རང་ས་རང་ལ་འཐོབ་སླད་དང། རང་རིགས་ཁྱིམ་གཅིག་འདུ་ཕྱིར་དང། ཆོས་རིག་དར་སྤེལ་ཞི་བདེའི་གཞི། སྟོན་མཛད་དབུ་མའི་སྟོན་པར་འདུད།
ལོ་སྟོང་སྔོན་གྱི་རང་བཙན་དང། ད་ལྟའི་ཆོལ་གསུམ་དུམ་བུ་གཉིས། གནམ་སའི་ཆེ་ཆུང་ཤོར་བ་འདི། སྙོམ་ཐབས་དབུ་མའི་ལམ་བུར་སྐྱོད།
གངས་ལྗོངས་རང་དབང་རང་བཙན་དང། རང་ས་རང་རིགས་སྤྱི་དོན་ཆེད། ལུས་སྲོག་ལོངས་སྤྱོད་འབུལ་མཁན་གྱི། རྒྱལ་གཅེས་དཔའ་བོ་རྣམས་ལ་བསྟོད།
ལ་ལས་དབང་དང་ལ་ལས་རྒྱུ། ལ་ལས་ངག་དང་ལ་ལས་ལག བོད་དོན་རྒྱབ་སྐྱོར་གནང་མཁན་གྱི། རྒྱབ་དཔུང་རྣམས་ལ་བཀའ་དྲིན་ཞུ།
དེ་རིང་སྔ་དྲོ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷགས་པ་ཚེ་རིང་ཚོགས་ཁང་དུ། ཕ་ཡུལ་ཨ་མདོ་མགོ་ལོག་ནས་ཡིན་པའི་ཆབ་སྲིད་བཙོན་ཟུར་བསྟན་པ་དར་རྒྱས་ལགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ།
ཟླ་འདིའི་ཕྱི་ཚེས་ ༦ ཉིན་བསྟན་པ་ལགས་སུ་ད་ལོའི་ཕྱི་ཟླ་ ༤ ཚེས་ ༡༩ ཉིན་རྔ་པ་འཛམ་ཐང་དུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་སྐད་བྱས་ཏེ།
སྐུ་སྲོག་གྲོངས་པའི་རྒྱལ་གཅེས་དཔའ་བོ་ཆོས་འཕགས་སྐྱབས་དང་བསོད་ནམས་རྣམ་གཉིས་དང་། དེ་བཞིན་ཕྱི་ཟླ་ ༢ ཚེས་ ༡༩ ཉིན་རང་ལུས་མེར་བསྲེགས་བཏང་སྟེ།
སྐུ་གྲོངས་ཟིན་པའི་རྒྱལ་གཅེས་དཔའ་བོ་སྣང་གྲོལ་བཅས་ཀྱི་ཁ་ཆེམས་ཡི་གེ་དང་སྐུ་པར། བརྙན་པར་བཅས་ལག་སོན་བྱུང་བ་རྣམས་ཀློག་འདོན་དང་གཟིགས་འབུལ་ཞུས་སོང་ལ། ཁ་ཆེམས་ཡི་གེ་དེ་ནི།
བསྟན་པ་དར་རྒྱས་ལགས་ཀྱིས་ཉེ་ལམ་ཁོང་ལ་བོད་ནས་འབྱོར་བའི་བརྙན་པར་ལས་ཡིག་ཐོག་ཏུ་ཕབ་པ་ཞིག་ཡིན་འདུག
དེའི་ནང་རང་ལོ་ ༡༨ ཡིན་པའི་རྒྱལ་གཅེས་དཔའ་བོ་སྣང་གྲོལ་ལགས་ཀྱི་ཁ་ཆེམས་ནང་། “ ལ་རྒྱའི་སྙིང་སྟོབས་མ་ཞན་མགོ་བོ་
ཁྱོགས། མིང་སྣང་གྲོལ་ང་ཡི་ལ་རྒྱ།
ངའི་དྲིན་ཅན་ཕ་ལོ་མ་ལོ༌། ངའི་འདང་ཅན་ཕུ་ནུ་ཉེ་འཁོར། ང་མི་འདུག་འགྲོ་རན་བྱུང་ཐལ། ངས་དྲིན་ཅན་བོད་མིའི་དོན་ལ། ངའི་ཚེ་སྲོག་མེ་ལ་བསྐུར་ནས། བོད་མི་རིགས་ཕོ་མོ་རྣམ་པ།
བུ་ང་ཡི་རེ་བ་ཡིན་ན། ཁྱེད་ཚང་མར་མཐུན་སྒྲིལ་ཡོད་དགོས། བོད་ཡིན་ན་བོད་ལྭ་གྱོན་དགོས། དེའི་མི་ཚད་བོད་སྐད་བཤད་དགོས། བོད་ཡིན་ནོ་སེམས་ནས་མ་བརྗེད།
བོད་ཡིན་ན་བྱམས་དང་སྙིང་རྗེ་དགོས། ཕ་མ་ལ་བརྩི་བཀུར་དགོས། མི་རིགས་ལ་མཐུན་སྒྲིལ་ཡོད་དགོས། དུད་འགྲོ་ལ་སྙིང་རྗེ་སྒོམ་དགོས། སེམས་ཅན་གྱི་ཚེ་སྲོག་ལ་འཛེམ་དགོས།
༸རྒྱལ་དབང་བསྟན་འཛིན་རྒྱ་མཚོའི་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོར་བརྟན་པར་ཤོག བོད་གངས་ཅན་གྱི་བླ་སྤྲུལ་མཁན་པོ་སོགས་ཀྱི་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་མི་རིགས་རྒྱ་ངན་འདིའི་འོག་ནས་ཐར་བར་ཤོག
