10thpanchenlama
པཎ་ཆེན་རིན་པོ་ཆེའི་ཕྱག་མདུད།

རྡོ་རྗེ་དབང་ཕྱུག

ང་རང་སློབ་ཆུང་གི་སྒོ་ཐེམ་ལ་གོམ་པ་སྤོས་ནས་ཅུང་མ་འགོར་བའི་དུས་ཚོད་དེ་འདྲ་ཞིག་ལ། དེ་སྔོན་མཐོང་རྒྱུ་ཕར་ཞོག གོ་མྱོང་ཡང་མེད་པ་སྐུད་པ་དམར་པོ་ཞིག་སྐེ་ལ་འདོགས་རྒྱུ་རག་སོང་། དེ་ནི་མི་ཚེའི་ནང་སྐེ་ལ་སྲུང་མདུད་ཅིག་བཏགས་པ་ཐོག་མ་དེ་ཡིན། དགའ་སྣང་ཞིག་དང་བཅས་སྲུང་མདུད་དེ་བཏགས་ནས་སློབ་གྲྭར་སོང་བར། བསམ་ཡུལ་ལས་འདས་པ་ཞིག་ལ། སྲུང་མདུད་དེས་ང་ལ་འགྲམ་ལྕག་ཚ་ཐག་ཆོད་ཅིག་རག་སོང་།
ཕ་མ་གཉིས་ཀྱིས་བཤད་སྟངས་བྱས་ན། རྩ་ཆེན་པོ་ཞེ་དྲག་ཡིན་པ་དང་། ཐ་ན་སྲུང་མདུད་ནང་ལ་རྡུལ་ཆགས་ཀྱི་མ་རེད། ཤིག་བརྒྱབ་ཀྱི་མ་རེད་སོགས་བཤད་ཀྱི་འདུག་པ་དེར་ཡ་མཚན་པོ་ཞེ་དྲགས་བྱུང་། ཡིན་ནའང་། ངའི་སྲུང་མདུད་དེ་ནི་དུས་ཚོད་ཐུང་ངུ་ཞིག་གི་ནང་ལ་འདོགས་རྒྱུའི་སྐལ་བ་རྫོགས་སོང་། ས་དྲེག་ཚི་དྲེག་ཆགས་ཀྱི་ཡོད་མེད་ལ་བལྟ་དགོས་བསམ་ཀྱང་བལྟ་ལོང་བྱུང་མ་སོང་། ཤིག་དང་སྲོ་མ་བརྒྱབ་ཀྱི་ཡོད་མེད་ལའང་བལྟ་ལོང་སྒུག་ལོང་རག་མ་སོང་། ངས་ད་དུང་ཡང་། ལོ་སུམ་ཅུ་ཙམ་གོང་གི་སྲུང་མདུད་དེ་མིག་ལ་འཆར་འོང་གིན་འདུག དགེ་རྒན་དེའི་ངོ་གདོང་ཡང་ཡིད་ལ་དྲན་འོང་གི་འདུག ངའི་སྲུང་མདུད་དེས་ཉེས་པ་གང་བསགས་པ་ཡིན་ནམ།
རྗེས་ལ་ལོ་རྒྱུས་ཡིག་ཆ་དེ་ཚོའི་ནང་ནས་གསལ་རྟོགས་བྱུང་བ་ལྟར་ན། དེ་ནི་ཕྱི་ལོ་ ༡༩༨༠ ལོའི་ཧོར་ཟླ་ ༩ ཚེས་ ༢༢ ཏེ་ལྷ་བབ་དུས་ཆེན་གྱི་ཉིན་དེར། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་རེབ་གོང་ལ་ཆིབས་བསྒྱུར་བསྐྱངས་པ་དེ་སྐབས་མཇལ་ཁ་ཐོབ་པ་དང་མཉམ་དུ་རག་པ་ཞིག་རེད་འདུག
པཎ་ཆེན་རིན་པོ་ཆེ་ཕེབས་ཀྱི་ཡོད་པའི་གསར་འགྱུར་དེས། མི་རྒན་པ་ཚོ་འུར་འདྲ་ཞིག་ལངས་བཅུག་སོང་། ད་སྐྱིད་ཀྱི་ཉི་མ་ཤར་རྒྱུ་རེད་ཟེར་ནས་སྡོད་ཀྱི་འདུག ཡིན་ནའང་། ཁོང་ཚོས་ཕན་ཚུན་ལ་གླེང་མོལ་སྐབས་དགའ་སྣང་དེ་སྐད་ཆ་ཤབ་བེ་ཤུབ་བེ་འདྲ་ཞིག་བྱས་ནས་བཤད་ཀྱི་འདུག དེར་བལྟས་ན། ཁོང་ཚོར་ཞེད་སྣང་གཞན་ཞིག་ཀྱང་ཡོད་པ་འདྲ། པཎ་ཆེན་རིན་པོ་ཆེ་ཟེར་ན་སུ་རེད་ཅེས་དྲིས་པ་ཡིན་ན། རྗེས་ལ་ཧ་གོ་གི་རེད་ཅེས་པ་ཙམ་ལས་ཁོང་ཚོར་ཡང་གསལ་པོ་ཞིག་བཤད་རྒྱུ་མི་འདུག གཅིག་བྱས་ན་གསལ་པོ་ཞིག་བཤད་རྒྱུར་ཁོང་ཚོ་སྐྲག་གི་ཡོད་པ་འདྲ།
པཎ་ཆེན་རིན་པོ་ཆེ་རེབ་གོང་ལ་ཕེབས་སྐབས་དེར་ཕྱིར་དྲན་བྱས་པ་ཡིན་ན། ཉིན་དེ་ནི་གནམ་གཤིས་དེ་ཙམ་མི་དྭངས་པ་ཞིག་རེད། མི་ཚོགས་ཀྱི་འཚང་ཁ་ཆེན་པོ་འདུག ངའི་མི་ཚེའི་ནང་མི་ཚོགས་ཀྱི་འཚང་ཁ་ཆེ་ཤོས་ཤིག་མཐོང་བ་ཐོག་མ་ནི་དེ་ཡིན། ཉིན་རྒྱབ་ལ་ཡིན་པ་ཡོད། རླངས་འཁོར་ལྗང་མདོག་ཅིག་གི་སྟེང་ནས་གོས་ལ་སེར་པོ་གྱོན་པའི་མི་ཆེན་པོ་ཞིག་གིས་ལག་པ་ཡང་སེར་ཡར་བཀྱགས་ཏེ་མང་ཚོགས་ལ་ལག་བརྡ་བྱེད་བཞིན་ཕེབས་སོང་། རླངས་འཁོར་དེ་ང་ཚོ་བང་བསྒྲིགས་ནས་སྡོད་ས་དེར་སླེབས་སྐབས། མི་དེ་གསལ་པོ་མཐོང་གི་འདུག རླངས་འཁོར་སྟེང་གི་མི་ཆེན་པོ་དེ་གདོང་པ་ལ་འཛུམ་མདངས་དང་བཅས་ཏེ་ཕེབས་སོང་། ཡིན་ནའང་། ངའི་གཡས་གཡོན་ན་ཡོད་པའི་ཕ་མ་གཉིས་དང་། ད་དུང་མི་མང་པོ་ཡོད་པའི་ནང་གི་རྒན་པ་མང་ཆེ་བ་ངུ་གི་འདུག དེ་དུས། མི་གཅིག་དགའ་ནས་སླེབས་པ་ལ། མི་མང་པོ་སྡུག་ནས་ངུས་སོང་བསམ་པ་ཞིག་བྱུང་། ཕྱིར་ཁྱིམ་ལ་སླེབས་ནས་ཨ་མ་ལ། མི་དེ་ཞེ་སྣང་ཚ་བོ་ཞིག་ཡིན་པ་འདྲ་འདུག མི་དེ་འཁྲིས་ལ་སླེབས་ན་མི་རྒན་པ་ཚང་མ་སྐྲག་ནས་ངུ་གི་འདུག མི་སུ་རེད་ཅེས་དྲིས་པར། ཡང་ཨ་མ་ངུས་སོང་།
ཨ་མ་ངུ་བ་ལ་ཁག་མི་འདུག མོ་རང་གིས་ང་ལ་འགྲེལ་བཤད་འདི་འདྲ་ཞིག་བརྒྱབ་སོང་། མོ་རང་གི་པ་ལགས་དང་མོ་རང་གི་གཅེན་པོ་ཆེ་བ་དང་འབྲིང་བ་བཅས་མི་གསུམ་གྱི་སྐེ་ལ་ཐགས་པ་བསྐོན་ནས་བཙོན་ལ་འཁྲིད་པ་ནས་ཕྱིར་ཡོང་རྒྱུ་མེད་སོང་བ་དེ་ཚོ་དེ་རིང་ཡོད་ན། ཁོང་ཚང་གི་ཞལ་མཇལ་ཐུབ་ཡོད་པ་རེད། གསུང་ཐོས་ཐུབ་ཡོད་པ་རེད་ཟེར་བཞིན་ཡུན་རིང་ཙམ་བར་ངུས་སོང་། དེ་དུས་ང་ལོ་ན་དགུ་ལྷག་ཙམ་རེད། སེམས་ནང་ལ། དེ་རིང་གི་མི་ཆེན་པོ་དེ་ནི་ཡང་སྙིང་སུ་ཡིན་ནམ། པཎ་ཆེན་རིན་པོ་ཆེ་ཡིན་ནམ། ཡང་ན། ཨ་མའི་བཤད་པ་ལྟར་མི་མང་གི་སྐེ་ལ་ཐགས་པ་བསྐོན་ནས་འཁྲིད་མཁན་དེ་ཡིན་ནམ་སྙམ་པ་ལས། གཞན་གྱི་གསལ་ཁ་གང་ཡང་མ་བྱུང་།
pencehn-lamaཉིན་གཉིས་པ་ཡིན་ནམ་ག་དུས་ཡིན་ད་ལྟ་དྲན་གྱི་མི་འདུག་སྟེ། ཉིན་དང་པོ་ལས་མང་བའི་མི་ཚོགས་ཁྲོད་དེར་འཁྲིད་སོང་། ཉིན་གཉིས་པའི་མི་ཚོགས་ནི་ཉིན་དང་པོའི་མི་ཚོགས་ལས་མང་བ་འདུག ཁ་སང་གི་མི་ཆེན་པོ་དེ་ཁྲི་མཐོན་པོ་ཞིག་གི་སྟེང་ནས་མར་འཁོར་དེ། ཅིག་འདོན་གི་འདུག མི་རྒན་པ་ཚོ་ནི་མིག་ལ་མཆི་ཞག་འཁོར་ནས་ད་དུང་ཡང་ངུས་སྡོད་ཀྱི་འདུག ངའི་སེམས་ལ་མི་ཆེན་པོ་དེས་མི་རྒན་པ་ཚོར་སྡུག་ཅག་ཅིག་ནི་བཤད་ཀྱིན་ཡོད་ས་རེད་སྙམ་ནས་ཨ་མའི་གདོང་པ་ལ་ཡང་ཡང་བལྟས་བསྡད། ཨ་མ་དང་ད་དུང་དེའི་གཡས་གཡོན་གྱི་ཕ་མ་མང་པོ་ཞིག་ཀྱང་དེ་ལྟར་རེད། ཕྱི་དྲོ་ཙམ་ལ། ཨ་མས་ད་ནི་ཆོས་སྐད་ཅིག་རྣ་བས་གོ་སོང་བ་རེད། ཐུགས་རྗེ་ཅན། མ་སེམས་ཅན་ཐམས་ཅད་ཀྱི་མགོ་ལ་སྡུག་ཅིག་མི་ཡོང་བའི་སྨོན་ལམ། ཤི་བོ་དེ་ཚོར་ལམ་སྣ་རེ་སྟོན་པའི་སྨོན་ལམ་སོགས་མང་པོ་ཞིག་སྐྱོར་ནས་ཡང་ངུས་སོང་། གང་ལྟར། ཉི་མ་དེར་ངའི་ཨ་མ་ལགས་ངུས་ངུས་པར་བསྡད་སོང་།
ངའི་ཨ་མ་ལགས་ནི་ཡིག་རྨོངས་པ་ཞིག་ཡིན། ད་ལྟ་ངས་དེ་ཡག་པོ་བྱུང་འདུག་བསམ་གྱི་ཡོད། ངའི་ཨ་མ་ཡིག་རྨོངས་པ་ཞིག་ཡིན་པ་འདི་ཡག་པོ་བྱུང་འདུག་བསམ་པ་དེ་ལོ་ཤས་ཀྱི་གོང་ཙམ་ནས་རྒྱུན་དུ་སེམས་ནང་འཁོར་གྱི་འདུག དེ་ནི་འདི་འདྲ་རེད། ལོ་གཅིག་དང་ཕྱེད་ལྷག་གི་གོང་དེར། བཀའ་ཟུར་ཞེ་པོ་བློ་བཟང་དར་རྒྱས་ལགས་ཀྱིས་བརྩམས་པ་༼མི་ཚེ་རིང་པོར་སྐྱིད་གསུམ་སྡུག་གསུམ། དཔྱིད་ཉི་རིང་པོར་དྲོད་གསུམ་གྲང་གསུམ༽ཞེས་པའི་དེབ་དེ་བཀླགས་པ་ཡིན། དེའི་ནང་། དགོན་པའི་ནང་གི་བླ་མ་གྲྭ་པ་དང་། སྡེ་བའི་ནང་གི་མི་སྣ་དྲག་གྲས་རིགས་འཛིན་བཟུང་བྱས་ཚུལ། བཙོན་ལ་འཁྲིད་སྲོལ། བཙོན་ནས་སྡུག་ལས་སྣ་དགུ་བཏང་སྟངས། ལྟོགས་སྐོམ་མྱངས་བཅུག་ནས་འཆི་ལམ་དུ་བརྫངས་པའི་གནས་སྟངས་དེ་ཚོ་གློག་བརྙན་བཞིན་མིག་ལ་འཆར་འོང་བ་ཞིག་བྲིས་འདུག་པ་དེས། ཨ་མ་ལགས་ཀྱི་པ་ལགས་དང་གཅེན་པོ་གཉིས་ཀ་སྐེ་ལ་ཐགས་པ་བསྐོན་ནས་ག་ཤེད་ཅིག་ལ་འཁྲིད་ནས་ཕྱིར་ཡོང་རྒྱུ་མེད་པ་ཆགས་པ་དེ། ཚུལ་གང་འདྲ་ཞིག་གི་འོག་ནས་བྱུང་བ་ཡིན་པ་དེ་གསལ་གསལ་ཐིང་ཐིང་འདྲ་པོ་ཞིག་ཤེས་རྟོགས་བྱུང་སྟབས། སེམས་ནང་ལ། ཨ་མའི་སེམས་ཀྱི་སྡུག་བསྔལ་དེར་ཁག་མི་འདུག་བསམ་པ་བྱུང་ལ། དེ་དང་མཉམ་དུ་དེབ་དེའི་ནང་གི་གནས་སྟངས་འདི་ཚོ་ཨ་མས་ཧ་གོ་བ་ཡིན་ན། སྡུག་བསྔལ་གྱི་སྒང་ལ་སྡུག་བསྔལ་རེད་འདུག་ཨང་བསམ་པ་ཡང་ཡང་བྱུང་།
གང་ལྟར་ཉིན་གཉིས་པ་ཡིན་ནམ། གསུམ་པ་གང་ཡིན་ད་ཆ་དྲན་ཡུལ་ན་མི་འདུག་སྟེ། མི་ཚོགས་གཤར་སྒྲིག་གི་ཁྲོད་ནས། མཚམས་རེར་གནམ་སྔོན་པོ་དེ་མཐོང་ལ། མཚམས་རེར་གང་ཡང་མི་མཐོང་བའི་མུ་ཞིག་ནས། ཕ་རྒན་གྱིས་ཡར་བཀྱགས་སོང་། ད་ཁོང་གི་ཞལ་ལ་གསལ་པོ་མཇལ་དགོས་པ་རེད་ལྟོས་ཨ་ཟེར། དེ་གར་གྲྭ་པ་ཁ་ཤས་འདུག་པ་དེ་ཚོས་ཀྱང་ཁོང་གི་ཞལ་ལ་ལྟོས། ཁོང་གི་ཞལ་ལ་ལྟོས་ཟེར་གྱི་འདུག ཁོང་ཚོས་བཤད་པ་ལྟར་བལྟས་པ་ཡིན། དྲང་མོར་བཤད་ན། ཁོང་གི་མགོ་ན་ཞྭ་མི་འདུག རླངས་འཁོར་སྟེང་ནས་ཐེངས་དང་པོར་མཐོང་བའི་མི་ཆེན་པོ་དེ་རླངས་འཁོང་སྟེང་ན་ཡོད་པ་དེ་ལས་ཀྱང་ལྡབ་ཁ་ཤས་ཀྱིས་ཆེ་བ་ཡོད་པ་ཞིག་མཐོང་སོང་། རྗེས་ལ་ཤེས་དུས། དེ་དུས་མ་གོ་བ་རེད་མ་གཏོགས། ཁོང་གི་ཞལ་ལ་ཡག་པོ་ཞིག་མཇལ་དགོས་རེད་ཟེར་བ་ཡིན་འདུག ཨ་མདོའི་སྐད་ལ་ཁོང་གི་ཞྭ་དང་ཁོང་གི་ཞལ་ཟེར་བ་གཉིས་ཁ་ནས་བཤད་སྐབས་སྒྲ་གདངས་འདྲ་པོ་ཡོད་པ་དེས་འཁྲུལ་བཅུག་པ་དེ་ཡང་རྗེས་ལ་གཞི་ནས་ཤེས་རྟོགས་བྱུང་།
སྐུད་པ་དམར་པོའི་སྲུང་མདུད་དེ་ཡང་དེ་དུས་རག་སོང་། པཎ་ཆེན་རིན་པོ་ཆེའི་སྲུང་མདུད་རག་ས་དེ་ནི་ས་ཆ་གཞན་པ་ཞིག་མ་རེད། དེ་སྔོན་ང་རང་རུས་པ་དང་བལ་འཚོང་དུ་འགྲོ་ས་ཞིག་ཡོད་པའི་གྱང་ར་དེའི་མར་ཙམ་དེར་རེད། ཡིན་རྒྱུ་ནི་རོང་པོ་དགོན་པའི་ཚོགས་ཆེན་འདུ་ཁང་གི་ཁྱམས་ར་དེ་རེད།
དེ་དུས་སྲུང་མདུད་དེ་བཏགས་ནས་སློབ་གྲྭར་འགྲོ་མཁན་ང་གཅིག་པོ་མ་རེད། ཡིན་ནའང་། འགྲམ་ལྕག་རག་མཁན་དེ་ང་གཅིག་པོ་ཆགས་སོང་། ད་ཆ་བསམས་ན། ངས་ནི་སྲུང་མདུད་དེ་ལྭ་བའི་འོག་ལ་མ་བཅུག་པར་སུས་བལྟས་ནའང་མཐོང་བ་ཞིག་བྱས་ནས་སོང་བ་དེས་རེད། དྲང་མོར་བཤད་ན། དེ་དུས་ཀྱི་ང་ལ་མཚོན་ན། སྐེ་ཡི་སྲུང་མདུད་དེ་འགེབས་བྱེད་ཀྱི་སྟོད་ཐུང་ཞིག་ཧ་ལམ་ཡོད་རྒྱུ་མ་རེད། ད་ལྟ་དྲན་པ་བྱས་ན། དེ་དུས་ནི་མི་རྒན་པའི་སྟོད་ཐུང་རྙིང་སོང་ཞིག་ལ་ཐི་གུ་ཞིག་བཅིངས་ནས་སློབ་གྲྭར་འགྲོ་གི་ཡོད་པའི་སྐབས་རེད།
དགེ་རྒན་དར་རྒྱས་ཟེར་བ་ཞིག་ཡོད་པ་དེས། ཏང་གི་སློབ་གྲྭའི་ནང་ལ་མི་ངན་རིགས་བཞིའི་སྲུང་མདུད་བཏགས་ནས་ཡོང་ཆོག་གི་མ་རེད་ཟེར་ནས་འགྲམ་ལྕག་ཟེར་ན་མིག་ནས་མེ་སྟག་འཕྲོ་བ་ཞིག་གཞུས་སོང་། ཉི་མ་ཁ་ཤས་ལ་རྣ་ནང་ནས་ཝང་ཝང་ཟེར་བ་ཞིག་གཞུས་སོང་། སྲུང་མདུད་རག་པའི་དགའ་སྣང་དེ་ཡང་དེ་མུར་ཡལ་འགྲོ་བ་ཞིག་བྱུང་། ཐ་ན་གཞན་གྱི་སྐེ་ཡི་སྲུང་མདུད་མཐོང་ནའང་རང་གི་འགྲམ་པ་ཚ་བའི་སྣང་བ་ཡང་བྱུང་། ངའི་སྲུང་མདུད་དེ་སྐེ་ནས་བཅད་སོང་། དགེ་རྒན་དར་རྒྱས་ཀྱིས་བཅད་སོང་། དེ་ནས་ང་ལ་སྐུད་པ་དམར་པོའི་སྲུང་མདུད་དེ་འདྲ་མ་རག་པར་ལོ་ངོ་མང་པོ་ཞིག་འདས། མི་ངན་རིགས་བཞིའི་སྲུང་མདུད་དེ་ང་ལ་པཎ་ཆེན་རིན་པོ་ཆེས་གནང་བ་རེད། དེ་ནི་པཎ་ཆེན་རིན་པོ་ཆེས་གནང་བའི་སྲུང་མདུད་ཐོག་མ་རེད་ལ། མཐའ་མ་དེ་ཡང་ཆགས་སོང་།
པཎ་ཆེན་རིན་པོ་ཆེས་གནང་བའི་སྲུང་མདུད་དེས་ང་ལ་འགྲམ་ལྕག་ཚ་སྦིར་སྦིར་ཞིག་རག་བཅུག་བྱུང་ལ། ཕྱི་ལོ་ ༡༩༨༩ ལོའི་ཟླ་ ༡ ཚེས་ ༢༨ ཞོགས་པར་པཎ་ཆེན་རིན་པོ་ཆེ་གཙང་བཀྲ་ཤིས་ལྷུན་པོ་ནས་སྐུ་གཤེགས་པའི་གསར་འགྱུར་དེས་ཀྱང་འགྲམ་ལྕག་ཚ་ཐག་ཆོད་ཅིག་རག་བཅུག་སོང་། ཉིན་དེའི་ཉིན་གུང་ཙམ་ལ་རེད། ཕལ་ཆེར་ཉིན་དེ་ནི་རེས་གཟའ་ཉི་མར་འཁེལ་ཡོད་པ་ཡོད། ངས་གསར་འགྱུར་དེ་རླུང་འཕྲིན་ལས་ཐོས་བྱུང་། ཉིན་གུང་རྒྱབ་ལ་སློབ་གྲྭར་འགྲོ་དགོས་སྟབས། སློབ་གྲྭར་འབྱོར་བ་དང་དེར་ངའི་ཞང་པོ་ཞིག་ཡོད་པ་ཁོང་གི་སར་ནམ་རྒྱུན་བཞིན་དགོང་ཟས་བཟའ་བར་སོང་བ་ཡིན། དགོང་ཟས་ནི་ང་རང་དགའ་ཤོས་ཀྱི་ཤ་རྡོག་བཙོས་རེད་འདུག
ངའི་ཞང་པོ་དེས། ལྕགས་ཐབ་འགྲམ་ན་མེར་བསྲོ་བཞིན་བསྡད་འདུག ཕ་མ་གཉིས་བདེ་མོ་རེད་དམ་ཞེས་དྲིས་སོང་བར། བདེ་འཚམས་རེད་ཅེས་ལན་ཕུལ་བ་ཡིན། དེ་མུར་ངས་པཎ་ཆེན་རིན་པོ་ཆེ་སྐུ་གཤེགས་སོང་བ་རེད་ཟེར་གི་འདུག་ཅེས་འགྲེལ་བཤད་རྒྱག་མགོ་བཙུགས་པར། ཞང་པོ་ལམ་སེང་རླུང་ལངས་ནས། ཅི་ཡིན་འདི་ཡིན་མེད་པར་འགྲམ་ལྕག་ཚ་ཐག་ཆོད་ཅིག་གཞུས་སོང་། ད་དུང་ལྕགས་ཐབ་ནང་རྡོ་སོལ་འཇོག་བྱེད་ལྕགས་ཀྱི་སྐམ་པ་དེ་ལག་པར་བཟུང་ནས། གཞུ་གྲབས་བྱེད་སྐབས་ང་ལམ་སང་སྒོ་ཕྱིར་བྲོས་མོད་ཀྱང་། ལམ་ཐག་རིང་ཙམ་བར་རྗེས་འདེད་བཏང་ནས་སླེབས་བྱུང་། གང་ལྟར་ཉིན་དེར་ཤ་རྡོག་བཙོས་དེ་བཟའ་རྒྱུ་ཕར་ཟད། དགོང་ཟས་དེའང་ནང་ནས་འཁྱེར་ཡོང་བའི་བག་ལེབ་སྐམ་བཟའ་བྱས་ནས་སྡོད་དགོས་པ་ཆགས་སོང་།
ལོ་ཤས་གོང་ཙམ་ལ། དགེ་རྒན་དར་རྒྱས་ཀྱི་ཕ་ཡུལ་གཅིག་པ་ཞིག་ལ་ཐུག་སོང་བ་དེར། དགེ་རྒན་དར་རྒྱས་ཀྱི་སྐོར་དྲིས་པ་ཡིན། ད་ནི་རྒས་འདུག་ཟེར། ཏང་ལ་བློ་དཀར་བ་ཞིག་ཡིན་པ་ཡོད་ཅེས་དྲིས་པ་ཡིན། ཁྱིམ་གྱི་མཆོད་ཁང་ནང་ན་མའོ་ཀྲུའུ་ཞིའི་པར་ཆེན་པོ་ཞིག་བཤམས་ཡོད་སྐོར་ལབ་སོང་། ཡིན་རྒྱུ་མ་རེད་ཅེས་ནན་འདྲི་ཞུས་པ་ཡིན། ཁ་ནང་ལ་ཟ་རྒྱུ་འཐུང་རྒྱུ་རག་འཇུག་མཁན་རྒད་པོ་དྲིན་ཅན་འདི་ཡིན་ཟེར་གྱི་འདུག་ལབ་སོང་།

