བཞུགས་སྒར་རྡ་རམ་ས་ལའི་ནོར་བུ་གླིང་ག
བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་དྲུང་ཆེ་གངས་དཀར་རྒྱལ་སྲས་དང། ཚོགས་མི་གཡུ་འོད་དམ་འོད་ཟེར། ད་ལྟ་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་རྩོམ་རིག་དགེ་རྒན་ཡིན། ཁོང་གཉིས་རོགས་ཀྱི་རྒྱུག་ཆོག་ཆོག་འདྲ་བོ་དེ་ནི་ཆབ་བྲག་ཕོ་ཉའོ།
༄།སྙན་དངགས་ཀྱི་སྟག་ཤར།
མཛའ་གྲོགས་དམ་པ་རྡོར་བྷ་ལགས་ལ་རྗེས་དྲན་དུ་ཕུལ་བ།
ཆབ་བྲག་ཕོ་ཉ།
འདས་གྲོགས་ལགས། ཁྱོད་ཀྱི<<སྙན་ངག་གིས་སླར་ཡང་ཁོ་བོ་བཙལ>>ནས་རི་ཆུ་ཁྲི་སྟོང་གི་ ཕ་རོལ་ནས་བརྟོལ་བས། ཁོ་བོས་ཇི་ལྟར་བསུ་དགོས་ཀྱང་མ་ཤེས། ཐབས་ལམ་ཡག་ཤོས་ནི་ཁོ་བོས་ཁྱོད་ཀྱི་སྙན་ངག་ནང་དུ་སླར་ཡང་ཁྱོད་ཉིད་བཙལ་ནས་ འདས་དོན་དང་ཐུག་འཕྲད་བྱེད་རྒྱུ་དེ་མིན་ནམ། ཁོ་བོས་སླར་ཡང<<སྙན་ངག་གིས་སླར་ཡང་ཁོ་བོ་བཙལ>>སྙན་དེབ་ཀྱི་ཁ་ བྱང་འདི་ག་ལེར་ཐེངས་གཅིག་བཀླགས་པ་དང།
"ཉིན་ཞིག་ངས་ཁྱོད་བཙལ་ནས་ཐོན་ངེས་ཡིན།"
ཁོ་བོའི་རྣ་ལམ་དུ་སླར་ཡང་ཀླུ་ཆུའི་བཞུར་སྒྲ་དང་བསྡེབས་པའི་སྐད་ཆ་གསོན་པོ་ ཞིག་ཐོས། དེའི་མཚུངས་བདག་གི་མིག་ལམ་ནའང་ཁྱེད་ཉིད།
ཉིད་ཀྱི་དབུ་པར་འདི་ཡང་ཁྱོད་ཉིད་གསོན་པོར་གྱུར་ཏེ་བདག་ལ་དྲན་གསོ་བྱེད་རོགས་ བྱས།
འདས་གྲོགས་ལགས། འུ་གཉིས་གསེར་ལུང་གི་སློབ་ཆུང་དེར་སློབ་གྲོགས་ཀྱི་གསེར་ཐག་གིས་ཐོག་མར་ སྦྲེལ་ཅིང། གསེར་གྱི་མེ་ཏོག་བཞིན་འཚར་ལོངས་བྱུང།
ལོ་ངོ་བཅུ་ལྷག་གི་རྗེས། འུ་གཉིས་སླར་ཡང་དེ་རུ་འཛོམས་ཤིང་མཐའ་མཇུག་གི་གསང་གྱེས་བྱས། དེ་དུས་དེ་ལྟར་ཡིན་པ་ཅི་ལ་ཤེས
འདས་གྲོགས་ལགས། འུ་གཉིས་བར་ལ། ཁྱོད་དང་ཁྱོད་ཀྱི་ཞེ་མཐུན་མ་བཞིན་གྱི་མཛའ་སེམས་མེད་ན་ཡང། བསམ་ཤེས་པ་ནས་གཅིག་གིས་གཅིག་ལ་ཆབ་བྲག་གི་ཐང་དཀར་རྒོད་པོ་ཞིག་གི་འདུ་ཤེས་ བཟུང་ཞིང། རྟོགས་སད་ཀྱི་གོ་འཕང་ལྷན་ཅིག་ཐོབ་པའི་དུས་དེར་གསེར་མདོག་གི་འཚོ་ལམ་གསར་བ་ ཞིག་ལ་ལྷན་ཅིག་རྒྱང་བཞུད་ཀྱི་རེ་སྨོན་སྦྲུམ།