རྒྱ་ངན་འདིའི་འོག་ནས་བོད་ལ་སྡུག་བསྔལ་ཆེ། སྡུག་བསྔལ་དེ་བཟོད་ཐབས་ཧ་ཅང་དཀའ། རྒྱ་ངན་འདིས་བོད་པ་བཙན་བཟུང་བྱེད། ཁྲིམས་ངན་འདིའི་འོག་ནས་འདུག་ཐབས་མེད།
རྨ་མེད་པའི་གཅར་རྡུང་བཟོད་དཀའ། རྒྱ་ངན་དེར་བྱམས་དང་སྙིང་རྗེ་མེད། མཐའ་གཞུག་ལ་བོད་ཀྱི་ཚེ་སྲོག་བཅད། རྒྱལ་དབང་བསྟན་འཛིན་རྒྱ་མཚོའི་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོར་བརྟན་པར་ཤོག ”
ཅེས་བཀོད་འདུག
དེ་བཞིན།
རྒྱལ་གཅེས་དཔའ་བོ་ཆོས་འཕགས་སྐྱབས་ལགས་དང་བསོད་ནམས་གཉིས་ཀྱི་ཁ་ཆེམས་ཡི་གེའི་ནང་། “ བོད་མི་རིགས་འདི་གཞན་དང་མི་མཚུངས་བའི་ཆོས་དང་རིག་གནས། བྱམས་དང་སྙིང་རྗེ་ལྡན་པ།
གཞན་ལ་ཕན་སེམས་ཆེ་བའི་མི་རིགས་ཤིག་ཡིན། ཡིན་ན་ཡང་། བོད་མི་རིགས་རྒྱ་ནག་གིས་བཙན་བཟུང་དང་དྲག་གནོན་མགོ་སྐོར་བྱས་པས། ང་ཚོ་བོད་མི་རིགས་ལ་འགྲོ་བ་མིའི་ཐོབ་ཐང་མེད་པའི་སྡུག་བསྔལ་དང་།
འཛམ་གླིང་ཞི་བདེ་ཡོང་ཆེད་ངས་རང་ལུས་མེར་བསྲེགས་པ་ཡིན། ང་ཚོ་བོད་མི་རིགས་ལ་རང་དབང་མེད་པའི་སྡུག་བསྔལ་འདི། ངས་རང་ལུས་མེར་བསྲེགས་པ་ལས་ཀྱང་སྡུག་བསྔལ་ལྷག་ཏུ་ཆེ།
འཇིག་རྟེན་འདི་ན་ཆེས་དྲིན་ཆེ་བའི་ཕ་མ་དང་ཁྱིམ་མི་བཟའ་ཚང་། ཕུ་ནུ་ཉེ་འབྲེལ་རྣམ་པ། ངེད་གཉིས་ཀྱིས་ཁྱེད་ཅག་ལ་འདང་མ་བརྒྱབ་པ་མིན། ངེད་གཉིས་ཁྱེད་ཅག་དང་ཁ་བྲལ་བར་རྔམ་པ་མིན།
རང་གི་ཚེ་སྲོག་ལ་གཅེས་སྐྱོང་མ་ཤེས་པ་ཡང་མིན། སེམས་དང་བསམ་པ་མཉམ་པའི་སྒོ་ནས། ངེད་གཉིས་ཀྱིས་སེམས་བསམ་པ་མཉམ་པའི་སྒོ་ནས།
བོད་ལ་རང་དབང་ཐོབ་པ། སངས་རྒྱས་ཀྱི་བསྟན་པ་དར་བ། སེམས་ཅན་ལ་བདེ་སྐྱིད་བསྐྲུན་ཐུབ་པ། འཛམ་གླིང་ཞི་བདེ་ཡོང་བའི་ཆེད་དུ་ངེད་གཉིས་ཀྱིས་རང་ལུས་མེར་བསྲེགས་པ་ཡིན།
ཁྱེད་ཅག་གིས་ངེད གཉིས་ཀྱི་ཁ་ཆེམས་ལྟར་བསྒྲུབ་དགོས། ངེད་གཉིས་རྒྱ་ལག་ཏུ་ཤོར་ཡང་ཁྱེད་ཅག་གིས་ཅི་ཡང་བྱེད་མི་དགོས།
ངེད་གཉིས་ཀྱི་ཆེད་དུ་མི་གཅིག་ལ་གནོད་འཚེ་མེད་ན་ངེད་གཉིས་ཀྱི་བསམ་པ་འགྲུབ་པ་ཡིན། ངེད་གཉིས་ཀྱི་ཆེད་དུ་ཁྱེད་ཅག་གིས་སེམས་སྐྱོ་ན།
མཁས་བ་དང་མཁན་སྤྲུལ་རྣམས་ཀྱི་ཁ་ཉན་ནས་རིག་གནས་སྦྱང་ན་རིག་གནས་སྦྱོང་བའི་ཁ་ཕྱོགས་མི་ནོར་བ་དང་། རང་རིགས་ལ་དུངས་ཞེན་དང་། རང་གི་རིགས་གནས་ལ་འབད་རྩོན་བྱས་ནས་རང་ཚུགས་མ་ཤོར་བར།
རྡོག་རྩ་གཅིག་སྒྲིལ་བྱས་ན་ངེད་གཉིས་ཀྱི་རེ་བ་འགྲུབ་པ་ཡིན། ངེད་གཉིས་ཀྱི་ཁ་ཆེམས་ལྟར་བསྒྲུབ་པར་སྙིང་ནས་རེ་བ་ཡོད། ” ཅེས་བཀོད་འདུག
གསར་འགོད་པ། དོན་གོ