རྫུན་ཁུང་རང་རྡིབ་ཀྱི་དྲི་བ་བདུན་ལ་དགག་གཞག་ཀེ་ཏ་ཀ


ཐུབ་བསྟན་ལུང་རིགས། ༼ བཀའ་ཟུར། ༽

༄༅། ། ཆོས་མེད་རིང་ལུགས་ཙམ་དུ་མ་ཟད། ཆོས་ལ་དུག་དུ་ལྟ་བ་རབ་ཏུ་བྱུང་བར་རྐུན་མ་དམར་པོ་དང། བླ་མ་སྤྲུལ་སྐུར་ཇག་པ་སེར་པོའི་མིང་འདོགས་མཁན་གྱི་རྒྱའི་དབང་འཛིན་པས་ཆོས་ བཤད་བྱས་པ་ནི་འུག་པ་ཆོས་བཤད་ཀྱི་དཔེ་ལྟར་ལ། ལན་བྱ་བ་དོན་ཡོད་པར་མ་མཐོང་ཡང། ༧རྒྱལ་དབང་ལྔ་བ་ཆེན་པོས། བྱང་བསྟན་ཕུག་པར་རྟ་ལྗང་ཅན་གྱི་ཟེར།། མི་འཇུག་དངོས་པོའི་གཤིས་ལ་བཅོས་མེད་ཀྱང།། ཕྱོགས་གཞན་བུག་པར་ཤར་བའི་སྣང་བ་ཡིས།། འཐིབས་བུའི་སྨག་རུམ་སེལ་བ་འགའ་བྱུང་སྙམ།། ཞེས་གསུངས་པ་བཞིན་ཞི བའི་མི་མང་མགོ་བོ་མི་རྨོངས་ཆེད་དགག་གཞག་ཀེ་ཏ་ཀ་འདིས་དྭངས་བར་བྱེད་ལ་སྤྲོ་བ་ ཡིན།