འདས་གྲོགས་ལགས། དེ་དུས། ཀླུ་ཆབ་སྔོན་མོའི་ངོགས་སུ། འཆམ་འཆམ་གྱི་དོན་སྙིང་གཙང་བོའི་གཏིང་ལས་ཟབས་པའི་སྐབས་དེར། ད་ལྟར་ཡང་ཁོ་བོའི་སེམས་ཀྱི་ཟབ་སར་འཛུལ་བའི་ཚིག་གི་ཉེའུ་འགའ་ཡོད་པ་ནི། ཁྱེད་ཀྱིས་གཙང་བོར་གཟིགས་བཞིན། "ཉིན་ཞིག་ངས་ཁྱེད་རང་བཙལ་ནས་ཐོན་ངེས་ཡིན། ང་ཚོ་ནི་ཀླུ་ཆབ་སྔོན་མོའི་གསེར་ཉ་ཡིན་པས་ཡངས་པའི་རྒྱ་མཚོར་འཁྱུག་རྩལ་ངོམ་ དགོས།" བདག་གིས་ཀྱང་མགོ་བོ་དགྱེས་ཏེ། "ངས་སྒུག་འདུག ང་ཚོ་ནི་ཆབ་བྲག་གི་ཐང་དཀར་རྒོད་པོ་ཡིན་པས་ཡངས་པའི་གནམ་འཕང་གཅོད་ཐུབ།" དེ་ལྟར་སྐབས་རེར་སྙན་ངག་དམ་དུམ་རེ་དང། མཚམས་རེར་གད་མོ་ཐག་ཐག་རེ། ལན་རེར་དབུགས་རིང་ནར་ནར་རེ་བཅས་འུ་གཉིས་ཀྱི་ཀླུ་ཆུའི་བཞུར་རྒྱུན་དང་འདྲེས་ པའི་གླེང་མོལ་ལྷུག་པོར་སྙན་ངག་གི་སྡོམ་ཚིག་ཅིག་འགོད་ན། "ཤར་ཕྱོགས་ཀྱི་ཉི་མ་དམར་པོ་དེ་ང་ཚོའི་ཉི་མ་མིན། ང་ཚོའི་ཉི་མ་ནི་ནུབ་ཕྱོགས་ནས་འཆར་གྱིན་ཡོད། ང་ཚོ་ནི་གངས་རི་ལས་འཁྲུངས་པའི་སྐར་ཕྲན་རེ་རེ་ཡིན་པས། ང་ཚོ་རང་ཉིད་ཀྱི་ཉི་མའི་ཁྱིམ་རྒྱུད་དུ་འཁོར་དགོས། ང་ཚོའི་འོད་ཟེར་རེ་རེ་གངས་ཁྲོད་འདིའི་མུན་པ་ཐར་ཐོར་རེ་སེལ་བར་སྤྲོ་དགོས། ཁྱེད་ཀྱང་དེ་འདྲ་ཡིན་ལ་ང་ཡང་དེ་འདྲའོ། ཚང་མ་དེ་ལྟར་འགྱུར་བར་ཤོག" ངེས་པར་དེ་ལྟར་ཡིན།
འདས་གྲོགས་ལགས། <ང་ནི་རྒྱང་རིང་གི་འཇིག་རྟེན་ཞིག་ལ་བཞུད་འགྲོ>ཞེས། བདག་ལ་སྒུག་ལོང་མ་བྱིན་པར་ཁྱེད་དེ་འདྲའི་སྔ་མོར་ཆས་དོན་ཅི། གཤོག་དྲུག་གི་འཁྱུག་ཡུལ་རྒྱ་མཚོ་དང། གཤོག་ཟུང་གི་འཕུར་ཡུལ་གནམ་འཕང་ནི་འཇིག་རྟེན་འདི་ཉིད་ལས་གཞན་ཞིག་ག་ལ་ཡིན། ཁྱོད་ཀྱིས་རྒྱང་རིང་འཇིག་རྟེན་གྱི་ལམ་ཆེན་ནོར་སོང། ཁྱེད་ཀྱིས་གཅེས་པའི་ལང་ཚོ་དང་རིང་བོའི་ཕུགས་བསམ་དག་དོར་ནས་ཆས་སོང། ཁྱེད་རང་ཆས་ཁར།