བོད་དོན་ཆེད་སྐུ་ལུས་མེར་བསྲེགས་གཏོང་མཁན་སྤྲུལ་བསོད་བྷའི་ལོ་རྒྱུས་མདོར་བསྡུས།
སྐུ་གཤེགས་པ་སྤྲུལ་སྐུ་བསོད་བྷ་ནི་མགོ་ལོག་ཁུལ་དགའ་བདེ་རྫོང་སྟོང་སྐྱབས་དགོན་པའི་སྐྱ་ཤུལ་ཐུབ་རྒྱམ་གྱི༌ཡང་སྲིད་ཡིན་འདུག་ལ།
༢༠༡༢ལོའི་ཟླ་༡ཚེས་༨ཀྱི་ཞོགས་པ་སྐུ་ཉིད་ཀྱི་རང་ལུས་ལ་མེ་སྦར་ནས་འདས་གྲོངས་སུ་སོང་འདུག ད་ལོ་ཁོང་དགུང་ལོ་༤༢ཡིན་འདུག
ཁོང་གིས་མགོ་ལོག་ཁུལ་དར་ལག་རྫོང་ཐོག་ཏུ་རྒན་བགྲེས་ཕོ་མོ་༢༠༠ལྷག་བདག་པོ་བརྒྱབས་ནས་ཁང་བ་གསར་བ་བརྒྱབས། གོ་སྐབས་ནམ་ཡོད་ལ་ཆོས་བཤད་པ་དང་རོགས་སྐྱོར་བྱས་དང་བྱེད་བཞིན་ཡོད་པར་མ་ཟད།
ད་དུང་དར་གྱི་ས་ནག་ཏུ་བགྲེས་སོང་༢༠་སྐོར་ཞིག་ཡང་བདག་པོ་བརྒྱབས་བཞིན་ཡོད་འདུག ༢༠༡༡ལོའི་ཕྱི་ཟླ་༨པའི༌ནང་སྟོང་སྐྱབས་དགོན་ཐོག་ཏུ་སློབ་ཆུང་སློབ་གྲྭ་ཞིག་གསར་འཛུགས་བྱས་ཏེ་བྱིས་པ་བདག་མེད་དང་།
སློབ་གྲྭར་གཏོང་བའི་ཆ་རྐྱེན་མེད་པ་རྣམས་ལ་སློབ་སྤྱོང་གི་གོ་སྐབས་ཞིག་ཀྱང་བསྐྲུན་ཡོད་འདུག སྐུ་ཉིད་སྔར་རྒྱ་གར་ལ་ཐེངས་གསུམ་བྱོན་མྱོང་ཡོད་ལ། ད་ལོ་ཡང་དུས་འཁོར་དབང་ཆེན་ལ་ཕེབས་འཆར་ཡོད་ནའང་།
དགའ་བདེ་རྫོང་ཉེན་རྟོག་ལས་ཁུངས་ནས་ཆོག་མཆན་སྤྲད་མེད་པར་མ་ཟད་ཐེངས་འགར་བཀག་ཉར་དང་སུན་བཅར་བྱས་འདུག
༢༠༡༢ལོའི་ཕྱི་ཟླ་༡ཚེས་༨ཀྱི་ཞོགས་པར་རང་ལུས་ལ་མེ་སྦར་ཏེ་ལག་པར་བོད་ཀྱི་རྒྱ་དར་བཟུང་ནས་དར་ལག་རྫོང་གི་ཉེན་རྟོག་ལས་ཁུངས་ཀྱི་སྒོར་སོང་ནས་བོད་ལ་རང་བཙན་དགོས། རྒྱལ་བ་རིན་པོ་ཆེ་མྱུར་དུ་བོད་ལ་ཕེབས་དགོས།
རྒྱལ་བ་རིན་པོ་ཆེ་ཁྲི་ལོར་བརྟན་པར་ཤོག་ཅེས་ཁ་དབྱངས་སྒྲོག་བཞིན་འདས་གྲོངས་སུ་སོང་ཡོད་འདུག་ལ། སྐབས་དེར་ཉེན་རྟོག་སླེབ་ནས་སྐུ་ཕུང་བཙན་ཁྱེར་བྱས་ཡོད་མོད། དར་ལག་རྫོང་དང་དགའ་བདེ་རྫོང་གི་བོད་མི་ ༥༠༠༠
ཡས་མས་ཤིག་མཉམ་འཛོམས་ཀྱིས་རྫོང་ཉེན་རྟོགས་ལས་ཁུངས་ནས་སྐུ་ཕུང་ཕྱིར་འཕྲོག་འདུག དེའི་རྗེས་སུ་ཤེས་རྟོགས་ལྟར་ན་ད་ལྟའི་བར་དུ་རྫོང་ཉེན་རྟོག་པས་རྩད་གཅོད་བྱས་མི་འདུག
བཙུན་མ་དཔལ་ལྡན་ཆོས་མཚོ་ལགས་ཀྱིས་ཁམས་རྟའུ་བྱང་ཆུབ་རྣམ་རྒྱལ་མཆོད་རྟེན་གྱི་ཉེ་འགྲམ་དུ་མི་མང་གིས་སྨྱུང་གནས་ཚོགས་ཏེ་གྲོལ་ལ་ཉེ་བ་དང་བསྟུན། ཐོག་མར་སྣུམ་མཆོད་པ་དང་དེ་ནས་ཉེ་སྔོན་རྒྱལ་གཅེས་དཔའ་བོ་རྟའུ་ཚེ་དབང་ནོར་བུ་ ལགས་ཀྱིས་སྐུ་ལུས་ལ་མེར་བསྒྲོན་པའི་ས་ཆ་དེར་ཕྱིན་ཏེ་སྐུ་ལ་མེ་བསྒྲོན་ཏེ་མི་མང་གི་ཁྲོད་དུ། “བོད་ལ་རང་དབང་དགོས། ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག ༸གོང་ས་མཆོག་བོད་ལ་གདན་ཞུ་བྱེད་དགོས”སོགས་ཀྱི་སྐད་འབོད་གནང་ནས་གྲོངས་འདུག
