྱེར་རྩིས་བྱེད་སྐབས།
ས་གནས་བོད་རིགས་མང་པོ་འདུ་འཛོམས་ཀྱིས་སྐད་འབོད་སྒྲོག་པ་སོགས་བྱས་ཏེ་སྐུ་ཕུང་ཉེན་རྟོག་པའི་ལག་ནས་ཕྱིར་འཕྲོག་ཡོད་ཀྱང་། བོད་པའི་རྒྱལ་དར་དེ་འཕྲོག་ཐུབ་ཡོད་མི་འདུག
སྐར་ཁྲི་བཙན་ལགས་ཀྱིས་གོ་ཐོས་ལྟར་ན། ཐེངས་འདིར་བསོད་བྷོ་ལགས་ཀྱིས་རང་ལུས་མེར་བསྲེགས་གཏོང་དོན། བླ་མ་བསོད་བྷ་མཆོག་གིས་ཉེ་ལམ་དགའ་བདེ་རྫོང་ཉེན་རྟོག་ལས་ཁུངས་སུ་ཕྱིན་ཏེ། ཐེངས་འདིའི་རྡོ་རྗེ་གདན་གྱི་དུས་འཁོར་དབང་ཆེན་ཞུ་བར་སྐྱོད་ཆེད་ཐོངས་མཆན་ཞུས་སྐབས། འབྲེལ་ཡོད་ལས་བྱེད་ཚོས་ཁྱེད་རང་སྔོན་རྒྱ་གར་ལ་ཐེངས་ཁ་ཤས་ཕྱིན་མྱོང་མཁན་ཞིག་རེད་ཅེས་ཆབ་སྲིད་ཀྱི་ལས་ཀ་འདྲ་མིན་བྱས་ཡོད་པའི་ཉེས་འཛུགས་འོག་ལག་འཁྱེར་མ་སྤྲད་སྟབས། ཉིན་དེར་ཁོང་ཚོའི་བར་ཁ་རྩོད་ཤོར་ཏེ། བླ་མ་བསོད་བྷ་ལགས་ཀྱིས་ཐེངས་འདིར་ཁྱེད་ཅག་གིས་ང་ལ་ལག་འཁྱེར་མ་སྤྲད་ཚེ་ངས་རང་ལུས་མེར་བསྲེགས་གཏོང་རྒྱུ་ཡིན་ཚུལ་བརྗོད་པ་གཞན་གྱིས་ཐོས་ཡོད་འདུག་ཟེར།
སྐར་ཁྲི་བཙན་ལགས་ཀྱིས་བརྗོད་དོན། “དགེ་འདུན་པ་དེས་རང་ལུས་མེར་བསྲེགས་གཏོང་སྟངས་དང་། ཁོང་སུ་ཡིན་མིན་ཐོག་སྐད་ཆ་འདྲ་མིན་ཞིག་ཡོང་གི་འདུག ངས་ཀྱང་དེ་རིང་ཕ་ཡུལ་ལ་ཁ་པར་བཏང་སྟེ་གོ་པ་ཡིན། ད་དུང་འདིར་ཡོད་པའི་མགོ་ལོག་དགའ་བདེ་ཕྱོགས་ཀྱི་ཆོས་ཞུ་བ་གཞན་སྐོར་ཞིག་གིས་ཀྱང་ཁྱིམ་ལ་ཁ་པར་བཏང་སྟེ་གོ་འདུག གལ་སྲིད་བླ་མ་བསོད་བྷ་ཁོང་ཡིན་ཚེ་ང་ཁོང་ལ་རྒྱུས་མངའ་ཆེན་པོ་ཡོད། ཁོང་གི་འཁྲུངས་ཡུལ་མགོ་ལོག་དགའ་བདེ་རྫོང་གོང་སྟོད་ཡུལ་ཚོ་དང་། སྟོང་སྐྱོབ་དགོན་པའི་བླ་མ་རེད། ད་ཆར་དགུང་ལོ་ ༤༠ ཙམ་ཡིན། སྟོང་སྐྱོབ་དགོན་དུ་གདེང་འཇོག་ཆེན་པོ་ཡོད་པ་མ་ཟད། རྨ་ཉིན་སྲིབ་གཉིས་ཀྱི་སེར་སྐྱ་མི་མང་གིས་ཧ་ཅང་བརྩི་གུར་དང་དད་གུས་ཆེན་པོ་ཞུ་ས་ཞིག་རེད" ཅེས་བརྗོད་བྱུང་།