དེ་ཡང་མི་སྒེར་དང་ ཁྱིམ་ཚང། རྒྱལ་ཁབ་བཅས་སུ་ཡ་རབས་བཟང་སྤྱོད་རྒྱུན་འཁྱོངས་ཁྱབ་བརྡལ་བྱ་རྒྱུ་ནི་བོད་ཀྱི་ ནང་ཆོས་ཚུད་པའི་འཛམ་གླིང་ཆོས་ལུགས་ཁག་ཚང་མའི་གཞི་རྩའི་དམིགས་འབེན་ཡིན་ལ། བོད་མི་རིགས་ནི་དམིགས་འབེན་འདི་ཉིད་དོན་དངོས་ལག་ལེན་གྱི་ཡང་རྩེར་སོན་པའི་ མི་རིགས་ཤིག་ཆགས་ཡོད། ༢༠༠༩ ལོ་ནས་བོད་མི་ཚོས་རང་ལུས་གཞོམ་སྲེག་གིས་བོད་ཀྱི་བདེན་དོན་འཐབ་རྩོད་དང། བོད་མིའི་བསྒྲུབ་བྱའི་རང་དབང་གི་སྙིང་པོར་གྱུར་པའི་༧གོང་ས་མཆོག་བོད་དུ་གདན་ འདྲེན་ཞུ་རྒྱུ་བཅས་ནི་བོད་མི་རིགས་འགྲོ་བ་མི་གྲལ་དུ་ཡུན་གནས་རྟག་བརྟན་དང། དེའི་ཚེ་སྲོག་གི་གཞི་རྩར་ངོས་འཛིན་གནང་བ་ནི་བོད་མི་རིགས་ཀྱི་བྱུང་རབས་ལོ་ རྒྱུས་ནང་དེ་སྔ་བྱུང་མྱོང་མེད་པའི་རླབས་ཆེན་གྱི་ལེའུ་གསར་པ་ཞིག་ཏུ་གྱུར་ ཡོད།

མི་སུ་ཞིག་ཡིན་ནའང་ གཞན་གྱིས་བཙན་གནོན་དང། རྡུང་རྡེག་བཅས་ཀྱི་མནར་གཅོད་ཚད་ལས་བརྒལ་བ་བཏང་ན། དེ་ལ་སུ་རྒྱལ་སུ་ཕམ་གྱི་གནས་སྟངས་ཐག་གིས་གཅོད་པ་ཆོས་ཉིད་ཡིན་ནའང། ༧གོང་ས་མཆོག་གི་ལྟ་དགོངས་སྤྱོད་གསུམ་རྩ་བར་འཐིམས་པའི་བོད་ཀྱི་རིག་གནས་དང་། དེས་བཞེངས་པའི་བོད་མི་ཚོས་དེ་ལས་ལྡོག་སྟེ་རྒྱ་ནག་གཞུང་གིས་བོད་ཐོག་གསོད་ གཏུབ་བཙོན་འཇུག སྙིང་ཕྱུངས་བ། རྒྱུ་མ་འདོན་པ། མིག་འབྲུ་བ། བཙན་གཡེམ་བྱེད་པ། སྦྲུམ་མ་དམར་བཤག་བྱེད་པ། གསོན་སྦས་བྱེད་པ། ཕ་མ་གསོན་སྦས་སྟེང་བུ་ལ་གར་འཁྲབ་དུ་བཅུགས་པ། ལྕེ་དང་ཕོ་མཚན་གཅོད་པ་སོགས་འགྲོ་བ་མིའི་ལོ་རྒྱུས་ནང་བྱུང་མ་མྱོང་བའི་ཀླ་ ཀློ་དང་འདྲེ་སྲིན་དངོས་ཀྱི་བྱ་སྤྱོད་ལག་ལེན་བསྟར་ཡང། དེ་ལ་སེན་འབྲེད་ཙམ་གྱིས་འཚེ་བ་བྱེད་པ་ལྟ་ཅི། ཁོང་ཚོས་རང་གི་སྐུ་ལུས་ལ་མེ་བགོས་ཏེ་རྒྱ་ནག་གཞུང་གི་ཀླ་ཀློའི་སྤྱོད་པ་དེ་ དག་མཚམས་འཇོག་ཡོང་བའི་སྐུལ་མ་གནང་བ་ནི་ཅི་འདྲའི་རིན་ཐང་བྲལ་བ་ཞིག་མ་རེད་དམ།

ནང་ཆོས་ཀྱི་ཐུན་མོང་མ་ ཡིན་པའི་ཉམས་ལེན་བདག་གཞན་མཉམ་བརྗེ་སྟེ། གཞན་གྱི་སྡུག་བསྔལ་རང་གིས་ལེན་པ་དང་རང་གི་དགེ་བ་གཞན་ལ་གཏོང་བ། རང་ལ་གསོད་རྡུང་གཏུབ་གསུམ་བྱས་ཀྱང་གསོད་མཁན་ལ་མ་བཞིན་ལྟ་བའི་རྒྱལ་སྲས་སེམས་ དཔའ་ཆེན་པོ་དེ་དག་གི་སྤྱོད་པ་དང་རྦད་དེ་གཅིག་མཚུངས་མ་རེད་དམ། བོད་མི་ཚོའི་དེ་ལྟ་བུའི་ཚེ་སྲོག་བློས་གཏོང་གི་ཚ་རླབས་དེས་འཛམ་གླིང་དང། པེ་ཅིང་ཀྲུང་ཧན་ཧའེ་བཅས་འདུག་བཟོད་ཁྱོན་ནས་མ་བདེ་བ་བཟོས་འཕྲལ། རྒྱ་ནག་གཞུང་གིས་བརྒྱུད་སྐུལ་བྱས་པའི་༧ཏཱ་ལའི་བླ་མར་བཏོན་པའི་དྲི་བ་བདུན་ གྲགས་པ་འདི་ངོ་ཚ་ཞིང་ཡ་ང་བའི་ངང་འདོན་དགོས་བྱུང་འདུག་པས།

དྲི་བ་དང་པོའི་ལན། བོད་མི་ཚོས་རང་སྲེག་མི་གཏོང་མཐུ་མེད་བྱུང་བ་ནི་རྒྱ་ནག་གཞུང་གི་བྱེད་བབ་ཉག་ཅིག་ཡིན།

སྐད་ཆའི་འགོ་བཙུགས་མ་ཐག་རྫུན་གཏམ་ཁུང་བརྡོལ་བ་ནི་༢༠༡༢ ལོའི་ཟླ་༢ཚེས་༢༢ཉིན། ཏཱ་ལའི་ཡིས་རྒྱ་གར་གྱི་རྡ་རམ་ས་ལ་ནས་ཞོགས་པའི་སྨོན་ལམ་འཚོགས་ཤིང་། བོད་མི་རྣམས་ལ་རང་སྲོག་གཏོང་མཁན་རྣམས་ལ་བསྔོ་བ་སྨོན་ལམ་ཞུ་དགོས་པ་ལས་ལོ་ གསར་མི་གཏོང་བའི་འབོད་སྐུལ་བྱས།ཟེར་ བ་འདི་རེད། ༢༠༡༢ ། ༢ །༢༢ ། ཉིན་སྟེ་ཆུ་འབྲུག་ལོ་གསར་ཚེས་གཅིག་ཉིན་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ དུ་རྒྱུན་གྱི་ཆོས་ཕྱོགས་ཀྱི་མཛད་སྒོ་ཚུགས་ཏེ། ཚོགས་ལངས་གྲུབ་མཚམས་༧གོང་ས་མཆོག་ཕོ་བྲང་དུ་ཆིབས་བསྒྱུར་གནང་བ་ཀུན་གྱིས་ དངོས་དང་བརྒྱུད་པས་མཇལ་ཡོད། ཉིན་དེར་བོད་མི་ཙམ་མ་ཟད་ཨིན་ཇི་བ་སོགས་སེར་སྐྱ་མི་མང་ ༢༠༠༠ ལྷག་གིས་ཀྱང་༧གོང་ས་མཆོག་གིས་ཉིན་དེར་ལོ་གསར་མི་གཏོང་རྒྱུར་བཀའ་སློབ་ཚིག་ གཅིག་གསན་རྒྱུ་ཕར་ཞོག སྐབས་དེའི་ལོ་གསར་གྱི་ཆོས་ཕྱོགས་མཛད་སྒོའི་ཐོག་༧གོང་ས་མཆོག་གིས་ཆོས་སྲིད་ གང་ཐད་ཀྱི་བཀའ་སློབ་གཅིག་ཀྱང་གསུངས་མེད་བཞིན། རྒྱ་གཞུང་གིས་རྫུན་གཏམ་འདི་ལྟར་སྨྲ་རྒྱུའི་ཧམ་པ་དང་སྨྱོ་བཤད་འདི་ཅི་ཞིག་ ཡིན་ནམ། གསུངས་ཡོད་ན་དེ་ལྟར་གསུངས་པའི་ཁུངས་གང་དུ་ཡོད་དམ། འདིར་མི་འདྲེན་པའི་རྒྱུ་མཚན་ཅི་ཞིག་ཡིན། བོད་མི་རང་གི་གོམས་སྲོལ་ལ་ནང་མི་གཉེན་ཉེ་འདས་གྲོངས་སུ་ཕྱིན་པ་ཡིན་ན་ལོ་དེར་ མྱ་ངན་མི་བྱེད་པར་ལོ་གསར་གཏོང་བའི་སྲོལ་རྒྱུན་ཡོད་པ་རྒྱ་ནག་གཞུང་གིས་གང་དུ་ མཐོང་སོང་ངམ། དེ་འདྲའི་གནས་ཚུལ་ཐབས་རྡུག་འབྱུང་བཞིན་དུ་སྲོལ་ལུགས་ལ་ཁ་གཡར་སྟེ་དགའ་དགའ་ སྤྲོ་སྤྲོ་བྱེད་པ་བྱུང་ན། དངོས་འབྲེལ་ཁྱེད་ཚོས་ཟེར་བ་བཞིན་མཆིལ་མ་དོར་དགོས་པ་ཞིག་ཡིན།

ད་ལོར་ལོ་གསར་དགྱེས་ སྟོན་ཚབ་ལ་མྱ་ངན་བྱས་པ་ནི་བོད་མི་ཚོས་རང་གི་མི་རིགས་དང་རིག་གཞུང་གི་ཆེད་དུ་ རང་སྲེག་བཏང་སྟེ་བདེན་དོན་རྩད་པས་རེད། བོད་མི་ཚོས་སྐུ་ལུས་མེ་ལ་སྦར་བཞིན་ཞལ་ནས་ཅི་ཞིག་འབོད་ཀྱི་འདུག་གམ། མེ་ཕུང་དམར་པོའི་ཀློང་དུ་སྨོན་པ་ཅི་ཞིག་འདོན་གྱི་འདུག་གམ། དེ་དག་རྒྱ་ནག་གཞུང་གིས་མཁྱེན་ཨེ་ཡོད། ཁོང་ཚོས་༧གོང་ས་མཆོག་གི་དགོངས་གཞིའི་སྙིང་པོ་འཇིག་རྟེན་ཞི་བདེ་དང། ཡུན་རིང་ཐུགས་སྨོན་གནང་པའི་རྒྱ་བོད་འཆམ་མཐུན་གྱི་གཞི་རྩ་དམ་དུ་བཟུང་སྟེ། བོད་མིའི་ཁྱད་ནོར་ ༧གོང་ས་མཆོག་རྒྱང་འབོད་བྱེད་པ་དང་། ༧གོང་ས་མཆོག་རང་གི་ཕ་ཡུལ་དུ་གདན་འདྲེན་ཞུ་དགོས་པའི་རེ་འདུན་དམར་ལྷབ་ལྷབ་ཞུ་ བཞིན་པ་དག་ལ་ཤུལ་ལུས་བོད་མི་ཡོད་དོ་ཅོག་གིས་ཅིས་ཀྱང་མྱ་ངན་ཞུ་འོས་པ་ཞིག་ ལོས་ཡིན།

མཚམས་འདིར་ཚོར་བ་ཆེན་ པོའི་ཐོག་དྲི་བ་གཏོང་འདོད་པ་ནི་བོད་མི་དཔའ་བོ་དཔའ་མོ་འདི་དག་གིས་བཏོན་པའི་ རེ་འདུན་རྡོག་པོ་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བའི་རྩ་ཁྲིམས་ དང་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་གང་ལ་འགལ་འདུག་གམ་ཞེས་པ་འདི་ཡིན།

བོད་མི་ཚོ་ཅིའི་ཕྱིར་ གཞི་རྩ་མེད་པ་དང་དངོས་ཡོད་གནས་ཚུལ་དང་མི་མཐུན་པའི་ཀླ་ཀློའི་སྲིད་བྱུས་འོག་ དུས་རབས་ཕྱེད་ཀ་ལྷག་གནས་དགོས་བྱུང་བ་རེད། བོད་མི་ཚོ་ཅིའི་ཕྱིར་མི་རུ་མ་བརྩིས་པ་རེད། འདི་ལྟར་བསམ་ཞིབ་བྱས་འོང་དུས། རྒྱ་ནག་གཞུང་གིས་བོད་མི་རྣམས་མི་གྲལ་དུ་མ་བཞག་པས་བོད་མིས་རང་སྲེག་བཏང་བ་ རེད་ཅེས་སྐད་གསེང་མཐོན་པོས་བཤད་ཆོག

སྔོན་ཁྱེད་ཚོའི་ལེའུ་ ཧུའུ་ལན་དང་ཏུང་ཚོན་རུས་སོགས་ཀྱིས་རང་སྲོག་བློས་བཏང་རྗེས་དཔའ་བོ་དཔའ་མོ་ ཞེས་མིང་བཏགས། འདྲ་འབག་རྡོ་རིང་བཞེངས། སྦྱར་པར་བཀྲམས། སློབ་མའི་སློབ་དེབ་ཚུན་ཆད་དུ་བཀོད་དེ་མི་རིགས་ཆེན་པོའི་རིང་ལུགས་ཀྱིས་རྒྱ་ ནག་གི་གནམ་སའང་ཁ་སྦྱར་གྲབས་བྱས་པ་དེ་ལས། བོད་མི་ཚོས་བོད་རྒྱ་གཉིས་ཕན། འཇིག་རྟེན་ཞི་བདེ་བཅས་ལ་འགན་འཁུར་བའི་ཐོག་ནས་རང་སྲོག་བློས་བཏང་གནང་བ་དག་ལ་ མྱ་ངན་རྗེས་དྲན་བྱེད་མི་ཆོག་པ་ཅི་ཞིག་ཡིན་ནམ། མི་རིགས་དང་བདེན་དོན་གྱི་ཆེད་དུ་གཅེས་སྲོག་བཏང་བ་འདྲ་མཉམ་ཡིན་ན་ང་ཚོས་ཅིའི་ ཕྱིར་མྱ་ངན་ཙམ་ཡང་ཞུ་མ་ཆོག་པ་རེད། རེབ་འདིར་ལོ་གསར་མི་གཏོང་བ་ནི་དྲིན་དྲན་པ་དང་གསབ་པ། བྱས་པར་ཡི་རངས་བྱེད་པ་སོགས་བོད་ཀྱི་རྒྱུ་འབྲས་རིག་གནས་ཀྱིས་བསྐྱེད་པའི་ རྒྱུན་ལྡན་གྱི་བསམ་སྤྱོད་བསྒྱུར་ཏུ་མེད་པ་ཞིག་ཡིན་པ་རྒྱ་ནག་གཞུང་གིས་ཤེས་ རྟོག་མེད་པ་ག་ལ་སྲིད།