ཨེ་ཕེ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་ཁམས་དཀར་མཛེས་རྟའུ་ཉ་མཚོ་དགོན་པར་ས་གནས་མི་མང་ཆིག་ཁྲི་ཙམ་འཛོམས་ཏེ་མྱ་ངན་ཞུ་བཞིན་ཡོད་འདུག
ས་གནས་དེ་ཁུལ་དུ་ཉིན་འདི་གར་རྒྱ་ནག་གི་ཉེན་རྟོག་པ་དང་དམག་མི་འབོར་ཆེན་འགྲེམས་འཇོག་གིས་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་སྟབས། དེ་རིང་ས་གནས་བོད་མི་ཆིག་ཁྲི་ཙམ་འཛོམས་ཏེ་གནས་ཚུལ་ཧ་ཅང་ཛ་དྲག་ཆགས་ཡོད་འདུག
༅༅།།རང་སྲོག་དམར་མཆོད་ཀྱི་དཔའ་རྒོད་རྣམ་པའི་མཚན་ཐོ།
(༡༩༩༨ ནས་་་༢༠༡༢)
༣༩༽༤།༡༩ ཆོས་འཕགས་སྐྱབས། མི་སྐྱ། ལོ་༢༥ སྐུ་གྲོངས། (རྔ་པ་འཛམ་ཐང།)
༣༨༽༤།༡༩ བསོད་ནམས །མི་སྐྱྲ ལོ་༢༤ སྐུ་གྲོངས། (རྔ་པ་འཛམ་ཐང།)
༣༧༽༣།༣༠། དགེ་འདུན་པ་འཆི་མེད་དཔལ་ལྡན། ལོ་༢༡། (རྔ་པ་འབར་ཁམས་རྒྱལ་རོང་ཚོ་བདུན)
༣༦༽༣།༣༠ དགེ་འདུན་པ་བསྟན་པ་དར་རྒྱས། ལོ་༢༢། (རྔ་པ་འབར་ཁམས་རྒྱལ་རོང་ཚོ་བདུན)
༣༥༽༣།༢༦། འཇམ་དཔལ་ཡེ་ཤེས། མི་སྐྱ། སྐུ་གྲོངས། (རྒྱ་གར་ལྡི་ལིར)
༣༤༽ ༣།༡༧། བསོད་ནམས་དར་རྒྱས་ལགས། མི་སྐྱ། ལོ། ༤༤། སྐུ་འདས། (རེབ་གོང)
༣༣༽ ༣།༡༦། དགེ་འདུན་པ་བློ་བཟང་ཚུལ་ཁྲིམས་ལགས། ལོ་༢༠། སྐུ་འདས། (རྔ་པ།)
༣༢༽ ༣།༡༤། དགེ་སློང་འཇམ་དབྱངས་དཔལ་ལྡན་ལགས། ལོ་༣༠། (རེབ་གོང་རོང་བོ་དགོན)
༣༡༽ ༣།༡༠། དགེ་འདུན་པ་དགེ་བྷེ་ལགས། རང་ལོ་༡༨། འདས། (རྔ་པ།)
༣༠༽༢༠༡༢།༣།༥། རྡོ་རྗེ་ལགས། ལོ༡༨། མི་སྐྱ། འདས། (རྔ་པ་རྫོང།)
༢༩༽ ༢༠༡༢།༣།༤། རིན་ཆེན་ལགས། མོ་ལོ་༣༢། འདས། (རྔ་པ།)
༢༨༽ ༢༠༡༢།༣།༣། ཚེ་རིང་སྐྱིད་ལགས། ལོ་༡༩། མི་སྐྱང། འདས། (རྨ་ཆུའི་ཁྲོ་ཁོ་སྨད་མ།)
༢༧༽ ༢༠༡༢།༢།༡༩། སྣང་གྲོལ་ལགས། མི་སྐྱ། ལོ་༡༨། འདས། (རྔ་བ་འཛམ་ཐང་)
༢༦༽ ༢༠༡༢།༢།༡༧། གྲྭ་དམ་ཆོས་ལགས། ལོ།་༤༠། འདས། (མཚོ་སྔོན་ཐེམ་ཆེན་རྫོང།)
༢༥༽༢༠༡༢།༢།༡༣། གྲྭ་བློ་བཟང་རྒྱ་མཚོ་ལོ་༡༩། (རྔ་བ།)
༢༤༽༢༠༡༢།༢།༡༡། བཙུན་མ་བསྟན་འཛིན་ཆོས་སྒྲོན། ལོ་༡༨། འདས། (རྔ་བ།)
༢༣༽༢༠༡༢།༢།༨། བསོད་ནམས་རབ་ཡངས། ལོ་༤༨ (ཁྲི་འདུ་རྫོང།)
༢༢༽ ༢༠༡༢།༢།༨། རིག་འཛིན་རྡོ་རྗེ་ལགས། (རིག་པེ་ཟེར) ལོ་ ༡༩། (རྔ་པ)
༢༡༽ ༢༠༡༢།༡།༡༤ བློ་བཟང་འཇམས་དབྱངས་ལགས། འདས། ལོ། ༢༢ (རྔ་བ།)
༢༠༽ ༢༠༡༢།༠༡།༠༨། སྤྲུལ་སྐུ་བསོད་ནམས་དབང་རྒྱལ་ལགས།(བསོད་བྷེ)འདས། ལོ། ༤༢། (མགོ་ལོག)
༡༩༽ ༢༠༡༢།༠༡།༠༦། བསྟན་ཉི་ལགས།། (སྐྱ་བབ)འདས། ལོ།༢༠། (རྔ་བ།)
༡༨༽ ༢༠༡༢།༠༡།༠༦། དགེ་འདུན་པ་ཚུལ་ཁྲིམས་ལགས། འདས། ལོ།༢༠། (རྔ་བ།)
༡༧༽ ༢༠༡༡།༡༢།༠༡། བསྟན་འཛིན་ཕུན་ཚོགས་ལགས། (སྐྱ་བབ) འདས། ལོ།༤༦། (ཆབ་མདོ།)
༡༦༽ ༢༠༡༡།༡༡།༡༠། དགེ་འདུན་པ་བུ་ཕྲུག་ལགས། ལོ། ༤༥། (བལ་ཡུལ་མཆོད་རྟེན།)