ཚེས་༣ཉིན་གུང་བོད་ནང་གི་ཆུ་ཚོད་ ༡༢ ཡོལ་ཙམ་ལ་ཁམས་རྟའུ་བྲོ་ཆོ་གྲོང་ཚོའི་རང་ལོ་ ༣༥ ཡིན་པ་ཕ་ཇོ་ནའི་དང་མ་ཀོས་ལན་གཉིས་ཀྱི་བུ་མོ། རྟའུ་བྱང་ཆུབ་ཆོས་གླིང་གི་བཙུན་མ་དཔལ་ལྡན་ཆོས་མཚོ་ལགས་ཀྱིས་རྟའུ་རྣམ་རྒྱལ་མཆོད་རྟེན་གྱི་ཉེ་འགྲམ་དུ་མི་མང་གིས་སྨྱུང་གནས་ཚོགས་ཏེ་གྲོལ་ལ་ཉེ་བ་དང་བསྟུན། ཐོག་མར་སྣུམ་མཆོད་པ་དང་དེ་ནས་ཉེ་སྔོན་རྒྱལ་གཅེས་དཔའ་བོ་རྟའུ་ཚེ་དབང་ནོར་བུ་ལགས་ཀྱིས་སྐུ་ལུས་ལ་མེར་བསྒྲོན་པའི་ས་ཆ་དེར་ཕྱིན་ཏེ་སྐུ་ལ་མེ་བསྒྲོན་ཏེ་མི་མང་གི་ཁྲོད་དུ། “བོད་ལ་རང་དབང་དགོས། ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག ༸གོང་ས་མཆོག་བོད་ལ་གདན་ཞུ་བྱེད་དགོས” ཞེས་པ་སོགས་ཀྱི་ཞི་རྒོལ་སྐད་འབོད་གནང་ཡོད་འདུག
མེ་འབར་ཤུགས་ཆེ་དྲགས་ནས་བཙུན་མ་དཔལ་ལྡན་ཆོས་མཚོ་འདས་གྲོངས་སུ་གྱུར་པ་དང་། ས་གནས་ཉེན་རྟོག་པ་དང་དམག་མི་ཚོས་སྐུ་ཕུང་ཕྱིར་སློག་དགོས་ཞེས་དགོན་པར་བཙན་ཤེད་བྱས་ཡོད་ཀྱང་། ས་གནས་མི་མང་ཚོས་སྐུ་ཕུང་རྟའུ་ཉ་མཚོ་དགོན་པའི་ནང་གདན་འདྲེན་ཞུས་འདུག ད་ལྟའི་སྐབས་རྟའུ་རྫོང་ཐོག་ཏུ་ས་གནས་ཉེན་རྟོག་པ་དང་དམག་མི་ཚོས་མི་མང་ལ་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པ་དང་། ད་དུང་ཕྱོགས་མཐའི་དགེ་འདུན་པ་དང་བཙུན་མ། མི་མང་བཅས་ནས་ཉ་མཚོ་དགོན་གྱི་ཉེ་འགྲམ་དུ་འཛོམས་བཞིན་ཡོད་འདུག
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༡༡ ཟླ་
༡༠ ཚེས་ ༡ ཉིན་རྒྱ་ནག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ཡི་འཁོར་མོ། ༦༢ འཁོར་བའི་ཉིན་མོར།