དོན་སྙིང་༧གོང་ས་ཏཱ་ ལའི་བླ་མ་མཆོག་ནས་གལ་ཏེ་རང་སྲོག་གཏོང་རྒྱུའི་བཀའ་ཟུར་ཙམ་ཞིག་ཕེབས་པའི་དབང་ དུ་བཏང་ན། རི་ཉིལ་བ་ཐག་པས་མི་འདུམ་པའི་དཔེ་ལྟར་ཆགས་རྒྱུ་ལས། ད་ལྟ་བཞིན་རྒྱལ་གཅེས་པའི་ཕུང་པོ་ཁྱེད་ཚོས་སྦས་སྐུང་དང་བཙན་གཉེར་བྱེད་པ་ སྤྲོས་བྲལ་ཡིན།

དྲིས་ལན་གཉིས་པ། ༧གོང་ས་མཆོག་གིས་རང་སྲེག་བྱུང་རྐྱེན་ངོས་འཛིན་གནང་བ་ནི་རྦད་དེ་དངོས་བྱུང་ཇི་བཞིན་གསུངས་པ་རང་རེད།

༢༠༡༡ ལོའི་ཟླ ༡༡ ཚེས ༧ ཉིན༧གོང་ས་མཆོག་གིས་ཉི་ཧོང་དུ་1″ངོས་ སྒེར་གྱི་བསམ་ཚུལ་ལྟར་ན་བོད་མི་ཚོས་རང་ལུས་མེར་སྲེག་བཏང་བ་དེའི་ཆབ་སྲིད་དང་ ཆོས་ཕྱོགས། དེ་བཞིན་ལྟ་གྲུབ་ཀྱི་རྒྱབ་ལྗོངས་བཅས་ལ་བསམ་ཞིབ་ནན་པོའི་ཐོག་ནས་ལྟ་དགོས་པ་ ཡིན། རྒྱ་ནག་གཞུང་གིས་བོད་ལ་ལོ་ངོ་དྲུག་ཅུ་ལྷག་ཙམ་རིང་དབང་བསྒྱུར་བྱས་པའི་དོན་ དངོས་གནས་སྟངས་གང་འདྲ་ཡིན་མིན་དོན་རྐྱེན་དེ་དག་ནས་གསལ་པོར་རྟོགས་ཐུབ། འུ་ཐུག་ཐབས་ཟད་ཀྱིས་རང་ལུས་མེར་སྲེག་བཏང་བའི་བྱ་སྤྱོད་དེ་ལ་བརྟེན་ནས་བོད་ མི་ཚོས་རང་དབང་དང་དྲང་བདེན་རྩོད་བཞིན་ཡོད་པ་དང། རྒྱ་ནག་གི་དཔོན་རིགས་ཚོས་དོན་རྐྱེན་དེ་དག་ཛ་དྲག་ལ་བརྩིས་ཏེ་བོད་མི་ཚོའི་ དཀའ་ངལ་སེལ་ཐབས་བྱེད་དགོས་པ་དང། བོད་ཀྱི་དངོས་ཡོད་གནས་སྟངས་ཁས་ལེན་བྱེད་དགོས་པ་རེདཅེས་ གསུངས་ཡོད་ཀྱང་། ད་བར་བོད་ནང་གི་དངོས་ཡོད་གནས་སྟངས་དང་མངོན་འདོད་བཅས་པར་རྒྱ་ནག་གཞུང་རང་ངོས་ ནས་ཞིབ་འཇུག་བྱེད་རྒྱུ་ཕར་ཞོག རང་དབང་ཅན་གྱི་ཚོགས་སྡེ་གཞན་ལའང་ཞིབ་འཇུག་བྱེད་དུ་མི་འཇུག་པའི་རྒྱུ་མཚན་ཅི་ ཞིག་ཡོད།

གཞན་དུ་སྐབས་འདིར་ཁོང་ ཚོས་རང་ནོངས་ཐོད་དུ་བླངས་ནས་སྨྲས་པ་ལྟར་བོད་ཀྱི་རིག་གནས་རྨེག་མེད་གཏོང་མཁན་ ནི་རྒྱ་ནག་གཞུང་རང་ལས་གཞན་དུ་འཇོག་རྒྱུ་མེད། རྒྱ་ནག་གཞུང་གིས་བོད་བཙན་ཟོས་བྱས་པ་ནས་གཡོ་ཧམ་དྲག་སྤྱོད་ལ་བརྟེན་ཏེ་བོད་ མིའི་རིགས་རུས་དང་སྐད་ཡིག དད་མོས་སེམས་ཁམས་སོགས་བོད་ཀྱི་ངོ་བོ་རྩ་མེད་གཏོང་བའི་གཡོ་བྱུས་ལ་འགྱུར་བ་ གང་ཡང་ཕྱིན་མེད་མོད་། ད་དུང་སུ་ཞིག་གིས་བོད་ཀྱི་རིག་གནས་རྩ་མེད་བཟོ་བཞིན་འདུག་ཅེས་ལྡོག་འདྲི་འདི་ འདྲ་བྱེད་རྒྱུར་རྒྱ་ནག་གཞུང་གི་ཁོག་ལ་དྲན་ཡང་ཁ་ནས་ཅི་ལྟར་ཤོར་སོང་ངམ།

བོད་བརྒྱུད་ནང་བསྟན་ གྱི་གཞི་རྟེན་དུ་གྱུར་པའི་བོད་ཀྱི་རིག་གནས་ནི་གོ་ལ་ཆེན་པོའི་སྣོད་བཅུད་ཀྱི་ ཞི་བདེར་མེད་དུ་མི་རུང་བ་ཞིག་ཡིན་པ་དེར་རྒྱ་གཞུང་གིས་བསམ་བཞིན་འཁྱོག་བརྗོད་ ཅི་ལྟར་བྱས་ཀྱང། འཇིག་རྟེན་ཁམས་ཀྱི་གཟུར་གནས་ཚན་རིག་པ་དང་མཁས་པ་དག་གིས་བོད་ཀྱི་རིག་གནས་འདི་ བཞིན་ཆེས་མཆོག་ཏུ་གྱུར་པ་ཞིག་ལ་གདེང་འཇོག་གནང་གི་ཡོད་པ། དཔེར་ན། ༧གོང་ས་མཆོག་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་གང་དུ་ཕེབས་ཀྱང་མི་ཚོགས་ས་ཆེན་པོ་ གཡོ་བ་ལྟར་འདུ་འཛོམས་འབྱུང་གི་ཡོད་པ་ནི། ཁོང་གི་ཞལ་ཞེ་གཉིས་མེད་ཀྱི་སྤྱིར་འཇིག་རྟེན་ཡོངས་དང། བྱེ་བྲག་བོད་རྒྱ་གཉིས་སྨན་གྱི་དགོངས་གཞི་དགོངས་པ་བོད་ཀྱི་ཆོས་དང་རིག་གནས་ ཀྱི་འགུག་ཤུགས་ལ་བརྟེན་ཏེ་བྱུང་བ་ཡིན་པ། ༧གོང་ས་མཆོག་གི་ཞལ་སྔ་ནས་ཀྱང་3″རིམ་ པས་ནང་ཆོས་སློབ་གཉེར་བྱས་པས་རྟེན་ཅིང་འབྲེལ་བར་འབྱུང་བ་དང་མཐའ་མེད་པའི་ སྙིང་རྗེ་བཅས་ཀྱི་ལྟ་གྲུབ་ལ་གོ་རྟོགས་འཕེལ་བའི་དབང་གིས་ཀུན་ཁྱབ་ཀྱི་སེམས་ ཁུར་དང༌། འཚེ་བ་མེད་པ། ཆོས་ལུགས་མཐུན་ལམ་བཅས་ཀྱི་གལ་འགངས་ཤེས་རྟོགས་བྱུང༌། ལྟ་གྲུབ་གྱི་རྒྱུ་མཚན་འདི་དག་ལ་བརྟེན་ནས་ངས་མིའི་གཞི་རིམ་གྱི་བཟང་སྤྱོད་ སྤེལ་རྒྱུའི་འབད་བརྩོན་མུ་མཐུད་བྱེད་ཀྱིན་ཡོད། ཐབས་ཚུལ་འདིས་དཀའ་ངལ་ཧ་ཅང་ཆེ་བའི་བོད་མི་རིགས་ཀྱི་འཐབ་རྩོད་ཀྱང་འཚེ་མེད་ཞི་ བའི་ལམ་ནས་བྱེད་ཐུབ་པའི་ལམ་སྟོན་ཐོབ་བྱུང༌།ཞེས་གསུངས་ཡོད།

དྲི་བ་གསུམ་པའི་ལན། བོད་རྒྱ་གཉིས་ལོ་རྒྱུས་སྟེང་མཆོད་ཡོན་གྱི་འབྲེལ་བ་མིན་ན་གང་ཡིན།

ལོ་རྒྱུས་ཀྱི་དངོས་ བྱུང་ཇི་བཞིན་སྨྲ་རྒྱུ་ནི་༧གོང་ས་མཆོག་གིས་འཇིག་རྟེན་ཁྱོན་ཡོངས་ལ་བཅངས་བའི་ དྲང་བདེན་གྱི་ཆ་ཤས་ཤིག་ཡིན་པས། མན་ཇུ་དང་བོད་བར་ལབ་ནའང་འདྲ་ལ། གསེར་བུམ་དཀྲུག་འདོན་གྱི་བྱུང་ཚུལ་ནས་བཤད་ནའང་འདྲ། གང་ལྟར་རྒྱ་བོད་མཆོད་ཡོན་གྱི་འབྲེལ་བ་ནི་ལོ་རྒྱུས་ཀྱི་དོན་དངོས་ཤིག་ཡིན་པས། དེར་བསྒྱུར་བཅོས་བྱ་མི་ཐུབ་པ་དང་། ད་བར་ཡང་ནས་བསྐྱར་དུ་རྒྱུ་མཚན་ཁུང་ལུང་ཏན་ཏིག་དང་བཅས་རྒྱ་གཞུང་གི་ཞལ་དུ་ཅི་ ལྟར་བསྟབས་ཀྱང། རྫུན་མ་སྟོང་བཟློས་ཀྱིས་སུན་སྣང་ཡེ་ནས་མེད་ཚོད་ལ་ལྟོས་ན་སྐབས་འདིར་བྱུང་བ་ ངོ་སྤྲོད་བྱ་རྒྱུ་ལས་དྲི་བ་འགའ་བཏང་བར་འདོད་དེ། མན་ཇུ་དང་བོད་ཀྱི་མཆོད་ཡོན་སྐོར་ཅུང་ཙམ་སྤྲོ་བ་ལ།

ཆིང་ངམ་མན་ཇུ་དང་བོད་ གཉིས་མཆོད་ཡོན་གྱི་འབྲེལ་བ་མིན་ན་མན་ཇུའི་གོང་མ་ལྷ་སྐྱོང་ངམ་གོང་མ་ཆན་ལུང་ སྲིད་དབང་དར་རྒྱས་རྩེ་མོར་སོན་སྐབས་༧རྒྱལ་མཆོག་སྐུ་ཕྲེང་བརྒྱད་པར་ཕུལ་བའི་ གཡང་ཀྲིའི་མཇའ་སའི་ནང་། ༧གོང་ས་མཆོག་གི་མཛད་པར་ཆེ་བརྗོད་དང་བསྟོད་བསྔགས་ཚད་མེད་གནང་འདུག་པ་མ་ཟད།སྐུ་གོང་མ་ཏཱ་ལའི་བླ་མའི་ལུགས་སྲོལ་བཞིན་ཐུགས་བསྐྱེད་རྒྱ་གང་ཆེ་དང་། སྨོན་འདུན་བཟང་པོས་ཁྱད་འཕགས་ཀྱི་སྒོ་ནས་ཆབ་སྲིད་སྐྱོང་བ་དང་། འགྲོ་བ་ཀུན་ལ་ལེགས་ཚོགས་སྩལ་ཏེ་ཞེས་མན་ཇུས་བདག་སྐྱོང་བྱས་ཡོད་ན། ༧གོང་ས་སྐྱབས་མགོན་ཆེན་པོར་ཆབ་སྲིད་སྐྱོང་རྒྱུ་ཞིག་གང་ནས་ཡོང་ངམ།

མན་ཇུའི་ཆན་ལུང་གི་ རྗེས་སུའང་ ༡༨༤༤ ལོར་བོད་རྗེ་སྲིད་སྐྱོང་ཚེ་སྨོན་གླིང་ངག་དབང་འཇམ་དཔལ་ཚུལ་ཁྲིམས་ཁྲི་བཤོལ་ ཚབ། གནས་སྐབས་རིང་པཎ་ཆེན་བསྟན་པའི་ཉི་མས་ཆབ་སྲིད་བསྐྱངས་པ་དང་། ༡༨༦༢ ལོར་བོད་རྗེ་རྭ་སྒྲེང་དང་དགའ་འབྲས་འགལ་ཟླ་བྱུང་རྗེས། བཤད་སྒྲ་དབང་ཕྱུག་རྒྱལ་པོར་བོད་ཀྱི་སྡེ་སྲིད་བསྐོས་པ། སྲིད་སྐྱོང་དེ་མོ་ཧོ་ཐོག་ཐུ་ལས་ཁུར་དགོངས་པ་ཞུས་མཚམས། གཞུང་འབངས་སེར་སྐྱ་སྤྱི་མགྲིན་ནས་གསོལ་བ་བཏབས་པ་ལྟར་༡༨༩༥ ལོར་༧གོང་ས་བཀའ་དྲིན་ཟླ་མེད་བཅུ་གསུམ་པ་ཆེན་པོས་གངས་ལྗོངས་ཆོས་སྲིད་ཀྱི་ ཐུགས་འགན་བཞེས་པ་སོགས་བོད་ཀྱི་ཆབ་སྲིད་ཀྱི་གནད་དོན་གལ་ཆེའི་རིགས་འཕོ་འགྱུར་ སྐབས་བོད་གཞུང་མང་གིས་རང་ཐག་བཅད་པ་ལས་མན་ཇུས་ཐེ་བྱུས་སྤུ་ཙམ་བྱས་མེད་པ་ལས་ ཀྱང་རྟོགས་ཐུབ་བོ།