༡༥༽ ༢༠༡༡།༡༡།༠༤། ཤེས་རབ་ཚེ་རྡོར་ལགས། ལོ།༢༥། (རྒྱ་གར་ལྡི་ལི།)
༡༤༽ ༢༠༡༡།༡༡།༠༣། བཙུན་མ་དཔལ་ལྡན་ཆོས་བཟང༌ལགས། འདས། ལོ།༣༥། (དཀར་མཛེས།)
༡༣༽ ༢༠༡༡།༡༠།༢༥། དགེ་འདུན་པ་ཟླ་བ་ཚེ་རིང༌ལགས། ལོ།༣༨། (དཀར་མཛེས།)
༡༢༽ ༢༠༡༡།༡༠།༡༧། བཙུན་མ་བསྟན་འཛིན་དབང་མོ་ལགས འདས། ལོ།༢༠། (རྔ་བ།)
༡༡༽ ༢༠༡༡།༡༠།༡༥། ནོར་བུ་དགྲ་འདུལ་ལགས། (སྐྱ་བབ)འདས། ལོ།༡༩། (རྔ་བ།)
༡༠༽ ༢༠༡༡།༡༠།༠༧། མཁའ་དབྱིངས་ལགས། (སྐྱ་བབ) འདས། ལོ།༡༨། (རྔ་བ།)
༩༽ ༢༠༡༡།༡༠།༠༧། ཆོས་འཕེལ་ལགས། (སྐྱ་བབ) འདས། ལོ།༡༩། (་རྔ་བ།)
༨༽ ༢༠༡༡།༡༠།༠༣། དགེ་འདུན་པ་སྐལ་བཟང་དབང་ཕྱུག་ལགས། ལོ།༡༨། (རྔ་བ།)
༧༽ ༢༠༡༡།༠༩།༢༦། དགེ་འདུན་པ་བློ་བཟང་སྐལ་བཟང༌ལགས། ལོ།༡༩། (རྔ་བ།)
༦༽ ༢༠༡༡།༠༩།༢༦། དགེ་འདུན་པ་བློ་བཟང་དཀོན་མཆོག་ལགས། ལོ།༡༨། (རྔ་བ།)
༥༽ ༢༠༡༡།༠༨།༡༥། དགེ་འདུན་པ་ཚེ་དབང་ནོར་བུ་ལགས། འདས། ལོ།༢༩། (དཀར་མཛེས)
༤༽ ༢༠༡༡།༠༣།༡༦། དགེ་འདུན་པ་ཕུན་ཚོགས་ལགས། འདས། ལོ།༢༡། (རྔ་བ།)
༣༽ ༢༠༠༩།༠༢།༢༧། དགེ་འདུན་པ་བཀྲ་བྷེ།་ལགས། གསོན། ལོ།༢༠། (རྔ་བ།)
༢༽ ༢༠༠༦།༡༡།༢༣། ལྷག་པ་ཚེ་རིང༌ལགས། ལོ། ༢༣། (རྒྱ་གར་བྷིང་ལོ།)
༡༽ ༡༩༩༨།༠༤།༢༧། རྒན་ཐུབ་བསྟན་དངོས་གྲུབ་ལགས། འདས། ལོ། ༦༠། (རྒྱ་གར་ལྡི་ལི)
བཀུར་འོས་རྒྱལ་གཅེས་དཔའ་བོ་རྣམ་པ་ལགས། ཁྱེད་ཅག་གིས་བོད་ཀྱི་རང་དབང་དང་བདེ་སྐྱིད་ཀྱི་ཆེད་དུ་འདི་ལྟར་རང་ལུས་མཆོད་ སྦྱིན་གྱི་ལས་འགུལ་སྤེལ་བ་ཤིན་ཏུ་ངོ་མཚར་ཞིང་རླབས་ཆེ་ན་ཡང། ཁྱེད་ཅག་གི་མི་ལུས་རིན་པོ་ཆེ་རེ་རེ་འདི་ལྟར་ཉམ་ཉེས་སུ་གྱུར་དུས་བདག་ནི་ཤིན་ ཏུ་ཕངས། སེམས་ནས་བཟོད་དཀའ། དེ་བས་ཐབས་ལམ་གཞན་ཐོག་ནས་ཞི་རྒོལ་སྤེལ་རོགས་མཁྱེན་མཁྱེན་མཁྱེན་ཞུའོ།
བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། །
གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ། །
དཀའ་བ་བརྒྱ་ཕྲག་བསྒྲུབས་པའི་སྐྱེ་བོ་རྣམས། །
གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད།
ཡིད་བཞིན་ནོར་བུའི་གསུང།
ཀྱེ་མ་ཀྱི་ཧུད། ད་ནི་དཔའ་བོའི་ཚེ་སྲོག་གི་མཆོད་སྦྱིན་འདི་མཚམས་འཇོག་རྒྱུ་མིན་པ་འདྲ། གལ་ཏེ་ད་དུང་མུ་མཐུད་འདི་ལྟར་ཚེ་སྲོག་བློས་གཏོང་གནང་ངེས་ན་རང་གི་དགོས་དོན་ དང་རེ་བ་སོགས་གསལ་བོ་ཞིག་བསྒྲགས་རྒྱུ་ཧ་ཅང་གལ་ཆེ། དཔེར་ན་དར་ཡིག་དང་སྦྱར་ཡིག ཡིག་ཆ་གཏོར་བ་བཅས། ད་དུང་པར་རྒྱག་མཁན་ཡང་གྲ་སྒྲིག་དགོས། དེ་འདྲ་བྱུང་ན་རྒྱལ་སྤྱིའི་ཐོག་ལ་གསལ་བསྒྲགས་བྱེད་པར་ཕན་ནུས་ཆེན་པོ་ཐོན་ ཐུབ།