རྒྱ་ནག་གིས་དབང་བསྒྱུར་བྱས་པའི་བོད་ཡུལ་གང་སར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཁྲི་ལོར་བརྟན་པར་ཤོག་དང་དམངས་དམག་སེམས་པ་གཅིག་འདྲེས་རྒྱ་བོད་ཆུ་དང་ཉ་མོ་སོགས་ཁ་དོན་མི་མཚུངས་པའི་འཕྲེད་དར་དམར་པོའི་ངོས་སུ་རྒྱ་བོད་ཡིག་རིགས་བསྒྲགས་མ་བྲིས་འདུག
འོན་ཀྱང་གོང་ཚེས་ཉིན་རྫོང་གྲོང་གི་བཞི་མདོ་དང་སྲང་ལམ་གང་སར་ཉེན་རྟོག་རུ་མི་བྲེལ་འཚུབ་ངང་ཕྱི་ལྟ་ནང་ལྟ་བྱེད་བཞིན་ཁོམ་པས་མེད་པར་གནས་པ་འདིས་ཅི་ཞིག་མཚོན་ནམ།
རིམ་གྱིས་མི་ཚོགས་ཀྱང་ཇེ་མང་ནས་ཇེ་མང་ཕྱིན་པ་དང་ལྷན་གསེར་རྟ་རྫོང་ནས་བོད་དོན་ལས་འགུལ་ཞིག་སྤེལ་འདུག ཉིན་གུང་གི་ཆུ་ཚོད་ ༡༢ དང་སྐར་མ་ ༣༠
ཡས་མས་སུ་གསེར་རྟ་རྫོང་གསེར་རྟའི་ཐང་ཆེན་གྱི་གཡས་ཕྱོགས་ཀྱི་བསྟར་སྐུད་ལ་བརྒྱུས་པའི་ཁང་བརྩེགས་མཐོན་པོ་བཞི་ཐོག་ནས་ཕ་ཡུལ་གསེར་རྟ་ནས་ཡིན་པའི་བོད་ལ་གདུང་ཞེན་ཆེ་བའི་ན་གཞོན་ཞིག་གིས།
༸རྒྱལ་བ་བསྟན་འཛིན་རྒྱ་མཚོའི་སྐུ་པར་མཐོང་གྲོལ་རིན་པོ་ཆེན་མོ་ཞིག་དང་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་ལྷན་དུ་ཕྱར་བ་དང་ཆབས་གཅིག་བསྒྲགས་ཡིག་གཏོར།
ཁང་བརྩེགས་འོག་གི་ཚོང་ཁང་དག་གི་སྒོ་འགྲམ་དང་བཞི་མདོ་དེར་འཚང་ཁ་རྒྱག་པའི་མི་ཚོགས་ཀྱི་མགོ་བོའི་ཐོག་ཏུ་ཁང་ཐོག་ནས་གཏོར་བའི་བསྒྲགས་ཡིག་ཁ་བ་ལྟར་ལྷབ་ལྷུབ་ཏུ་འབབ།
བསྒྲགས་ཡིག་ལ་ཆེ་ཆུང་གཉིས་ཡོད་ཅིང་སྤེལ་ཉིན་གྱི་ཟླ་ཚེས་མི་འདྲ་བ་ཙམ་ལས་ནང་དོན་གཅིག་མཚུངས་རེད།
ནང་དོན་ནི།
བོད་རིགས་སྤུན་ཟླ་རྒྱ་ནག་པོས་གཡོ་སྒྱུའི་འོག་ཏུ་གཉིད་མ་འདུག
རང་ཉིད་ཀྱི་མི་རིགས་དང་ཆོས་ལུགས། སྐད་ཡིག་དང་འདུ་ཤེས་རྩོད་ཀྱིན་ལོངས་ཤོག ང་ཚོར་འགྲོ་བ་མིའི་རིགས་ལ་ཡོད་པའི་རང་དབང་གང་ཡང་མེད་པས། ཐམས་ཅད་ཀྱིས་བདེན་པའི་ལམ་ནས་རང་དབང་རྩོད་རོགས།