དེ་བཞིན་སྐབས་དེའི་ བོད་ཀྱི་ཕྱི་སྲིད་ཐད་ནས་ཀྱང་༡༨༥༨ མན་ཇུ་དང་ཨིན་ཇིའི་བར་བཞག་པའི་ཆིངས་ཡིག་ནང་དུའང། ཨིན་ཇི་བོད་ནང་འགྲུལ་བསྐྱོད་ཆོག་པའི་ཐོབ་ཐང་སྤྲད་དོན་ལྟར། ༡༨༨༥ ལོར་ཨིན་ཇིའི་མི་སྣ་གམ་པ་རྫོང་དུ་འབྱོར་སྐབས་བོད་གཞུང་གིས་མན་ཨིན་ཆིངས་དོན་ ཁས་མ་བླངས་པར་ཨིན་ཇི་གམ་པ་རྗོང་ནས་བོད་དུ་ཡོང་མ་བཅུག་པ། ༡༨༩༠ ལོར་འབྲས་ལྗོངས་དང་རྒྱ་གར་ཨིན་གཞུང་གཉིས་ཀྱིས་ས་མཚམས་སྐོར་ཆིངས་ཡིག་ཅིག་ བཞག་པ་དང་། ༡༨༩༣ ལོར་དེའི་མཇུག་སྐྱོང་མན་ཨིན་གཉིས་ཀྱིས་རྡོར་གླིང་དུ་གྲོས་མཐུན་བཞག་པའི་ནང་ གྲོ་མོར་ཚོང་རྭ་བཙུགས་ཏེ་ཨིན་ཇིའི་མི་ཁོངས་ཚོང་ལས་བྱེད་ཆོག་པ་དང་། ཨིན་གཞུང་གི་ལས་བྱེད་གྲོ་མོར་བསྡད་ཆོག་པ་འཁོད་ཀྱང། ཅི་ལྟར་བྱས་ཏེ་དེ་དོན་ལག་ལེན་དོན་འཁེལ་མ་བྱུང་བ་རེད་དམ་ཞེ་ན། དེའང་བོད་གཞུང་གིས་ཞལ་བཞེས་མ་གནང་བ་ལས་བྱུང།

གཞན། གོར་ཁས་ ༡༧༩༣ ལོའི་ཆིངས་དོན་བརྩིས་མེད་ཀྱིས་ ༡༨༥༥ ལོར་བོད་སར་བཙན་འཛུལ་བྱེད་སྐབས་མན་ཇུའི་ཐེ་བྱུས་གང་ཡང་མེད་པ་དང་། ལྷག་པར ༡༩༠༤ ལོར་ཨིན་དམག་བོད་དུ་འཛུལ་སྐབས་མན་ཇུའི་རོགས་རམ་ཕར་ཞོག ལྷ་སྡོད་ཨམ་བན་ནས་ཨིན་ཇིར་ཟུར་གསོས་ཕུལ་སྟེ་སྣེ་ལེན་ཞུས་པ་རྣམས་ནག་བསུབ་ བཏང་བ་ཡིན་ནམ།

སྨྱུག་འཛིན་པས་མཚམས་ འདིར་ནན་གྱིས་བཤད་འདོད་པ་ཞིག་ནི། རྒྱ་བོད་འབྲེལ་འདྲིས་ཀྱི་དུས་ཡུན་རིང་ཤོས་དང། རྒྱ་ནག་གིས་སོ་འཇོག་སུན་བཙེར་གནང་བྱེད་དུ་བཞག་པའི་ལྷ་སྡོད་ཨམ་བན་ཟེར་བ་དག་ གི་ལྐོག་གཡོ་ངན་ཇུས་ཀྱི་བྱས་ཤུལ་ཐར་ཐོར་རེར་མགོ་རྨོངས་ཨ་འཐས་བྱེད་པ་ལས། ༧གོང་ས་སྐྱབས་མགོན་ཆེན་པོ་དང་མན་ཇུ་གོང་མའི་བར་འདྲ་མཉམ་གྱི་གནས་བབ་བྱུང་བ་ རྣམས་ཡང་དག་ངོས་འཛིན་ཐུབ་ན་། དེ་ནི་རྒྱ་བོད་མི་རིགས་གཉིས་ཀྱི་བར་ལ་མཛའ་མཐུན་འབྱུང་གཞི་མ་རེད་དམ་ཞེས་ཞུ་ ཡི་ཡོད།

དྲིས་ལན་བཞི་པ། དོན་དམ་མི་རིགས་བར་འགལ་ཟླ་བཟོ་མཁན་ངོ་མ་སུ་རེད་དམ།

མགོ་བསྐོར་བསླུ་བྲིད་ དང་རྫུན་ནག་དྲག་སྤྱོད་ཀྱི་ཐབས་ལམ་ཁོ་ནར་བརྟེན་ནས། མངའ་འབངས་འཛིན་སྐྱོང་གི་སྲིད་གཞུང་ཞིག་ལ་མཚོན་ན། ཆེས་ཞེད་སྣང་དགོས་ས་དེ་རྒྱལ་ཁོངས་མི་མང་གིས་སྲིད་གཞུང་མངོན་སུམ་དུ་མཐོང་ བའི་དུས་ཚོད་དེ་ཡིན་ལ། སྐབས་དེ་ནི་ཁོང་ཚོར་འཇིགས་རུང་གི་ཉམས་སུ་མགོ་རྟིང་ལོག་འགྲོ་བས་མཐའ་མའི་དུས་ ཚོད་དེ་ཡིན་པའི་རྐྱེན་གྱིས་སོ།

ཁོང་ཚོའི་དྲི་བ་བཞི་པ་ ཟེར་བའི་ཐོག་མར། ཕྱི་ལོ ༢༠༡༡ ལོའི་ཟླ ༧ པར་༧གོང་ས་མཆོག་གིས་ཨ་རིའི་རླུང་འཕྲིན་ཁང་གི་བཅར་འདྲིར་བཀའ་ལན་བསྐྱོན་སྐབས།པེར་ལན་གྱི་ རྩིག་གྱང་ལོག་ནས་ང་ཚོས་རྒྱལ་ཁབ་གང་ཡིན་ཡང་མི་མང་ལ་གཏོགས་པ་ལས། སྲིད་ཏང་གང་ཞིག་གམ། རྒྱལ་བོ་གང་ཞིག་ཡང་ན་བསམ་བློའི་འགོ་ཁྲིད་སུ་ཞིག་ཡིན་ཡང་དབང་མི་སྲིད་པ་མཐོང་ བྱུང།ཅེས་གསུངས་བ་དེ་ལུང་དུ་དྲངས་ནས། བཀའ་སློབ་དེས་ནི་མི་རིགས་ཕན་ཚུན་བར་ལ་འགལ་བ་སླངས་པ་རེད་ཅེས་འུར་བརྗོད་ཆེན་པོ་ཞིག་བྱས་འདུག

༧གོང་ས་མཆོག་གི་བཀའ་ སློབ་དེའི་མཐའ་མའི་བསྟན་དོན་སྙིང་པོ་ནི་ཚོགས་སྒེར་གང་ཡང་རུང་བའི་སྒེར་ སྤྱོད་སྲིད་གཞུང་ཞིག་གི་འོག་ནས་རང་དབང་ཟེར་བ་དེ་གླེང་ཐབས་མེད་ལ། རང་དབང་མེད་པའི་བདེ་སྐྱིད་ཟེར་བ་ཞིག་དེ་བས་མེད་ན། མི་རྣམས་ངེས་པར་མང་གཙོར་བསྐྱོད་དེ། རྒྱལ་ཁབ་དམངས་ལ་དབང་བ་ཞིག་བྱེད་ཐུབ་པ་དགོས་ཞེས་གསུངས་ཡོད་པ་ལས། དེར་མི་རིགས་ཕན་ཚུན་འགལ་འབྲེལ་ལ་ཤུགས་རྐྱེན་ཐེབས་པའི་བཀའ་སློབ་ཅིག་གསུངས་ མེད་པ་འདི་རེད། ཡིན་ནའང། དམངས་ལ་དབང་བའི་རྒྱལ་ཁབ་ཟེར་དུས། སྒེར་སྤྱོད་དབང་བསྒྱུར་མཁན་ཚོའི་སྙིང་ལ་གྲི་བཙུགས་པ་ལྟ་བུའི་ན་ཟུག་སྐྱེ་ ཡོད་ཕྱིན། དམངས་ལ་དབང་བའི་རྒྱལ་ཁབ་བམ། ཐམས་ཅད་དམངས་ཀྱིས་ཐག་གཅོད་དགོས་པའི་ལམ་ལུགས་ཐད་ལ་སྐུལ་སློང་བྱས་ཡོང་དུས། སྒེར་སྤྱོད་དབང་བསྒྱུར་མཁན་ཚོར་ཞེད་སྣང་དངངས་འཚབ་དང་བཅས་ཏེ་གཞན་དུ་ཁ་ བསྒྱུར་གྱི་བྱེད་སྟངས་གསར་པ་ཞིག་འགོ་བརྩམས་ཡོང་བ་ནི་ཁོང་ཚོའི་རྩ་བའི་ལངས་ ཕྱོགས་ཡིན།

དོན་ངོ་མའི་མི་རིགས་ ཕན་ཚུན་བར་ལ་འགལ་བ་སློང་མཁན་རྒྱ་ནག་གཞུང་ལས་གཞན་པ་གང་ན་ཡོད། དཔེར་ན། ཕྱི་ལོ ༢༠༠༨ ལོའི་ཞི་རྒོལ་དོན་རྐྱེན་སྐབས་སུ་ལྷ་སར་གནས་སྡོད་རྒྱ་རིགས་ཚོང་པ་ཁ་ཤས་འདས་ གྲོངས་སུ་ཕྱིན་པ། བོད་མིས་ཆེད་མངགས་དམར་གསོད་བཏང་བ་རེད་ཅེས་གསར་འགྱུར་བརྒྱུད་ལམ་ཁག་ལ་ཚད་མེད་ འུར་སྒྲོག་བྱས་ཏེ་འགལ་བ་ག་ཚོད་ཅིག་བཟོས་ཡོད། དེ་བཞིན་༧གོང་ས་མཆོག་གིས་ལོ་དེའི་ཨའོ་རྩེད་འགྲན་ཚོགས་རྒྱ་ནག་ཏུ་ཚོགས་རྒྱུར་ སྔ་ཕྱིར་འཛམ་གླིང་ཡོངས་གྲགས་ཀྱིས་རྒྱབ་སྐྱོར་ག་ཚོད་གནང་བས་དངོས་བདེན་ཤེས་ བཞིན་དུ། དེ་ལས་ལྡོག་སྟེ་ཨའོ་རྩེད་རྒྱ་ནག་ཏུ་ཚོགས་རྒྱུར་༧གོང་ས་མཆོག་གིས་བར་ཆད་བཏང་ རབས་རྒྱ་ནག་གཞུང་གིས་རྫུན་གཏམ་བསྟུན་མར་སྤེལ་སྟེ་བོད་རྒྱ་མི་རིགས་བར་ལ་ཆེད་ མངགས་ཞེ་འཁོན་ག་ཚོད་སླངས་པ་འཇིག་རྟེན་ཀུན་གསལ་ཡིན།

ཡང་དེར་བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ནང་མངོན་སུམ་འཛེམ་མེད་ངང་བོད་རིགས་ཕུད་མི་རིགས་གཞན་རྣམས་བོད་ནས་ཕྱིར་འབུད་བྱེད་རྒྱུ་བསྒྲགས།ཞེས་ པ་ཞིག་ཡིག་ཆ་དེའི་མགོ་མཇུག་བར་གསུམ་གང་དུའང་མེད་པ་ཡོད་པར་སྨྲ་བའི་མངོན་སུམ་ ལ་བསྙོན་པའི་འཁྱོག་བརྗོད་ཀྱིས་རྒྱ་བོད་མི་རིགས་བར་འགལ་ཟླའི་པེར་ལན་རྩིག་ གྱང་ཞིག་བསྐྲུན་དགོས་དོན་ཡང་གང་ཡིན་ནམ།

བཙན་བྱོལ་བོད་གཞུང་གིས་སྐབས་དེར་སྤྲད་པའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ནང་4″བོད་ ནང་གཏན་དུ་གཞིས་ཆགས་པ་དང། དུས་ཡུན་རིང་པོ་ནས་གནས་སྡོད་འཚར་ལོངས་བྱས་པ་རྣམས་ཕྱིར་འབུད་བྱེད་རྒྱུ་ང་ ཚོའི་ཀུན་སློང་མིན། ང་ཚོའི་སེམས་འཚབ་བྱེད་གཞི་རྒྱ་རིགས་གཙོས་པའི་མི་རིགས་གཞན་འབོར་ཆེན་སྤོ་ ཤུགས་བྱེད་རྒྱུའི་སྐུལ་སློང་བྱེད་པའི་དབང་གིས་ད་ཡོད་སྤྱི་ཚོགས་ལ་འཕོ་འགྱུར་ དང། བོད་མི་རྣམས་གྲངས་ཉུང་ཆགས་པ། ཧ་ཅང་འཇིག་སླ་བའི་བོད་ཀྱི་རང་བྱུང་ཁོར་ཡུག་ལ་ཉེན་ཚབས་བཟོས་ཀྱི་ཡོད་པ་དེ་དག་ ཡིན་ཞེས་གསལ་པོར་འཁོད་ཡོད་པ་མ་མཐོང་བ་ག་ལ་ཡིན།