ཕྱི་ཟླ་ ༡༠ པའི་ཚེས་ ༡ ཉིན་ཏེ་རྒྱ་ནགརྒྱལ་ཁབ་དབུ་བརྙེས་པའི་ཉིན་མོ་དང་བསྟུན་ཏེ། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གསེར་རྟ་རྫོང་ཐོག་ཏུ་བོད་དོན་སྐོར་གྱི་ཡིག་ཆ་གང་མང་ཞིག་འགྲེམས་གཏོར་བྱས་ཡོད་པ་དང་། ཉིན་གུང་ཆུ་ཚོད་ ༡༢ ཙམ་ལ་ས་གནས་བོད་མི་ཞིག་གིས་རྫོང་གི་ཁྲོམ་གཞུང་དུ་ཡིག་ཆ་འགྲེམས་གཏོར་བྱེད་བཞིན། བོད་ལ་རང་དབང་དགོས་པ་དང་། ༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་ཞུ་དགོས་པའི་ཞེས་པའི་སྐད་འབོད་གནང་ཡོད་འདུག ཁོང་གིས་སྐད་འབོད་གནང་སྐབས་ས་གནས་བོད་མི་ ༢༠༠ ལྷག་གིས་ལས་འགུལ་དེར་མཉམ་ཞུགས་བྱས་འདུག
ཟླ་འདིའི་ཕྱི་ཚེས་ ༡ ཉིན་སྟེ། རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་དུ་སྟབས་བསྟུན་ཏེ་བཞུགས་སྒར་བོད་ཀྱི་འགྲེམས་སྟོན་ཁང་དུ། སྐུ་མགྲོན་གཙོ་བོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་དང་དགུ་བཅུ་ལས་འགུལ་ཚོགས་ཚོགས་གཞོན་ཀླུ་མཁར་བྱམས་ལགས་གཉིས་གདན་ཞུའི་ཐོག བོད་ཀྱི་ཆབ་སྲིད་བཙོན་ཟུར་ལྷ་མོ་སྐྱབས་དང་འཇིགས་མེད་རྒྱ་མཚོ། བསྟན་པ་དར་རྒྱས་བཅས་གསུམ་གྱིས་དང་བླངས་ཐོག་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རང་ལུས་མཆོད་མེར་ཕུལ་བའི་རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་དང་གྲྭ་བཀྲ་བྷེ། གྲྭ་བློ་བཟང་ཕུན་ཚོགས། གྲྭ་ཚེ་དབང་ནོར་བུ་བཅས་རྣམ་པ་བཞི་ལ་གདུང་སེམས་མཉམ་སྐྱེད་ཆེད་དབོན་ཞང་རྡོ་རིང་གི་དབྱིབས་སུ་བཟོས་༼ ཁྱོད་དང་བོད། འཐབ་རྩོད་ཀྱི་དྲན་ཤིང་།༽ཞེས་པའི་དྲན་རྟེན་ཞིག་གསར་འགོད་པ་དང་ས་གནས་མི་མང་འདུ་འཛོམས་ཐོག་དབུ་འབྱེད་གནང་།
ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༣ ཉིན་བཏང་གནས་ནང་འཁོད་དོན། བོད་ཀྱི་དཔའ་བོ་དགེ་འདུན་ཚེ་དབང་ནོར་བུ་ལགས་ཀྱིས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་རང་ལུས་མེར་སྲེག་བཏང་སྟེ་ཉིན་ཞག་ཞེ་དགུའི་བདུན་ཚིགས་དང་སྟབས་བསྟུན། ཐེ་ཝན་དུ་གནས་སྡོད་བོད་རིགས་ཚོགས་པ་དང་། རྒྱལ་སྤྱིའི་སློབ་ཕྲུག་བོད་དོན་རྒྱབ་སྐྱོར་ཚོགས་པ། ཐེ་ཝན་ཡན་ལག་ས་གནས་བོད་ཀྱི་གཞོན་ནུ་དང་བུད་མེད་ཚོགས་པ་བཅས་མཉམ་འབྲེལ་ཐོག་ཐེ་ཝན་ནང་ཕྱི་ཟླ་ ༡༠ ཚེས་ ༢ ཉིན་བོད་ཀྱི་དཔའ་བོ་རྣམས་ལ་རྗེས་དྲན་གྱི་ལས་འགུལ་རྒྱ་ཆེ་ཞིག་སྤེལ་འདུག