ང་ཚོར་དད་མོས་ཀྱི་རང་དབང་དགོས། སྨྲ་བརྗོད་ཀྱི་རང་དབང་དགོས། སྐད་ཡིག་བེད་སྤྱོད་ཀྱི་རང་དབང་དགོས། འགྲོ་འདུག་གི་རང་དབང་དགོས། རྩོམ་འབྲི་ཁྱབ་སྤེལ་གྱི་རང་དབང་སོགས་གཞན་ལ་ཡོད་པའི་རང་དབང་དེ་དག་ང་ཚོ་བོད་
ལ་ངེས་པར་དུ་དགོས། ༸རྒྱལ་བ་༸བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་རྒྱལ་ལོ།། བོད་རྒྱལ་ལོ།། ༢༠༡༡ ལོའི་ ༨ པའི་ཚེས་ ༢༥ ལ། ཞེས་བྲིས་འདུག་ལ་གཞན་དེའི་ངོས་སུ་ཟླ་ཚེས་ ༢༠༡༡ ལོའི་ཟླ་ ༩ བའི་ཚེས་ ༢༦
ཞེས་འཁོད་འདུག་ལ་དུས་ཚོད་དེ་ནི་རྔ་ཡུལ་ནས་བོད་མི་གཉིས་ཀྱིས་མེར་སྲེག་གཏོང་ཉིན་གྱི་ཟླ་ཚེས་དེ་རེད། བསྒྲགས་ཡིག་དེ་རིགས་ཀྱི་རྒྱབ་ལོག་ཏུ་ཐམ་རྟགས་དམར་པོ་ཞིག་ཀྱང་གླན་འདུག
དེའི་ངོས་སུ་རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཁྲི་ལོ་བརྟན་པར་ཤོག་ཅེས་བསྐོར་ནས་བྲིས་ཤིང་དེའི་དབུས་སུ་སྙིང་དབྱིབས་ཤིག་གི་དཀྱིལ་དུ། བོད། ཅེས་པའི་ཡི་གེ་བྲིས་ཡོད།
ལས་འགུལ་དེ་བཞིན་དང་ཐོག་མི་གསུམ་གྱིས་གནང་ཡོད་ཀྱང་རྗེས་སུ་མི་དམངས་གིས་རྒྱབ་སྐྱོར་བྱས་ཐོག་ལས་འགུལ་ནང་མཉམ་ཞུགས་གནང་བར་བརྟེན་ད་ལྟའི་ཆར་མི་སྣ་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་མེད་པ་བཅས།
རྩ་འཛུགས་དང་འཆར་གཞི་ཡོད་པའི་སྒོ་ནས་འདི་ལྟར་ཞི་བའི་ངོ་རྒོལ་གྱི་རླབས་ཕྲེང་མི་འཇགས་པ་ལ་བོད་ས་ཡོངས་ནས་སྙིང་སྟོབས་སྐྱེད་པར་རིགས་སོ། མངོན་པར་བསྟོད་དོ། “བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག”
རང་ལུས་མཆོད་སྦྱིན་གྱི་ངོ་རྒོལ་པ་དཔའ་བོ་ཚེ་དབང་ནོར་བུ།
ཁམས་རྟའུ་ཉ་མཚོ་དགོན་པའི་དགེ་འདུན་པ་ཞིག་རྫོང་གི་ལས་ཁུངས་མདུན་དུ་རྒྱ་གཞུང་ ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེག་བཏང་འདུག ད་ལྟ་རང་གནས་ཚུལ་འབྱོར་བ་ལྟར་ན། དེ་རིང་སྔ་དྲོའི་བོད་ནང་གི་ཆུ་ཚོད་༡༠ དང་ཕྱེད་ཙམ་ལ་ཁམས་རྟའུ་ཉ་མཚོ་དགོན་པའི་གྲྭ་ཚེ་དབང་ནོར་བུ་ལགས་ཀྱིས་རྫོང་གི་ ལས་ཁུངས་མདུན་དུ་བོད་ལ་རང་དབང་དགོས། ༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས། རྒྱ་ནག་གིས་ང་ཚོར་མཐོང་ཆུང་གཏོང་གི་འདུག་སོགས་འཁོད་པའི་ཡིག་ཆ་མང་པོ་འགྲེམ་ སྤེལ་དང་། རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་རྒྱག་བཞིན་རང་ལུས་མེར་བསྲེག་བཏང་ཡོད་འདུག གྲྭ་པ་དེའི་གཟུགས་པོར་མེ་འབར་བ་དང་ཁོག་པར་ས་སྣུམ་མང་པོ་འཐུང་ཡོད་པ་བཅས་ལ་ བརྟེན་རྐྱེན་འདས་སུ་སོང་ཡོད་འདུག་ལ། ད་ལྟ་གྲྭ་པ་དེའི་སྐུ་ཕུང་དགོན་པས་ཉར་ཡོད་ཀྱང་། རྒྱ་གཞུང་གི་དམག་མི་དང་དྲག་ཆས་ཉེན་རྟོག་པས་དགོན་པ་ཡོངས་སུ་མཐའ་བསྐོར་ཏེ། སྐུ་ཕུང་འཕྲོག་རྩིས་བྱེད་བཞིན་ཡོད་པར་མ་ཟད། རྫོང་ཐོག་མི་མང་ཚོ་ལའང་དམ་དྲག་ཆེན་པོ་བྱེད་བཞིན་པའི་ཆེས་ཛ་དྲག་གི་གནས་ བྱུང་ཡོད་འདུག གྲྭ་ཚེ་དབང་ནོར་བུ་ལགས་ནི་ཁམས་རྟའུ་ལོ་རྦ་གྲོང་སྡེ་ཡི་ཕ་ཚོགས་ཡས་དང་། མ་ཚོགས་ལེགས་གཉིས་སུ་སྐྱེས་ཡོད་པ་དང་། ད་ཆར་རང་ལོ་༢༩ ཡིན་འདུག
ཕྱི་ཚེས་ ༡༥ ཉིན་ཁམས་རྟའུ་ཉ་མཚོ་དགོན་པའི་གྲྭ་ཚེ་དབང་ནོར་བུ་ལགས་ཀྱིས་བོད་པའི་བདེན་དོན་དང་། རང་དབང་གི་ཆེད་དུ་སྐུ་ལུས་མེར་བསྲེག་བཏང་སྟེ་འདས་གྲོངས་སུ་ཕྱིན་རྗེས། རྒྱ་དམག་གིས་འདས་པོའི་ཕུང་བོ་བཙན་འཕྲོག་བྱེད་རྩིས་བྱས་ཡོད་ཀྱང་། དགོན་པའི་གྲྭ་མང་ཚོས་སྲུང་སྐྱོབ་དམ་པོས་སྐུ་ཕུང་དགོན་པར་གདན་ཞུ་གནང་སྟེ་ བསྔོ་སྨོན་མཆོད་འབུལ་གནང་ཡོད།
ངྷ་སར་གནས་སྡོད་རྟའུ་བློ་བཟང་མཁས་གྲུབ་ལགས་ཀྱིས་བརྗོད་པ་ལྟར། རྟའུ་ཉ་མཚོ་དགོན་པའི་དུར་ཁྲོད་དགོན་པའི་རྒྱབ་རིའི་ངོས་སུ་ཡོད་པ་དང་། ཁ་སང་ཕྱི་ཚེས་ ༡༧ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༧ པའི་ཐོག་རྟའུ་ཉ་མཚོ་དགོན་པའི་དགེ་འདུན་པ་ཚོས་འདས་པོའི་སྐུ་ཕུང་དགོན་པའི་རྒྱབ་རིའི་སྟེང་བཞུགས་འབུལ་གནང་རྩིས་བྱས་ཡོད་ཀྱང་། རྒྱ་དམག་གིས་དགོན་པའི་མཐའ་བསྐོར་ཏེ་ཕར་འགྲོ་ཚུར་འོང་གི་ལམ་ཁ་ཡོངས་སུ་བཀག་སྡོམ་བྱས་ཡོད་སྟབས། མཐར་དམ་པ་དེའི་སྐུ་ཕུང་དགོན་པ་རང་ནས་བཞུགས་འབུལ་ཞུ་དགོས་བྱུང་ཡོད་ པ་དང་། སྐབས་དེར་རྒྱ་དམག་གིས་དགོན་པ་ཡོངས་སུ་བསྐོར་ཏེ་ཕྱི་ཕྱོགས་ཀྱི་མི་གཅིག་ཀྱང་ དགོན་པར་བསྐྱོད་བཅུག་མེད་པར་དམ་དྲག་ཤུགས་ཆེན་བྱས་ཡོད་ཀྱང་། སྐུ་ཕུང་བཞུགས་འབུལ་སྐབས་རྟའུ་རྫོང་དང་དགོན་པའི་ཉེ་འདབས་ཀྱི་བོད་རིགས་མང་ཚོགས་ ༡༠༠༠༠ ལྷག་དགོན་པའི་མཐའ་རུ་འཛོམས་ཏེ་འདས་པོར་མྱ་ངན་བྱས་ཡོད་འདུག
ཉེ་ཆར་གྱི་དོན་རྐྱེན་དེའི་དབང་གིས་རྒྱ་གཞུང་གིས་རྟའུ་རྫོང་ཐོག་དང་བོད་མི་འདུས་སྡོད་ཆེ་ཤོས་ཀྱི་གྲོང་སྡེ་ཁག་ཏུ། དམག་དཔུང་ཕོན་ཆེན་འགྲེམས་འཇོག་གིས་ཉིན་མཚན་དུས་དྲུག་ཏུ་ལྟ་སྲུང་ནན་མོ་བྱས་ཡོད་པ་དང་། ཉེ་ལམ་དོན་རྐྱེན་དེ་བྱུང་རྗེས་རྒྱ་གཞུང་གིས་ཉ་མཚོ་དགོན་པར་ཆུ་དང་གློག་བཅད་དེ་གྲྭ་མང་ལ་གནོན་ཤུགས་སྤྲད་ཡོད་ཀྱང་། དེ་ལ་མང་ཚོགས་ཀྱིས་ངོ་རྒོལ་ཤུགས་ཆེན་བྱས་པར་བརྟེན་ད་ཆར་བསྐྱར་དུ་ཆུ་གློག་བཏང་ཡོད་ཀྱང་། རྟའུ་བྲག་དཀར་བཙུན་དགོན་གྱིས་ཟླ་སྔོན་མར་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་གཙི་བྱས་ཡོད་སྟབས། དུས་ད་ལྟའང་བཙུན་དགོན་དེར་གློག་བཅད་ཡོད་འདུག
བློ་བཟང་མཁས་གྲུབ་ལགས་ཀྱིས་བརྗོད་དོན། “ ཉ་མཚོ་དགོན་པ་ནི་རྟའུ་ཁུལ་གྱི་དགེ་ལུགས་པའི་དགོན་པ་ཆེ་ཤོས་དེ་ཡིན་པ་དང་། དགོན་པ་དེར་ས་གནས་མང་ཚོགས་ཀྱིས་བརྩི་མཐོང་ཆེན་པོ་བྱེད་ཀྱི་ཡོད། ཕྱི་ཚེས་ ༡༧ ཉིན་ཉ་མཚོ་དགོན་པར་འདས་པོའི་སྐུ་ཕུང་བཞུགས་འབུལ་གནང་སྐབས་ཉེ་འཁོར་གྱི་བོད་མི་ཆིག་ཁྲི་ལྷག་འདུ་འཛོམས་བྱུང་འདུག