དྲིས་ལན་ལྔ་པ། ༧གོང་ས་མཆོག་ལས་ལྷག་པའི་བོད་མིའི་ཚབ་མཚོན་ཞིག་གང་ན་འདུག

ད་ལྟའི་བར་རྒྱ་ནག་ གཞུང་གིས་བོད་མི་རྣམས་ལ་ལྟ་སྟངས་གཅིག་ཡོད་པ་ནི་བོད་མི་རྣམས་ནི་ཆོས་དད་པས་ ཁོང་ཚོའི་འཇིག་རྟེན་གྱི་ཐོབ་དབང་ལ་གྱོང་གུད་དང་ཚོད་འཛིན། དབང་བསྒྱུར་ཐེབས་ཀྱིན་ཡོད་པར་འདོད་ཀྱི་ཡོད་ལ་བསྒྲགས་བཞིན་པའང་རེད། ལྟ་སྟངས་འདིས་བོད་མི་རྣམས་ལ་རྨོངས་དད་ཡོད་པ་དང། བླ་མས་དབང་སྒྱུར་གྱིན་ཡོད་པ། རྗེས་ལུས་ཀྱི་བསམ་བློ་ཡོད་པར་ཧམ་ བཤད་བྱ་རྒྱུ་ནི་རྒྱ་ནག་མི་མང་གིས་བོད་མི་མང་ལ་ལྟ་ཚུལ་འགྱུར་བ་ཐེབས་གཞི་གཙོ་ བོ་ཞིག་ཆགས་པར་རེ་བ་ནི་ཧ་ཅང་གསལ་བོ་རེད། ཡིན་ནའང་གུང་བྲན་ཏང་གི་བྱ་འཕུར་བ་ལྟ་བུའི་སྤྱི་ཚོགས་ཡར་རྒྱས་འགྲིམས་ཤིང་ལྷ་ ཡུལ་ལྟ་བུའི་བདེ་སྐྱིད་མྱོང་བཞིན་པར་བསྙད་པའི་རྨོངས་དད་མེད་པ་དང་བོད་མིའི་རྗེས་ལུས་ཀྱི་བསམ་བློམེད་ པའི་བོད་མི་གུང་བྲན་ཏང་མི་རྣམས་ལ་ཉིན་བརྒྱ་དུས་གཅིག་ཏུ་རང་དབང་ཐོག་བོད་ཀྱི་ ཚབ་མཚོན་པ་སུ་ཡིན་མིན་འོས་ཤོག་འཕེན་བཅུག་པ་ཡིན་ན། ཉིན་མོ་དེར་གུང་བྲན་སྲིད་གཞུང་ལ་བློ་བསྐྱེད་གསར་པ་ཞིག་འབྱུང་ངེས་ལ། སྔར་འགྱོད་ཕྱིས་སྡོམ་གྱི་མདུན་ལམ་གསར་པ་ཞིག་ཀྱང་འབྱུང་ངེས་པ་ནི་ཐེ་ཚོམ་མེད་ པ་ཞིག་རེད།

༢༠༠༢ ནས་ཚུགས་པའི་རྒྱ་བོད་འབྲེལ་མོལ་གྱི་བརྒྱུད་རིམ་ཁྲོད་དམིགས་བསལ་སྐུ་ཚབ་མཆོག་ གིས་ཀྱང། རྒྱ་ནག་གཞུང་གི་དཔོན་རིགས་ཚོར་བོད་མིའི་ཚབ་མཚོན་སུ་ཡིན་ལྟ་འདོད་ཡོད་ན་འོས་ འཕེན་དུ་བཅུག་དང་ཞེས་གོ་བརྡ་གསལ་པོར་སྤྲད་པ་བཞིན། ཅི་སྟེ། ཁྱེད་ཚོར་བློ་རྒྱ་ཡོད་ན། ༧གོང་ས་མཆོག་བོད་མི་རིགས་ཀྱི་མགྲིན་ཚབ་པ་ཡིན་མིན་བོད་མི་ཚོར་བསམ་ཚུལ་འདྲི་ རྒྱུའམ། ཡང་ན་རྒྱ་ནག་གཞུང་དང་༧གོང་ས་མཆོག་གཉིས་ལས་སུ་ཞིག་བོད་མིའི་མགྲིན་ཚབ་པ་ཡིན་ མིན་རང་དབང་གི་འོས་ཤོག་འཕེན་དུ་བཅུག་དང། དེ་དུས་བོད་མི་རིགས་ཀྱིས་ས་ས་མལ་དང་རྡོ་རྡོ་མལ་གྱི་དཔེ་རུ་བསྐྱལ་སྟེ་ཁྱེད་ ཚོའི་ཁ་ལྕེར་རྡོ་རྗེ་རྒྱ་གྲམ་གྱིས་གཏན་དུ་གཡོ་བ་མེད་པའི་གནས་སུ་འགོད་ངེས་པ་ ཡིན་པས། ཕར་ཚུར་རྩོད་རྙོག་གི་གཞི་མ་ཅི་གང་ལྷག་མི་སྲིད་པ་ཡིན་ནོ་ཞེས་བཤད་རྒྱུ་ཡིན།

དྲིས་ལན་དྲུག་པ། ༧གོང་ས་མཆོག་གིས་ཐུགས་སྨོན་གནང་བར་དེ་འདྲ་ཞེད་དོན་ཅི།

དངོས་གནས་གོང་དུ་ཞུས་ པ་བཞིན། བོད་མི་ཚོས་ཤི་གསོན་གྱི་མཐའ་མའི་ཐག་གཅོད་ཀྱང་༧གོང་ས་མཆོག་དང་༧གོང་ས་མཆོག་ གི་ལྟ་དགོངས་སྤྱོད་གསུམ་བོད་དུ་གདན་འདྲེན་ཞུ་རྒྱུ། བོད་ཀྱི་རང་དབང་གི་ཆེད་གནང་གི་ཡོད་ན། བོད་མི་ཚོ་ཚེ་སྲོག་ལས་ལྷག་པའི་གལ་ཆེན་ཞིག་ཡོད་པ་དེ་༧གོང་ས་མཆོག་དང་། ཡང་ན་༧གོང་ས་མཆོག་གིས་སྙིང་པོ་བྱས་པའི་རང་དབང་ཁོ་ན་མ་རེད་དམ། གནད་དོན་འདི་གཅིག་པུས་༧གོང་ས་མཆོག་གིས་བོད་ཀྱི་དཀྱིལ་སྙིང་མཚོན་ཐུབ་མིན་ དངོས་ར་གསལ་སྤྲོད་བྱས་འདུག་པས་ད་དུང་དྲི་བ་གཏོང་དགོས་ཅི་ལ་ཐུག

༢༠༠༩ ནས་བོད་ཕྱི་ནང་གཉིས་སུ་བོད་མི་ ༣༥ རང་ལུས་མེར་སྲེག་བཏང་བས་བོད་མིའི་བློས་གཏོང་དང་སེམས་ཐག་ཆོད་པོར་འཛམ་གླིང་ མི་མང་ཡིད་སྨོན་སྐྱེ་བཞིན་ཡོད། ཁོང་ཚོས་ཚེ་འདིའི་ལུས་སྲོག་བློས་གཏོང་གིས་བོད་ཀྱི་བདེན་དོན་རྩོད་ཀྱིན་པས། བོད་མི་རིགས་ཀྱི་བླ་ན་མེད་པའི་རྒྱུ་འབྲས་རིག་གནས་ཀྱི་ངོས་ནས་བཤད་ན། ཁོང་རྣམ་པ་ཚོར་ཕྱི་མའི་རྟེན་བཟང་ཐོབ་རྒྱུར་སྨོན་ལམ་རྒྱག་པ་ལ་དྲི་བ་གཏོང་ དགོས་པ་ཞིག་རེད་དམ། བོད་མི ༣༥ རང་སྲེག་གཏོང་དགོས་པའི་རྒྱུ་མཚན་ལ་གོ་ཤེས་ཉན་འཇོག་ཁྱོན་ནས་མེད་པར། ད་དུང་བོད་མི་ཚོས་བསྔོ་བ་སྨོན་ལམ་བྱས་ན་ནོར་འཁྲུལ་ཡོད་ཚུལ་དང་ལོག་བཤད་བྱ་ རྒྱུར་འཇིག་རྟེན་འདིར་ངོ་ཚ་ཁ་སྐྱེངས་ཅུང་ཙམ་མེད་པ་འདི་ནི་ཟེར་རྒྱུས་ཕོངས་པ་ མིན་ན་ཅི་ཞིག་ཡིན་ནམ།
རང་སྲེག་བཏང་བའི་བོད་མི་ ཚོར་ཚེ་སྲོག་ཀྱང་གཏོང་གཏོང་ཆོག་གི་སྙིང་སྟོབས་ཡོད་ན། ཁོང་ཚོར་འཇིག་རྟེན་འདིར་འཇིགས་སྣང་བྱེད་ས་ཅི་ཞིག་ཡོད་དམ། ཁོང་རྣམ་པས་ཅིའི་ཕྱིར་རང་གི་ཚེ་སྲོག་གིས་རྒྱ་བོད་ཞི་འགྲིག་གཞི་རྩ་འབོད་ བཞིན་པ་རེད་དམ། མི་རིགས་འདྲ་མཉམ་གྱི་དར་ཆ་འཕྱར་བ་རེད་དམ། སྐད་ཡིག་རང་དབང་གི་སྲོག་ཤིང་བསླངས་བ་རེད་དམ། འདི་འདྲའི་རླབས་ཆེན་གྱི་རང་སྲོག་བློས་གཏོང་ལ་༧གོང་ས་མཆོག་གིས་ཐུགས་སྨོན་ མཚམས་སྦྱོར་གནང་མི་ཆོག་པ་ག་རེ་ཡོད་དམ།
༢༠༠༨ ཟླ ༥ ཚེས་ ༡༢ ཉིན་ཟི་ཁྲོན་དུ་འབྱུང་བའི་གོད་ཆགས་བྱུང་སྐབས་ཟླ་དེའི་ཚེས ༡༥ ཉིན་འཇར་མན་དུ་༧གོང་ས་མཆོག་ནས་གནས་ ཚུལ་དེ་ཐོས་པ་དང་པར་སོགས་མཐོང་མ་ཐག་ངོས་རང་སེམས་པ་ཤིན་ཏུ་སྐྱོ་བོ་བྱུང། འབྱུང་ཁམས་གོད་ཆག་དེའི་ཆེད་དེ་རིང་སང་ཉིན་གང་མགྱོགས་ང་ཚོས་སྨོན་ལམ་མཆོད་ འབུལ་ཞུ་རྒྱུ་ཡིན་ཞེས་ གསུངས་པ་དང། ཟླ ༦ ཚེས ༤ ཉིན་བཙན་བྱོལ་བོད་གཞུང་ཆོས་རིག་ལས་ཁུངས་ཀྱི་བཀོད་སྒྲིག་འོག་ཐེག་ཆེན་ཆོས་ གླིང་གཙུག་ལག་ཁང་དུ་ཟི་ཁྲོན་ཝུན་ཁྲོན་དུ་ས་ཡོམས་བྱུང་བར་བསྔོ་སྨོན་སྐྱབས་ འཇུག་ཞུས་ཡོད་ཀྱང། ཁྱེད་ཚོས་༢༠༠༨ ལོའི་ཟླ་༥ཚེས་༡༢ཉིན་གྱི་སི་ཁྲོན་ཝུན་ཁྲོན་ས་ཡོམ་ཆེན་པོ་བྱུང་ནས་མི་མང་པོ་ ཤི་རྨས་ཐེབས་པ་དང་། བོད་རིགས་མི་ཉུང་བ་ཤི་གསོན་ཧ་མ་གོ་བའི་སྐབས་དེར། ཏཱ་ལའི་འཇར་མན་དུ་སོང་ཞིང་། མིའི་རིགས་ཀྱི་འཇིགས་པ་ཆེན་མོ་འདིའི་སྐོར་ཚིག་གཅིག་ཀྱང་མ་བཤད་ལ། ལྷག་པར་དུ་ལུས་དང་སེམས་ཀྱི་སྡུག་བསྔལ་ཚད་མེད་མྱོང་བཞིན་པའི་བོད་རིགས་སྤུན་ ཟླ་རྣམས་ལའང་སྙིང་རྗེ་རྩ་བ་ནས་མཚོན་མེད་པ་རེད།ཅེས་བཤད་པ་ནི་མིའི་རིགས་ཀྱི་སྐད་ཆ་བཤད་སྟངས་ཤིག་རེད་དམ།

ད་དུང་སྐབས་དེའི་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་གྱི་སྐྱབས་ཐོའི་ནང་དུའངབར་ལམ་༢༠༠༨། ༥། ༡༢། ཟི་ཁྲོན་ཝུན་ཁྲོན་དུ་ས་ཡོམས་ཀྱི་གོད་ཆགས་བྱུང་སྟེ་མི་༦༩༠༡༩ (དྲུག་ཁྲི་དགུ་སྟོང་བརྒྱ་མེད་བཅུ་དགུ)་རྐྱེན་འདས་ཕྱིན་པ་དང་། མི་མང ༣༧༣༥༧༣ ལ་རྨས་སྐྱོན། མི་མང་ ༡༨༦༢༧ གར་སོང་ཆ་མེད། མི་མང་ས་ཡ་ ༡༥.༡༥ གནས་སྤོས་བྱེད་དགོས་པ་སོགས་མདོར་ན་མི་མང་འབུམ་ ༡༥༠ ལྷག་ཙམ་ལ་གོད་ཆག་གི་སྡུག་བསྔལ་བཟོད་དཀའ་བྱུང་བ་རྣམས་ཀྱི་སླད། རྟེན་མཆོག་སྤྱན་སྔར་མཆོད་བཤམས་དང་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་གདན་ ཞུས་དང་དགེ་འདུན་པ་རེར་སྐུ་འགྱེད་ཧིན་སྒོར་ ༡༠༠ རེ་ཕུལ་སྟེ། ཟི་ཁྲོན་ཝུན་ཁྲོན་དུ་ས་ཡོམས་གོད་ཆག་འོག་འདས་གྲོངས་ཕྱིན་པ་རྣམས་ཀྱི་སྡིག་ ལྟུང་བྱང་སྟེ་རྟེན་བཟང་རིམ་བརྒྱུད་རྣམ་མཁྱེན་ཐོབ་པ་དང་། ཤུལ་ལུས་ནང་མི་རྣམས་ཀྱི་སེམས་ངལ་སངས་པ་ཚེ་འཇུག་བདེ་སྐྱིད་ཡོངས་ཐབས་མཆོག་ གསུམ་རྒྱལ་བ་རྒྱ་མཚོར་བསྔོ་སྨོན་ཤུགས་དྲག་ཞུ་ན་ཞེས་ འཁོད་འདུག་པ་དང། གཞན་༧གོང་ས་མཆོག་གིས་སྐབས་དེར་ཟི་ཁྲོན་ཝུན་ཁྲོན་དུ་སྐུ་དངོས་སུ་ཕེབས་འདོད་ ཡོད་པའི་ཐུགས་རེ་གནང་བ་སོགས་རྒྱ་རིགས་མི་མང་གིས་གསལ་གཟིགས་ཐུབ་པའི་རེ་བ་ བྱེད་ཀྱི་ཡོད།

དྲིས་ལན་བདུན་པ། རྒྱ་ནག་གཞུང་གིས་སྒོར་མོས་དྲ་དམངས་བསླུ་ཉོ་བྱེད་ཀྱི་ཡོད་པ་སུས་མི་ཤེས།