༄༅། །འདི་གར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༥ ཉིན་བཏང་གནས་ནང་འཁོད་དོན། ཐེ་ཝན་དུ་གནས་སྡོད་བོད་རིགས་ཚོགས་པས་གོ་སྒྲིག་འོག་ས་གནས་བོད་ཀྱི་གཞོན་ནུའི་ ལྷན་ཚོགས་དང་། ཐེ་ཝན་སློབ་ཕྲུག་བོད་དོན་རྒྱབ་སྐྱོར་ཚོགས་པ་ནས་གཞོགས་འདེགས་གནང་སྟེ་ཕྱི་ཟླ་ ༡༢ ཚེས་ ༢ ཉིན་གྱི་དགོང་དྲོ་ཆུ་ཚོད་ ༧ ནས་འགོ་འཛུགས་ཀྱིས་ཁྱོན་ཆུ་ཚོད་ ༤༩ རིང་ཐེ་ཝན་རང་དབང་ཐང་ཆེན་དུ་བོད་ཀྱི་དཔའ་མོ་བཙུན་མ་བསྟན་འཛིན་དབང་མོ་ལགས་ ཀྱི་ཉིན་ཞག་ཞེ་དགུ་དང་སྟབས་བསྟུན་ཏེ། གངས་ལྗོངས་རང་དབང་ཆེད་དུ་རང་ལུས་མེར་སྲེག་དང་། དཔའ་བོའི་སྙིང་སྟོབས་རྒྱུན་འཛིན་ཆེད་ཟས་བཅད་མཆོད་འབུལ་གྱི་ལས་འགུལ་རྒྱ་ཆེ་ ཞིག་གནང་ཡོད་པ་མ་ཟད། ཉེ་ཆར་བོད་ནང་བྱུང་བའི་དོན་རྐྱེན་ཁག་དང་། དཔའ་བོ་རྣམས་ཀྱི་མཛད་རྗེས་དང་འབྲེལ་བའི་དཔར་རིགས་འགྲེམས་སྟོན་ཞིག་ཀྱང་གནང་ འདུག ཐེ་ཝན་དུ་གནས་སྡོད་བོད་རིགས་ཚོགས་པའི་ཚོགས་གཙོ་དགྲ་བཅོམ་པ་ལགས་དང་། རྒྱུན་ལས་སྐལ་བཟང་ལྷུན་གྲུབ་ལགས། རྒྱུན་ལས་དཀོན་མཆོག་ལྷག་པ་ལགས། ས་གནས་བོད་ཀྱི་གཞོན་ནུའི་ཚོགས་གཙོ་བསྟན་འཛིན་ཆོས་འཕེལ་ལགས། ཚོགས་གཞོན་བསྟན་འཛིན་རྣམ་དག་ལགས། ཚོགས་མི་དབང་འདུས་ཚེ་རིང་ལགས་སོགས་ཁྱོན་མི་གྲངས་དྲུག་གིས་ཆུ་ཚོད་ ༤༩ རིང་ཟས་བཅད་གནང་ཞིང་། ཕྱི་ཚེས་ ༣ སྔ་དྲོ་ཆུ་ཚོད་བཅུ་པའི་གསར་འགོད་ལྷན་ཚོགས་ཐོག་ལ་ཐེ་ཝན་དམངས་ཁྲོད་རྩ་ཁྲིམས་ བསྐྱར་བཅོས་སྐུལ་སྤེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ལིན་ཕེང་ཀྲང་ལགས་དང་། ཏུང་ཝུ་གཙུག་ལག་སློབ་གྲྭ་ཆེན་མོའི་འགྲོ་བ་མིའི་ཐོབ་ཐང་ལྟེ་གནས་ཀྱི་འགན་ འཛིན་དགེ་རྒན་ཆེན་མོ་ཧོང་མོའོ་ལགས། དམངས་གཙོ་ཡར་ཐོན་ཚོགས་པའི་སྐུ་ཞབས་ཡཱང་གྲན་ཀྲན་ལགས། ཐེ་ཝན་ངལ་རྩོལ་དཔུང་ཁག་གི་དྲུང་ཆེ་སུན་ཡོའོ་ལན་ལགས། གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ཇན་ཏཱ་ལགས། ཐེ་ཝན་བོད་རྒྱ་མཐུན་ཚོགས་ཀྱི་ཚོགས་གཙོ་དགེ་རྒན་ཆེན་མོ་སུན་ཀྲེ་བྷན་ལགས་ སོགས་ཀྱིས་བོད་མིར་གདུང་སེམས་མཉམ་སྐྱེ་དང་། རྒྱ་ནག་གཞུང་གི་དྲག་པོའི་སྲིད་བྱུས་ལ་སྐྱོན་བརྗོད། བོད་མིར་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་གསུང་བཤད་གནང་། ཕྱི་ཚེས་ ༤ ཉིན་ཐེ་ཝན་གྲོས་ཚོགས་འཐུས་མི་ལྕམ་ཐན་ཆིའུ་ཇིན་ལགས་ཆེད་དུ་ཟས་བཅད་གནང་ཡུལ་ དུ་རྒྱབ་སྐྱོར་གནང་བར་ཕེབས་པ་དང་། བོད་ནང་གི་གནས་སྟངས་འགྲེམས་སྟོན་གཟིགས་རྗེས་རང་དབང་མེད་པར་མཆི་མ་ལྷུང་ཞིང་ གནས་ཚུལ་དེ་ཚོ་བསམ་ཡུལ་ལས་འདས་པ་ཞིག་རེད་གསུངས། དེ་ཉིན་རང་དབང་ཐང་ཆེན་དུ་ཉམ་ཆུང་ལྟ་རྟོག་ཚོགས་པའི་ལས་འགུལ་སྐབས། ཟས་བཅད་ངོ་རྒོལ་ལ་རྒྱབ་སྐྱོར་གྱི་ལས་རིམ་གསར་འཇུག་གནང་བ་དང་། དགོང་དྲོ་ཆུ་ཚོད་ ༦ ནས་ ༨ བར་བོད་མི་སྐྱ་སེར་གཉིས་དང་། བོད་མིར་རྒྱབ་སྐྱོར་གནང་མཁན་ཐེ་ཝན་མི་མང་བཅས་མི་གྲངས་བདུན་ཅུ་ལྷག་ནས་མཆོད་ འབུལ་སྨོན་ལམ་གནང་ཡོད། ཆུ་ཚོད་ ༤༩ རིང་གི་ཟས་བཅད་སྨོན་ལམ་གྲུབ་རྗེས། སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་ལས་འགུལ་གྲ་སྒྲིག་ནང་མཐུན་འགྱུར་གནང་ མཁན་སློབ་ཕྲུག་ཚོགས་པའི་ཚོགས་མི་གསུམ་ལ་ཐུགས་རྗེ་ཆེ་ཞུའི་མཇལ་དར་གནང་བ་དང་། དེ་བཞིན་ཟས་བཅད་གནང་མཁན་བོད་མི་དྲུག་ལ་མཇལ་དར་གཡོགས་ཏེ་ལས་འགུལ་མཇུག་སྒྲིལ་ གནང་འདུག ཐེངས་འདིའི་ཟས་བཅད་ལས་འགུལ་ད་རེས་གཟའ་སྤེན་པ་དང་ཉི་མ་གཉིས་ལ་འཁེལ་བར་བརྟེན། རང་དབང་ཐང་ཆེན་སྟེང་ལྟ་སྐོར་དུ་ཡོང་མཁན་རྒྱ་ནག་སྐམ་ས་ཆེན་པོའི་མི་མང་ཧ་ཅང་ མང་པོས་ལས་འགུལ་འདི་དངོས་སུ་མཐོང་ཡོད་པ་དང་། ཁག་གཅིག་ཆེད་དུ་འགྲེམས་སྟོན་དཔར་རིགས་ལ་ལྟ་བར་ཕེབས་ཏེ་དཔར་ལེན་བྱས་པ་སོགས་ བོད་དོན་ངོ་སྤྲོད་རྒྱ་ཆེ་ཐུབ་ཡོད་པ་བཅས་སོ།།
"ལུས་སྟོབས། ཟུངས་ཁྲག སྙིང་ཁམས། ཡབ་མེས་ཀྱི་རུས་རྐང་རྨ་མེད།
སྦྲང་དཀར། འབྲི་མར། གངས་ཆབ། ཡབ་མེས་ཀྱི་གསོ་བཅུད་མངར་མོ།
གངས་རི། རྩྭ་ཐང། བྲག་རི། ཡབ་མེས་ཀྱི་ཕ་ཁྱིམ་གྲུབ་བཞི།
ངེས་དགོས་པ་སེམས་དཀྱིལ་ནས་རྟོགས་དགོས་ལ་དྲན་རུང་བ་ཡིད་སེམས་ནས་འཚོལ་དགོས།
གཡོ་སྒྱུ། དྲག་རྩུབ། ཞེ་གནག སུ་ཞིག་གི་ངོ་གདོང་ན་འབར།
མེ་མདའ། མེ་སྒྱོགས། འགད་རྫས། སུ་ཞིག་གི་སྲོག་ཐོག་ལ་རྒོད།
རྒོལ་གཏམ། དཀྲོག་གཏམ། སྡིགས་དམོད། སུ་ཞིག་གི་ངག་སྒོ་ནས་བཙིར།
མུན་ནག་གིས་ང་ཚོ་ལ་མིག་ཟུང་ནག་པོ་ཞིག་སྦྱིན་བྱུང་བས་ང་ཚོས་དེ་ལ་བརྟེན་ནས་འོད་སྣང་གི་སྐར་ཁུང་འཚོལ་ཐུབ་དགོས།
ཚེ་སྲོག་གཅིག ཚེ་སྲོག་གཉིས། ཚེ་སྲོག་གསུམ། ་་་་་་་་་ཚེ་སྲོག་བརྒྱ།
བར་མེད་དུ་ཤོར་དང་འཆོར་གྱིན་འདུག་པས།
ང་ཚོས་མྱ་ངན་ཞུ་འོས། ང་ཚོས་རྗེས་དྲན་ཞུ་འོས།
ང་ཚོས་ལོ་རྒྱུས་ཀྱི་ཧྲག་བར་ནས་ནམ་ཡང་བརྗེད་ངས་བྱ་མི་རུང།
བློ་སྤོབས། སྒེར་ཚུགས། མཛངས་རྟགས། ནང་རྡིག་གིས་གཏམས་པའི་མི་བུ་བཀན་མོ།
རྒྱང་འབོད། ང་རོ། ཀི་ལྡིར། ནང་སེམས་ནས་བརྡོལ་བའི་གདུང་དབྱངས་དྭངས་མོ།
རང་དབང། མང་གཙོ། ཁེ་དབང། མཐར་ཐུག་གི་གཞིས་ཁྱིམ་དྲོན་མོ།
ང་ཚོས་ཡུན་རིང་བོའི་སྡོམ་ཁྲིམས་དང་དཀའ་སྡུག་དང་འགུལ་སྐྱོད་ཁྲོད་བཙལ་གྱིན་པའི་གསེར་གྱི་མགོ་རྒྱན་དང་རྨི་ལམ་ནི་ཅི་ཞིག་ཡིན། "
འདི་ནི་ཨོཾ་འབར་གྱི་སྙན་ངག་་རེད། དུས་རབས་ཀྱི་སྨྲེ་ངག་རེད། མི་རིགས་ཀྱི་འབོད་སྒྲ་རེད། ཁ་སང་གི་ང་ཚོའི་སྡུག་བསྔལ་ཡོད་ཚད་ཕ་ཡུལ་ན་ཡོད་ལ། དེ་རིང་གི་ང་ཚོའི་སྟོབས་ཤུགས་ཀྱང་ཕ་ཡུལ་ན་ཡོད། སང་ཉིན་གྱི་ང་ཚོའི་རེ་བ་ཡང་ཕ་ཡུལ་ན་ཡོད།