དེར་ རྒྱ་གཞུང་ཁོང་ཁྲོ་ལངས་ཡོད་ས་རེད། སི་ཁྲོན་ཞིང་ཆེན་གྱི་རྒྱ་རིགས་མགོ་ཁྲིད་ལིག་ཞའོ་ཕིན་ཟེར་བ་ཞིག་དགོན་པར་ཡོང་ སྟེ། དགོན་པ་འདི་ཁ་བྲལ་ལས་འགུལ་སྤེལ་མཁན་གཏེ་བོ་ཞིག་ཆགས་ཡོད། ཁྱོད་ཚོས་ཡག་པོ་མ་བྱས་ན་དགོན་པ་འདི་སྒོ་རྒྱག་རྒྱུ་ཡིན་ཞེས་འཇིགས་སྐུལ་བྱས་ སོང་ཟེར། ཁམས་རྟའུ་ས་ཁུལ་གྱི་སྐད་དེ་ལོག་སྐད་ཆགས་ཡོད་སྟབས། དོན་རྐྱེན་དེའི་སྐོར་རྒྱ་སྐད་ནང་མཁོ་སྤྲོད་བྱེད་པ་ལས། བོད་སྐད་ནང་གོ་བརྡ་འཕྲོད་ཀྱི་མེད་དུས་དཀའ་ངལ་ཆེན་པོ་འདུག་ ” ཅེས་བརྗོད་བྱུང་།
ཕྱི་ཚེས་ ༡༥ ཉིན་གྱི་དོན་རྐྱེན་དེ་བྱུང་རྗེས་བཙན་བྱོལ་བོད་མིའི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག དགོན་སྡེ་ཁག་བཅས་ཀྱིས་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་འདྲ་མིན་སྤེལ་ཡོད་པ་དང་། ཕྱི་ཚེས་ ༡༦ ཉིན་དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་དང་། ཁ་སང་ཕྱི་ཚེས་ ༡༧ ཉིན་དབུས་བོད་མི་མང་སྤྱི་འཐུས་རྒྱུན་ལས་བཅས་ཀྱིས་ཛ་དྲག་ཐོག་གསར་འགོད་གསལ་བསྒྲགས་བསྐྱངས་ཏེ། ཁམས་རྟའུ་ཉ་མཚོ་དགོན་པའི་འདས་པོ་ཚེ་དབང་ནོར་བུ་ལ་གདུང་སེམས་མཉམ་སྐྱེད་དང་། རྒྱ་ནག་གཞུང་གི་དྲག་པོའི་སྲིད་བྱུས་ལ་ངོ་རྒོལ་གྱིས་ཁམས་རྟའུ་གཙོས་པའི་བོད་ནང་གི་བོད་མི་ཚོར་དྲག་གནོན་མཚམས་འཇོག་ཡོང་བའི་འབོད་སྐུལ་ཞུས་འདུག
ཁམས་རྟའུ་རྫོང་ནི་རྒྱ་བོད་ས་མཚམས་ཀྱི་བོད་རིགས་རྫོང་ཞིག་ཡིན་ཞིང་། རྫོང་དེར་ཁྱོན་བོད་མི་ ༥༠༠༠༠ ཙམ་ཡོད་འདུག ཉ་མཚོ་དགོན་པར་བོད་ས་མ་ཤོར་གོང་གྲྭ་བ་ ༢༠༠༠ ལྷག་ཡོད་ཀྱང་ད་ཆར་གྲྭ་བ་ ༣༠༠ ཙམ་ལས་མི་འདུག