"བདག་འདས་རྗེས་སུ། མཛའ་གྲོགས་ལགས།
ཁྱེད་ཀྱིས་མཆི་མ་སྙུག་མཚོན་དུ་བྱས་ནས།
འུ་གཉིས་ཀྱི་དྭངས་གཙང་གི་མཛའ་བ་འབྲི་རོགས།
དེ་ཡིས། མཛའ་བརྩེའི་དགའ་བ་གཉེར་བའི་སེམས་པ་རེ་རེ་བཞིན་སྐྱོང་ཐུབ།"
ཁ་ཆེམས་དྲོད་མོ་འདི་མ་མཐོང་གོང་ནས། བདག་གི་སྙུག་རྩེ་ནས་གདུང་འབོད་ཀྱི་ཀི་རིང་འགའ་ཧི་མ་ལ་ཡ་བརྒྱུད་དེ་བར་དོའི་ འཕྲང་དུ་བསྐུར་ཡོད།
"བདག་འདས་རྗེས་སུ། མཛའ་གྲོགས་ལགས།
ཁྱེད་ཀྱིས་གདུང་བ་སྟོབས་ཤུགས་སུ་འཁྱེར་རོགས།
དེ་ཡིས་ཕ་ཡུལ་གྱི་རྗེས་ལུས་རྣམ་པའང་སྒྱུར་ཐུབ།"
ཅི་འདྲའི་སྟག་ཤར་རྒོད་པོ་ཞིག་གི་ཞལ་ཆེམས་ཨང། དེ་དུས་ནས་བདག་གིས་ཚོར་བ་འདྲ། ཁྱོད་ཀྱི་ཆབ་སྲིད་རྟོགས་སད་དང་བདག་གི་སྙུག་རྩེའི་འོད་སྣང་གི་ལམ་བུ་གཉིས་ཁོ་ བོའི་མི་ཚེའི་རྐང་ལམ་གཅིག་ཏུ་བསྣོལ་མར་བསྡེབས། དེ་བས་བདག་ལ་སྔར་ལས་ལྷག་པའི་ཁུར་བོ་ཆེ་ལ། སྔར་ལས་ལྷག་པའི་སྤོབས་པ་བརྟས། དེ་བས་བདག་གིས་དེ་རིང་གི་ཟད་མཐའ་མེད་པའི་སྟོབས་ཤུགས་འདི་དག་གཅེས་ཉར་ཐུབ་ ཅེས་ཀྱང་བརྗོད་ཆོག དེས་ན་བདག་ཀྱང་ཁྱེད་ཀྱི་ངོ་གནོང་མི་དགོས་པའི་མཛའ་གྲོགས་ཤིག་མིན་ནམ།
"བདག་འདས་རྗེས་སུ། མཛའ་གྲོགས་ལགས།
ཁྱེད་ཀྱིས་བདག་གི་རུས་ཐལ་དག
མེས་རྒྱལ་གྱི་མཛེས་པའི་རི་ཆུ་ལ་སྤུར་རོགས།
བདག་གནའ་བོའི་ས་སྒང་འདིར་ཐིམ་འདོད།"
འདི་ནི་དེ་དུས་ཀྱི་འུ་གཉིས་ཀའི་ལྟ་བ་དང་རེ་སྙེག་ཉག་གཅིག་དེ། བདག་གིས་སླར་ཡང་ཐོས་པ་དང་འདྲ། ཁྱོད་རང་གངས་རིའི་གླག་རྒོད་ཅིག་ཏུ་སྐྱེས་ནས་གང་དུ་འཕུར་ལྡིང་བྱེད་ཀྱིན་ཡོད།
འདས་གྲོགས་ལགས། སྤྲོ་སྣང་དང་ཡིད་ཆེས་ཀྱིས་ཁེངས་པའི་རེ་སྙེག་དེ་དག་ཁྱོད་ལ་ཕངས་འགྱོད་དང་ གདུང་སེམས་ཀྱི་རེ་སྨོན་ཙམ་ཞིག་ཏུ་གྱུར་བ་དེ་ཅི་འདྲའི་ཕངས་པ་ཞིག