སྒོར་ཟུར་ལྔ་པ་ཞེས་ ན་དེང་སང་འཛམ་གླིང་དུ་ཡོངས་གྲགས་ཆགས་ཟིན་སྟབས། རྒྱ་ནག་གཞུང་གིས་བསླུ་ཉོ་བྱས་པའི་དྲ་དམངས་ལ་གྲངས་ཀ་ཞིག་གང་དུ་ཡོད་དམ། གླེང་ཕྱོགས་རྫུན་མ་བཟོ་བ་དང་གུང་བྲན་ལ་ཆེ་བསྟོད་ཀྱིས་འུར་རྒྱག་པ་སོགས་ནི་ ཧུའུ་ཅིན་ཐའོས་དབུ་ཁྲིད་པའི་ཏང་ཀྲུང་དབྱང་གི་མཐའ་བསྐོར་དུ་ཚིང་ཁ་ཤིག་ཤིག་ ཡོད་ནའང་། དེས་སྐུ་ཞབས་ཧུའུ་ཅིན་ཐའོར་དོན་དངོས་འཆམ་མཐུན་གྱི་གཞུང་དམངས་བསྐྲུན་སོང་ངམ། ཡང་ན་སྤྱི་ཚོགས་བརྟན་བརླིང་བསྐྲུན་སོང་ངམ། དེ་ལ་ཏང་ཀྲུང་དབྱང་རང་ཉིད་རྒྱུས་ཡོད་ཆེ་ཤོས་ཡིན་སྟབས་ཁ་གསང་ནས་གསུང་ཐུབ་ ཀྱི་ཡོད་དམ།

ང་ཚོས་ཤེས་གསལ་ལ་རྒྱ་ནག་ནང་ཁུལ་དུ་སྒོར་ཟུར་ལྔ་པ་མིན་ པའི་དྲ་ཞུགས་པའི་གནས་ཚུལ་ལ་ལྟ་རྟོགས་བྱ་ཆེད་ངོ་སྤྲོད་ལག་ཁྱེར་བརྒྱུད་ཐོ་ འགོད་བྱ་དགོས་པ་དང་། ངོ་སྤྲོད་ལག་ཁྱེར་མེད་ན་དྲ་བར་ཞུགས་ཐུབ་ཀྱི་མེད་པའི་གནས་ཚུལ་ཐབས་རྡུག་མང་ པོ་ཉིན་རེར་ཇེ་མང་དུ་འགྲོ་ཡི་འདུག ག་རེ་བྱས་ནས་རྒྱ་ནག་གཞུང་གིས་རང་གི་མི་མང་ལ་ཡིད་ཆེས་མ་རྙེད་པ་རེད་དམ། གཞན་སྒོར་ཟུར་ལྔ་པས་རྒྱ་ནག་ནང་ཁུལ་གྱི་རྙོག་གླེང་ཆེད་དཀྲོག་གཏམ་སྣ་ཚོགས་ སྤེལ་རྒྱུར་འགྲོ་སོང་ག་ཚོད་གཏོང་གི་མེད་དམ། ༧གོང་ས་མཆོག་ནས་རྒྱ་ནག་གི་རྒྱལ་སྲུང་ལས་ནང་ཁུལ་གྱི་རྙོག་གླེང་ལ་དཔལ་འབྱོར་ འགྲོ་སོང་ཕོན་ཆེ་གཏོང་བཞིན་པར་ཧ་ཅང་ཐུགས་འཚབ་གནང་གི་ཡོད་ལ། རྒྱ་རིགས་ནམ་འཕྲད་ལ་ནང་ཁུལ་འཆམ་མཐུན་གྱི་རྩ་བ་ཡིད་ཆེས་ལ་ཐུག་ཡོད་པའི་བོད་ དང་༧གོང་ས་མཆོག་གི་རིག་གནས་གཞི་རྩར་དྲངས་ནས་བསླབ་བྱ་ལམ་སྟོན་གནང་གི་ཡོད་པས། འཆམ་མཐུན་དང་མཐུན་སྒྲིལ། གཞུང་མང་བར་ཡིད་ཆེས་དགོས་ན་ངེས་པར་དུ་༧གོང་ས་མཆོག་གི་ལམ་སྟོན་སྙིང་པོ་ལས་ བརྒལ་ཐབས་མེད་པས། སྲིད་བློན་ཝུན་ཇ་པོས་བཤད་པ་ལྟར་ཆབ་སྲིད་བསྒྱུར་བཅོས་མ་བྱས་ཚེ་གུང་བྲན་གྱིས་ བསླུ་ཉོ་བྱས་པའི་དྲ་དམངས་ཉོག་གཏམ་རུ་ཁག་གིས་གུང་བྲན་ལ་རྫུན་བསྟོད་བྱས་ནས་ གུང་བྲན་གྱི་རྒྱལ་སྤྱིའི་མཚན་ཉིད་སྔར་བཞིན་སྲུང་དགོས་ཤར་ཚེ་ནམ་རིང་སྒྲུང་ གིས་མི་འཁྱོལ་བ་ས་རིས་ཐང་གསལ་རེད་མི་འདུག་གམ། ད་དུང་ཡ་ང་བག་ཚ་གང་ཡང་མེད་པར་རང་གིས་བསླུ་ཉོ་བྱས་པའི་དྲ་དམངས་ཉོག་གཏམ་རུ་ ཁག་གི་སྐད་ཆ་དྲངས་ནས་༧གོང་ས་མཆོག་ལ་སྡུག་དམོད་གཏོང་ཁུལ་འདི་ནི་ཐབས་ཟད་གཏི་ཐུག་གི་ལས་ཀ་མིན་ན་གཞན་དུ་མིང་ཞིག་འདོག་རྒྱུ་གཏན་ནས་མི་འདུག་གོ།

དེས་ན་མཐའ་སྡོམ་དྲ་ དམངས་ཀྱི་སྐད་ཆ་མ་ཡིན་པའི་འཛམ་གླིང་འདིར་སྐད་གྲགས་ས་ཁྱབ་གནམ་ཁྱབ་ཏུ་ཕྱིན་པ། ལྟ་སྤྱོད་གཉིས་ལ་འཛམ་གླིང་ནང་ཆ་འཇོག་ཡོད་པའི་ཞི་བདེའི་དེད་དཔོན་ཆེན་པོ་བཅུ་ གཉིས་ཀྱིས་དེ་རིང་༢༠༡༢ ཟླ ༤ ཚེས ༣ ཉིན་སྐུ་ཞབས་ཧུའུ་ཅིན་ཐའོར་ཕུལ་བའི་སྙན་ཞུའི་སྙིང་དོན་འདིར་དྲངས་ན།བོད་ མི་ཚོས་ཡུན་རིང་ནས་དོན་དམ་གྱི་རང་སྲིད་རང་སྐྱོང་གི་གནས་བབ་རྩོད་བཞིན་ཡོད། ཁོང་ཚོས་འཚེ་བ་མེད་པ་དང་གྲོས་མོལ་གྱི་ལམ་ནས་དགོས་འདུན་དེ་དག་སྒྲུབ་ཐབས་བྱས་ ཡོད་ཀྱང་ད་བར་གྲུབ་འབྲས་གང་ཡང་བྱུང་མེད་སྟབས། ད་ཆ་ཞི་རྒོལ་བྱེད་དགོས་ཐུག་གི་ཡོད། ང་ཚོའི་ཆོས་གྲོགས་བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་རྒྱ་ནག་དང་ཁ་ བྲལ་རྩོད་ཀྱི་མེད། རྒྱ་ནག་དབུ་ཁྲིད་ཚོས་བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་བོད་ཀྱི་ གནད་དོན་དེ་བཞིན་ཞི་མོལ་གྱི་ལམ་ནས་སེལ་རྒྱུའི་གོ་སྐབས་དེ་འཛིན་དགོས། དེའི་ཆེད་གྲོས་མོལ་གྱི་བརྒྱུད་རིམ་ཚར་གཅིག་འགོ་བཙུགས་ཚར་བ་དེ་བར་མ་ཆད་པ་ ཞིག་དང་འཁྲུག་ཆ་དོད་པོ། དོན་ཕན་སོན་པ་ཞིག་དགོསཞེས་འཁོད་དོན་ལྟར།

ད་ནི་རྒྱ་ནག་གཞུང་གིས་ དོན་དམ་གྱིས་བོད་མི་རིགས་ལ་དུས་རབས་ཕྱེད་ཀ་ལྷག་རིང་བཙན་བཟུང་གིས་གསོད་རྡུང་ རྨས་གསུམ་ཚད་མེད་བྱས་དང་བྱེད་བཞིན་པའི་ལོ་རྒྱུས་ཀྱི་སྐྱོ་གར་མཚམས་འཇོག་བྱས་ ཏེ། རྒྱ་བོད་མི་རིགས་གཉིས་འདྲ་མཉམ་གཞི་མཐུན་མཉམ་གནས་ཡོང་གཞིའི་མ་གདན་ཞིག་ བསྐྲུན་ན་གོ་སྐབས་ཏག་ཏག་ཤར་འདུག་སྙམ་བྱུང།

༢༠༡༢། ༣། ༤། ཉིན་ཤར་མར་བྲིས།

ཏཱ་ལའི་བླ་མར་དྲི་བ་བདུན་བཏོན་པ“”ཞེས་པའི་རྩོམ་ཡིག་གི་ཉེན་ཁའིཕྱོགས་ལྷུང༌།

རྩོམ་པ་པོ། ཀྲང་བྷོ་ཧྲུའུ།
བཀའ་ཡིག་དྲུང་འཕར་བུ་རྫོང་ལྷ་མོ་ཚང་ཚེ་རིང་དབང་ཕྱུག་གིས་བོད་ཡིག་ཏུ་བསྒྱུར།

༼ རྩོམ་ཡིག་འདི་སྤེལ་མཁན་ཀྲང་བྷོ་ཧྲུའུ་ནི་རྒྱ་ནག་པེ་ཅིང་གི་མི་ཡིན་ཞིང་རྒྱ་ནག་མི་དམངས་དཔལ་འབྱོར་སློབ་ཆེན་གྱི་མཁས་པའི་ཕྱག་འཁྱེར་དང་རྒྱ་ནག་སྤྱི་ཚོགས་མཚན་རིག་ཞིབ་འཇུག་ཁང་གི་མཚན་ཉིད་རིག་པ་ནས་རབ་འབྱམས་པ་དང་འབུམ་རམ་པ་འཐོབ་པའི་གྲགས་ཅན་ཞིབ་འཇུག་པ་ཞིག་ཡིན་འདུག ཁོང་གིས་ལོ་མང་རིང་རྩོམ་འབྲི་གནང་བའི་དེང་རབས་ཅན་དང་ལམ་ལུགས་དེང་རབས་ཅནསོགས་མཚོན་པའི་རྩོམ་ཡིག་ནང་དག་ཅིག་སྤེལ་མྱོང་ཡོད་མཁན་གྱི་རྒྱ་རིགས་མཁྱེན་ལྡན་པ་ཞིག་ཡིན་འདུག༽