གནས་ཚུལ་བཏང་འབྱོར་ལ། དེ་རིང་ཞོགས་པའི་ཆུ་ཚོད་ ༨ ཀྱི་སྟེང་རྒྱ་གར་ལྷོ་ཕྱོགས་དབུས་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་དང་། སྦེལ་ཀོབ་ས་གནས་གཞོན་ནུ་དང་བུད་མེད་བཅས་ཀྱིས་སེ་ར་ཐེག་ཆེན་གླིང་གི་སྐྱབས་རྗེ་མཁན་རིན་པོ་ཆེ་རྣམ་པ་གཉིས་དང་དགེ་བསྐོས་རྣམས་གཉིས། དབུ་མཛད་རྣམ་གཉིས་གཙོས་པའི་བླ་སྤྲུལ་དགེ་བཤེས་དང་། དགེ་འདུན་པ་སྟོང་ཕྲག་གཉིས་ལྷག་གི་སྨོན་ལམ་འདུ་འཛོམས་གཞི་རྒྱ་ཆེ་བ་ཞིག་བསྐངས་ཏེ་ཐུགས་སྨོན་གང་ལེགས་གནང་ཡོད་འདུག
སྐབས་དེར་གསུངས་བཤད་གནང་མཁན་དང་པོ་དབུས་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་ཚོགས་གཙོ་བློ་བཟང་དཔལ་ལྡན་གྱིས་རྒྱལ་གཅེས་དཔའ་བོ་གྲྭ་ཚེ་དབང་ནོར་བུ་ལགས་ ཀྱིས་བོད་གངས་ཅན་ལྗོངས་ཀྱི་བདེན་མཐའ་གསལ་ཆེད་གཅེས་པའི་རང་ལས་མེར་བསྲེག་ནས་ རྐྱེན་འདས་སུ་སོང་བར་ང་ཚོ་ཚང་མས་ཁོང་གི་ཉེ་འབྲེལ་རྣམས་ལ་གདུང་སེམས་མཉམ་ སྐྱེད་ཆེད་འདུ་འཛོམས་འདི་གོ་སྒྲིག་བྱས་ཚུལ་དང་། རྒྱལ་གཅེས་དཔའ་བོ་ཁོང་གི་ཆོད་སེམས་ལ་བསྔགས་བརྗོད་སོགས་ཀྱི་གཏམ་བཤད་གནང་རྗེས། སེར་སྨད་མཁན་རིན་པོ་ཆེ་ངག་དབང་འབྱོར་ལྡན་མཆོག་གིས་ཀྱང་། རྒྱལ་གཅེས་དཔའ་བོ་ཁོང་གིས་རང་གི་ལུས་ལ་མེད་བསྒྲོན་པ་འདི་ནི། རྒྱ་ གཞུང་ལ་ཚུལ་མཐུན་བསམ་ཚུལ་བཤད་ས་མེད་པས་ལམ་ཁ་འདི་འདེམས་པ་རེད་སོགས་ཀྱི་ གསུངས་གནང་། དེ་རྗེས་སེར་བྱེས་མཁན་རིན་པོ་ཆེ་བློ་བཟང་དཔལ་ལྡན་མཆོག་གིས་རྒྱལ་གཅེས་དཔའ་ བོ་ཚེ་དབང་ནོར་བུ་ཁོང་རྒྱུན་དུ་དམར་ཟས་རིགས་ཉུང་ཉུང་བྱེད་དགོས་ཚུལ་གྱི་ལས་ འགུལ་སྤེལ་མཁན་ཞིག་ཡིན་ཚུལ་གྱི་ལོ་རྒྱས་དང་འབྲེལ་བའི་གསུངས་བཤད་གནང་སོང་།
མཐར་ དབུ་མཛད་ལགས་ཀྱིས་བྱང་ཆུང་སེམས་མཆོག་དབྱངས་རྟ་བཏང་བ་དང་དགེ་འདུན་མང་གིས་ བྱང་ཆུབ་སེམས་མཆོག་དབྱངས་རྟ་གཏོང་བཞིན་སྨོན་ལམ་འདུ་ཚོགས་གྲོལ་ཡོད་འདུག