འདས་གྲོགས་ལགས། ཀླུ་ཆབ་སྔོན་མོའི་གསེར་མིག་ཁྱོད་རྒྱང་རིང་རྒྱ་མཚོར་འཁྱུག་ལ་རྩོམ་པ་དང། ཀླུ་བྲག་སྔོན་མོའི་ཐང་ཀར་རྒོད་པོ་ཁྱོད་ཨ་སྔོན་དབྱིངས་སུ་ལྡིང་ལ་རྔམ་པ་དང། གློ་བུར་བའི་འཆི་བདག་དམར་པོའི་དམག་དཔུང་དངོས་འདྲའི་འཆི་བདག་ནག་པོ་དེས་སྲོག་ ཆད་བཅད། ངོ་མ་ཀླུ་མོ་བྱང་སེམས་ཅན་ཞིག་དང་ལྷ་མོ་མཐུ་རྩལ་ཅན་ཞིག་མེད་པ་ཐག་ཆོད།
འདས་གྲོགས་ལགས། ཁྱོད་ཀྱི་སྙན་ངག་གིས་ཁོ་བོ་བཙལ་ནས་བདུད་རྩི་བཞིན་བཏུང་པས། བདག་ཁྱོད་ཀྱི་སྙན་ངག་ལ་ཡོངས་སུ་ཐིམ་ཞིང་བཟི་སྣང་དང་རྨི་ལམ་འདྲེས་མའི་འཇིག་ རྟེན་ནས་བདག་ཁྱོད་ལ་དུངས། ཁྱོད་ཀྱི་ཞེ་མཐུན་མ་བཞིན་དུ།
རེད། ཕོ་ཡག་པ། གཞོན་སྟག་ཤར། མི་རིག་ཡག རེ་བཞག་ཅན་གྱི་དཔའ་རྒོད་ཁྱོད་ཤི་མི་འདུག སྙན་ངག་གི་དེབ་ཆུང་འདི་ནི་ཁྱོད་ཉིད་གསོན་པོ་ཡིན། རང་ཉིད་ཀྱི་སྒྱུ་རྩལ་གྱིས་བཞེངས་པའི་རང་ཉིད་གསོན་པོ་ཡིན། ཁྱོད་ནི་ཁྱོད་ཀྱི་སྙན་དངགས་ལྟར་སྙིང་ལ་སྡུག་ཅིང། ཁྱོད་ཀྱི་སྙན་དངགས་ཀྱང་ཁྱོད་ཀྱི་ལང་ཚོ་བཞིན་དུ་ཡིད་དུ་འོང དེ་བས། སྔོན་ཆད་ཁྱོད་ནི་སྙན་དངགས་སྟག་ཤར་གྱི་གཟུགས་སུ་བྱོན་པའི་དབྱངས་ཅན་མའི་མག་པ་ དང དེ་རིང་ཁྱོད་ཉིད་སྙན་དངགས་ཀྱི་རྣམ་པར་སྤྲུལ་བའི་དབྱངས་ཅན་མའི་བཞད་སྒྲ་ཡིན་ པ་བདག་གིས་གསལ་བར་ཐོས།
ཀྱེ། སྙན་དངགས་པའི་མ་ཡུམ་ལགས། འདི་ནི་ཁྱོད་ཀྱི་གཅེས་ཕྲུག་གི་རྣམ་ཤེས་འཁྲུལ་མེད་ཡིན་པའི་ཐུགས་ཐག་བདག་གིས་ ཆོད་ལ། སྙན་དངགས་པའི་ནུ་བོ་ལགས། འདི་ནི་ནམ་ཡང་འཆི་བ་མེད་པའི་ཁྱོད་ཀྱི་ཕུ་བོའི་ལང་ཚོ་ངོ་མ་ཡིན་པར་ཡིད་ཆེས་ གནོངས། ཁྱོད་དང་ཁྱོད་ཅག བདག་དང་བདག་ཅག མདོར་ན། ཁོང་ལ་དུངས་པ། སྨོན་པ། ཕངས་པ། འགྱོད་པ། གདུངས་པ་སོགས་ཀྱི་རོགས་གཅེས་ཚོ། ང་ཚོས་འདི་ལྟར་རང་སེམས་རེ་གསོ་བཞིན་སྙན་དངགས་རེ་བཀླགས་ཏེ་སྐྱོ་བསངས་རེ་ བྱེད།
ཤོག་དང་ང་ཚོས་སླར་ཡང་ལྷན་ཅིག་ཏུ་ཁོང་གི་སྙན་དངགས་ཤིག་གྱེར་ཆོག །
༢༠༠༢།༧།༨།ལ་བྲིས་རྗེས་སུ་ཅུང་བཅོས།
སྙིང་།
གཡག་སྙིང།
སེམས་ཟེར་བ་དེ་ཁྱེད་ལ་འཕྲད་དུས་སྙིང་ཞིག་རེད་འདུག
སྙིང་དེ་ཁྱེད་ཀྱི་སྙིམ་པར་ལྷུང་དུས
ཁྲག་འཇིབ་ཀྱིན་གཏོར་གྱིནདབུགས་རྔུབ་བཞིན་གཏོང་བཞིནལྷུང་དུས
སྙིམ་པ་དེ་ལྷ་ཁང་ཞིག
སྙིང་དེ་དད་རྟེན་ཞིག
མཉེན་ལྕུག་གི་མཛུབ་མོསམཇམ་མཉེན་གྱི་ཤ་རྡོག་དེར་བྱིལ་བྱིལ་བྱས་དུས
སྨྲ་བསམ་བརྗོད་འདས་ཀྱི་བདེ་ཟུག་ཟབ་མོ་ཞིག
སྲིན་མཛུབ་ཀྱི་མཛུབ་དཀྲིས་དེས་རེག་པ་ནདུངས་བ་ཞིག
ན་ཟུག་ཞིག ཤེས་བ་ཞིག ད་དུང་ཡང
འདི་དག་ཐིམ་སའི་སྨྲ་བསམ་བརྗོད་འདས་ཞིག
གནམ་སྔོན་པོའི་འོག་འདིར - ཐུ་བྷོད
མདའ་ཚན་ཚེ་རིང
གནམ་སྔོན་པོའི་འོག་འདིར། གསོན་ཤུགས་ཀྱིས་རྒྱན་པའི་གདུང་དམར་པས
མིའི་རིགས་ལ། ལན་གཅིག་མིན་པར
བྱམས་བརྩེ་ཡི་འཛུམ་མདངས་འཕྲོ་མྱོང་ཟེར་ལ
གནམ་སྔོན་པོའི་འོག་འདིར སྐྱོ་ངལ་གྱིས་འཚོ་བའི་གདུང་དམར་པས
མིའི་རིགས་ལ ལན་གཅིག་མིན་པར
སྙིང་རྗེ་ཡི་མིག་ཆུ་ཡང་གཏོར་མྱོང་ཟེར
དེ་རིང
སྟོབས་ཤུགས་དང་ཡིད་ཆེས་ཀྱིས་བཏེགས་པའི
སེམས་རྟེན་དང་གཅེས་ཕྲུག་ཚོའི་རྣམ་ཤེས་གང་དུ་བཞུད
ཕ་མ་དང་ཕུ་ནུ་ཚོའི་རེ་སྒུག་ཅི་ལྟར་གཞལ
དེ་རིང
གནམ་སྔོན་པོའི་འོག་འདིར གདུང་དམར་པའི་སེམས་གཏིང་དུ
མྱ་ངན་དང་སྐྱབས་འཇུག་གིས་ཁེངས
ལོ་འདིར། ཐུ་བྷོད་ཀྱི་ཡུལ་གྲུ་ཀུན་ཏུ
ཆིག་སྒྲིལ་གྱི་མེ་ལྕེ་འབར
ལོ་འདིར། འཇིག་རྟེན་གྱི་ས་སྒང་འདི་རུ
ཞི་དུལ་གྱི་མི་རིགས་ཞིག་གིས
དྲང་བདེན་ལ་འཕྲེང་བའི་འབོད་སྒྲ་ཤུགས་ཀྱིས་བསྒྲགས
རང་དབང་ལ་བཅངས་པའི་དུངས་སེམས་དབྱངས་ལ་གྱེར
མདོར་ན།
ལོ་འདིར། བཟོད་སྒོམ་གྱི་མཐའ་ལ་ཐུག་ནས
གཅེས་སྲོག་ཀྱང་འབེན་ལ་བཙུགས་ཏེ
ཐུ་བྷོད་ཀྱི་ལོ་རྒྱུས་སུ
དཔའ་རྒོལ་ཚོས
ཟུང་ཁྲག་གི་མཆོད་པ་སླར་ཡང་ཕུལ
༢༠༠༩ལོའི་ལོ་སར་ཉིན་ཡོ་རོབ་ཀྱི་ནུབ་མཐའ་ཞིག་ནས