༄༅། །རྒྱ་ནག་གི་བོད་ལྗོངས་དྲ་རྒྱ་ཞེས་པས་ཕྱི་ཟླ་ ༣ ཚེས་ ༢༢ ཉིན་འགོ་བརྗོད་དུ་ཏཱ་ལའི་བླ་མར་དྲི་བ་བདུན་བཏོན་པཞེས་པའི་རྩོམ་ཡིག་ཅིག་འགོད་འདུག་པ་དང༌། དེ་རྗེས་མི་དམངས་དྲ་རྒྱ་སོགས་རྒྱ་ནག་གཞུང་གཉེར་བརྒྱུད་ལམ་དང་དྲ་རྒྱ་ཁག་ནང་གཅིག་རྗེས་གཉིས་མཐུད་ཀྱིས་རྩོམ་ཡིག་དེ་བརྒྱུད་འགོད་བྱས་འདུག རྩོམ་ཡིག་དེ་ནི་རིག་གནས་གསར་བརྗེ་ལྟར་མི་ལ་རྒྱུག་བརྡུང་བཏང་བའི་སྐད་ཡིག་རྩུབ་པོ་སྤྱོད་མཁན་རྒྱ་ནག་གཞུང་གི་དྲིལ་བསྒྲགས་པ་ཞིག་གིས་ལག་རྗེས་རེད་འདུག་ རྩོམ་ཡིག་དེས་རྒྱ་ནག་གཞུང་གཉེར་བརྒྱུད་ལམ་ཁག་གིས་ཏཱ་ལའི་བླ་མ་དང་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོར་གཞི་མེད་ཀྱི་སྐྱོན་འཛུགས་དམའ་འབེབས་བྱེད་བཞིན་པ་དེ་རྒྱུན་མཐུད་པ་མ་ཟད། ཐ་ན་ཁུངས་ལུངས་མེད་པར་ཏཱ་ལའི་བླ་མ་མཆོག་དང་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཀྱི་ན་ཛི་ཧི་ཏ་ལ་དང་འདྲ་མཚུངས་མཉམ་བསྲཻས་ཀྱང་བྱས་འདུག
རྩོམ་ཡིག་དེའི་ནང༌། ཏཱ་ལའི་བླ་མས་མི་རིགས་རང་སྐྱོང་གི་དར་ཆ་བསྒྲེངས་ཏེ་གདུང་སེམས་མཉམ་སྐྱེ་གཡོ་ཐབས་བྱས་ཏེ། ཉིན་མ་ཞིག་ཞིང་བྲན་ལམ་ལུགས་བསྐྱར་ལོག་བྱུང་རྗེས་མི་རིགས་གཙང་བཤེར་བྱ་རྒྱུར་ལམ་བཤངས་བརྒྱབ་ཅིང༌། མི་རིགས་ཀྱི་ཁྱད་ཆོས་རྒྱུན་གནས་བྱ་རྒྱུ་ཟེར་བའི་མིང་བྱང་འོག་ཏུ། བོད་རིགས་དང་མི་རིགས་གཞན་གྱི་དབར་མི་རིགས་དབྱེ་
འབྱེད་དང་མི་རིགས་ཀྱི་འཁོན་འཛིན་བཟོ་བའི་འབར་ལན་གྱི་རྩིག་པ་ཞིག་བརྩིགས་འདུག ཏཱ་ལའི་ཡི་གཏམ་སྤྱོད་དེ་དག་གིས་མི་རྣམས་ལ་འཛམ་གླིང་གཉིས་པའི་སྐབས་སྨྱོ་ཧམ་ཅན་གྱི་ན་ཛི་མ་དྲན་དཀའ་མེད་རེད། ཏཱ་ལའི་ཡི་དབུ་མའི་ལམ་དང་ཆེས་མཐོའི་རང་སྐྱོང་ཞེས་པའི་རྒྱབ་ཏུ་དམར་དམར་རྗེན་རྗེན་གྱིས་མི་རིགས་ཕྱིར་འབུད་བྱེད་པ་དེ། དེ་སྔའི་ཧི་ཏ་ལས་འཇིའུ་མི་རིགས་གཙང་སེལ་བྱེད་པ་དང་འདྲ་བོ་ག་ཚོད་མི་འདུག་གམ་ཞེས་བྲིས་ཡོད་པ་རེད།
འོན་ཏེ། གཞི་མེད་ཀྱི་སྐྱོན་འཛུགས་དེར་དེ་ལྟ་བུའི་དགག་ལན་རྒྱག་ཐེངས་གཅིག་གིས་ཀྱང་མི་བཟོད་པར་རྫུན་རྐུབ་རྡོལ་བ་རེད། དེའི་རྒྱུ་མཚན་ནི་རྒྱ་ནག་གཞུང་གིས་སྐྱོན་འཛུགས་བྱེད་སའི་གཞི་རྩ་ཡོངས་རྫོགས་དེ་ནི་བཙན་བྱོལ་བོད་མིའི་ཕྱོགས་ནས་འདོན་སྤེལ་བྱས་པའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོངས་ཐབས་ཀྱི་བསམ་འཆར་ཞེས་པའི་ནང་གི་མ་འོངས་པའི་བོད་ཀྱི་རང་སྐྱོང་མངལ་ཁུལ་ནང་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁུལ་གཞན་དུ་ཡོད་པའི་སྤྱྀ་འབངས་རྣམས་བོད་དུ་གནས་སྡོད་བྱེད་པ་དང༌། གཞིས་ཆགས་པ། ལས་རིགས་དང་དཔལ་འབྱོར་གྱི་ལས་དོན་གཉེར་ཕྱོགས་བཅས་ཀྱི་སྲོལ་ཡིག་བཟོ་རྒྱུའི་དབང་ཚད་དགོས་རྒྱུ་གལ་ཆེན་པོ་ཡིན་ཞེས་འཁོད་པའི་འདོད་ཚུལ་དེ་ལ་དམིགས་པ་གསལ་པོ་རེད།
དེ་ལྟར་ན། འདོད་ཚུལ་འདི་གོང་གསལ་རྒྱ་ནག་གཞུང་གི་དྲིལ་བསྒྲགས་པས་བརྗོད་པ་ལྟར་ཛྲམངོན་གསལ་དོད་པོས་བོད་མི་མ་ཡིན་པའི་གནས་སྡོད་གྲོང་མི་རྣམས་བོད་ནས་ཕྱྀར་འབུད་བྱས་པ་ཞིག་རེད་དམ་ཞེ་ན།
དངོས་ཡོད་གནས་སྟངས་ནི། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོངས་ཐབས་ཀྱི་བསམ་འཆར་ཞེས་པའི་ཡིག་ཆ་དེའི་ནང་བཙན་བྱོལ་བོད་མིའི་ཕྱོགས་ནས། བོད་ནང་གཏན་དུ་གཞིས་ཆགས་པ་དང༌། ཡུན་རིང་པོ་ནས་གནས་སྡོད་ཚར་ལོངས་བྱས་པ་རྣམས་ཕྱིར་འབུད་བྱེད་རྒྱུ་ང་ཚོའི་སྐུལ་སློང་མིན། ང་ཚོའི་སེམས་འཚབ་བྱེད་གཞི་རྒྱ་རིགས་གཙོས་པའི་མི་རིགས་གཞན་འབོར་ཆེན་སྤོ་ཤུགས་བྱེད་རྒྱུའི་སྐུལ་སློང་བྱེད་པའི་དབང་གིས་ད་ཡོད་སྤྱི་ཚོགས་ལ་འཕོ་འགྱུར་དང༌། བོད་མི་རྣམས་གྲངས་ཉུང་ཆགས་པ། ཧ་ཅང་འཇིགས་སླ་བའི་བོད་ཀྱི་རང་བྱུང་ཁོར་ཡུག་ལ་ཉེན་
ཚབས་བཟོས་ཀྱི་ཡོད་པ་དེ་དག་ཡིན་ཞེས་གསལ་པོར་བརྗོད་ཡོད། གོ་འཛོལ་མི་འོང་བའི་ཆེད་དུ། བཙན་བྱོལ་བོད་མིའི་ཕྱོགས་ནས་གོང་གསལ་བསམ་འཆར་ཡིག་ཆ་དེའི་འགྲེལ་བརྗོད་ནང་འཁོད་པར་གཞིགས་ན། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོངས་ཐབས་ཀྱི་བསམ་འཆར་དེས་མི་རིགས་ས་གནས་རང་སྐྱོང་གི་གཞུང་ལ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁུལ་གཞན་ནས་བོད་ནང་ཡོང་མཁན་ཚོ་གནས་སྡོད་བྱེད་པ་དང༌། གཞིས་ཆགས་པ། ལས་རིགས་དང་དཔལ་འབྱོར་གྱི་ལས་དོན་གཉེར་ཕྱོགས་བཅས་ཀྱི་སྲོལ་ཡགན་བཟོ་རྒྱུའི་དབང་ཚད་དགོས། འདི་ནི་རང་སྐྱོང་གི་སྤྱིར་བཏང་ཁྱད་ཆོས་ཤིག་ཡིན་པ་མ་ཟད། ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་ལའང་དེ་ལྟ་བུའི་དེ་སྔའི་དཔེ་མཚོན་མེད་པ་མ་ཡིན། རྒྱལ་ཁབ་མང་པོའི་ནང་རང་བཞིན་གྱིས་གདོད་མའི་མི་རིགས་དང་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ལ་སྲུང་སྐྱོབ་དང་ཡང་ན་ཧ་ཅང་འཇིགས་སླ་བའི་ཁོར་ཡུག་སྲུང་སྐྱོབ་ཁུལ་དུ་རྒྱལ་ཁབ་འདིའི་ས་གནས་གཞན་ནས་གནས་སྤོ་འཛུལ་ཤུགས་བྱ་ཐབས་ཀྱི་ལམ་ལུགས་དང་སྲོལ་ཡིག་གཏན་འབེབས་བྱས་ཡོད། ༼བསམ་འཆར་༽ནང་བོད་ནང་གཏན་དུ་གཞིས་ཆགས་པ་དང་དུས་ཡུན་རིང་པོ་ནས་གནས་སྡོད་འཚར་ལོངས་བྱས་པ་རྣམས་ཕྱིར་འབུལ་བྱེད་རྒྱུ་མིན་ཞེས་ཁ་གསལ་འཁོད་ཡོད། དེའི་སྐོར་འབྲེལ་མོལ་སྐུ་ཚབ་རྣམ་པས་འགྲེལ་བརྗོད་གནང་ཟིན་པ་བཞིན། ཏཱ་ལའི་བླ་མ་མཆོག་དང་བཀའ་ཤག་ནས་དེ་སྔའི་གསུང་བཤད་ཁག་ནང་དེའི་སྐོར་ཁ་གསལ་གསལ་བཤད་གནང་ཡོད། དཔེར་ན་ཕྱི་ལོ་ ༢༠༠༨ ཟླ་ ༡༢ ཚེས་ ༤ ཉིན་ཏཱ་ལའི་བླ་མ་ཆོག་ནས་ཡུ་རོབ་གྲོས་ཚོགས་ལ་གསུང་བཤད་གནང་སྐབས་མཛུབ་སྟོན་གནང་དོན་ང་ཚོས་ང་ཚོའི་དམིགས་ཡུལ་གསལ་པོ་བྱས་ཏེ་བཤད་ཡོད། དེ་ཡང་བོད་མི་མ་ཡིན་པའི་མི་རིགས་གཞན་བོད་ནང་ཕྱིར་འབུད་བྱ་རྒྱུ་ང་ཚོའི་སྐུལ་སློང་མིན། ང་ཚོའི་སེམས་ཚབ་བྱེད་གཞི་རྒྱ་རིགས་གཙོས་པའི་མི་རིགས་གཞན་འབོར་ཆེན་སྤོ་ཤུགས་བྱེད་རྒྱུའི་སྐུལ་སློང་བྱེད་པའི་དབང་གིས་ད་ཡོད་སྤྱི་ཚོགས་ལ་འཕོ་འགྱུར་དང་བོད་མི་རྣམས་གྲངས་ཉུང་ཆགས་པ། ཧ་ཅང་འཇིགས་སླ་བའི་བོད་ཀྱི་རང་བྱུང་ཁོར་ཡུག་ལ་ཉེན་ཚབས་བཟོས་ཀྱི་ཡོད་པ་དེ་ཡིན་ཞེས་གསུང་པ་དེས་གསལ་གསལ་ཐིང་ཐིང་གིས་བོད་རིགས་ཕུད་པའི་མི་རིགས་གཞན་ཕྱིར་འབུད་བྱས་པ་མ་ཡིན་པ་གསལ་པོ་མཚོན་ཡོད། དེར་བརྟེན་འདི་ནི་བོད་ཀྱི་གདོད་མའི་
མི་རིགས་རྩ་མེད་འགྲོ་ཉེའི་ཆེད་གནས་སྐབས་འགུལ་བསྐྱོད་མི་འབོར་དང༌། ལས་ཀ་འཚཽལ་མཁན། གསར་དུ་གཞིས་ཆགས་མཁན་ཚོར་དམིགས་ཏེ་ཁྲིམས་སྲོལ་གཏན་འབེབས་བྱེད་པའི་དོན་ཚན་ནང་ཐོབ་ཐང་ཆ་བགོས་ཀྱི་གནད་དོན་ཞིག་རེད
དེའི་སྐོར་འགྲེལ་བརྗོད་མང་པོ་དགོས་མེད། འདོད་ཚུལ་དེ་དག་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ད་ཡོད་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་མི་རིགས་ས་གནས་རང་སྐྱོང་ངམ་རང་སྐྱོང་དོན་འཁྱོལ་ཡོང་བའི་ཆེད་དུ་འདོན་པ་ཞིག་ཡིན། འདོད་ཚུལ་དེ་དག་ལ་བོད་རྒྱ་མི་རིགས་གཉིས་བར་གོ་བསྡུར་དང་བསམ་ཚུལ་བརྗེ་ལེན་བྱེད་ཆོག་པ་དང་པེ་ཅིན་དང་རྡ་རམ་ས་ལ་གཉིས་དབར་གྲོས་མོལ་གྱི་བརྗོད་གཞི་ཡང་བྱེད་ཆོག དེ་ཙམ་མ་ཟད་མ་འོངས་པའི་རྒྱ་ནག་མང་གཙོའི་གཞུང་གིས་མི་རིགས་ས་གནས་ཁུལ་དུ་ལམ་ལུགས་གསར་འཛུགས་བྱ་རྒྱུའི་དཔྱད་གཞི་གང་འཚམ་ཞིག་ཀྱང་བྱེད་ཆོག འོན་ཀྱང༌། ག་རེ་བཤད་ཀྱང་མ་བཤད་ཀྱང་འདོད་ཚུལ་དེ་དག་དང་རྒྱ་ནག་གཞུང་གི་དྲིལ་བསྒྲགས་པས་བཤད་པའི་དམར་དམར་རྗེན་རྗེན་གྱིས་མི་རིགས་ཕྱིར་འབུད་བྱེད་པ་ཟེར་བ་དང་འབྲེལ་བ་ཏིལ་འབྲུ་ཙམ་མེད་པ་དང༌། དེ་བས་འཇར་མན་ན་སིག་ཧི་ཌ་ལའི་མི་རིགས་རྩ་མེད་བཏང་བ་ཟེར་བ་དེ་དང་མི་མཐུན་རྟ་གཡག་མགོ་སྦྲེལ་ལྟ་བུ་མིན་པར་ཏན་ཏན་དེའི་ལྡོག་ཕྱོགས་སུ་གནས་ཡོད། དེར་བརྟེན་རྒྱལ་སྤྱིའི་འཇིའུ་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྒྲིག་འཛུགས་ཀྱི་སི་མོལ་ཝེ་སན་དལ་ལྟེ་གནས་ཀྱིས་ ཅདྟ ྔདྲནྣརྣ ཇདྲྟཔྲྟརྣྤདཎརྡ སྐྲྟརྣྤྟཔྱ དྲ་རྒྱའི་ནང་གསར་འགོད་གསལ་བསྒྲགས་སྤེལ་ཏེ། རྒྱ་ནག་གཞུང་འབྲེལ་དྲ་རྒྱའི་ཐོག་ནས་ཏཱ་ལའི་བླ་མ་མཆོག་ལ་གཞི་མེད་སྐྱོན་འཛུགས་དང་མ་འབེབས་ཞུས་པར་ཧ་ལས་ཏེ་སྐྱོན་འཛུགས་དེར་ངོས་ལེན་རྩ་བ་ནས་མེད་པ་མ་ཟད། དེས་ན་སིག་གིས་དམར་བསད་བཏང་བའི་གནོད་འཚེ་ཕོགས་མཁན་རྣམས་ལ་དམའ་འབེབས་བཏང་འདུག ཏཱ་ལའི་བླ་མ་མཆོག་ལོ་བཅུ་གྲངས་འགའི་རིང་འཛམ་གླིང་གི་གུས་བརྩི་ཞུ་ཡུལ་དུ་གྱུར་ཡོད། ད་ཆ་ཁོང་གིས་གནང་བཞིན་པའི་མཛད་འགན་གསུམ་ནང་གི་གཅིག་ནི་ཞི་བའི་གྲོས་མོལ་ཐོག་འབད་བརྩོན་གནང་གི་ཡོད། དོན་དངོས་ཐོག་ཏཱ་ལའི་བླ་མ་མཆོག་གིས་དར་སྤེལ་མཛད་པའི་འགྲོ་བ་མིའི་བྱམས་བརྩེའི་རིན་ཐང་སྐོར་གྱི་ལྟ་གྲུབ་འདི་ན་སིག་པ་ཚོས་གཏོར་བཤིག་བཏང་བ་དེ་ཡིན་ན། གསར་འགོད་གསལ་བསྒྲགས་ཀྱི་མཇུག་ཏུ་རྒྱ་ནག་གཞུང་འབྲེལ་གྱི་དྲ་རྒྱ་གཙོ་བོ་མི་དམང་དྲ་རྒྱ་
དང༌། ཤིན་ཧཱ་དྲ་རྒྱ། རྒྱ་ནག་གི་བོད་ལྗོངས་གསར་འགྱུར་དྲ་རྒྱ་བཅས་ཀྱིས་འཕྲལ་དུ་ཁོང་ལ་དགོངས་སེལ་ཞུ་དགོས་ཞེས་འཁོད་ཡོད་པ་རེད།
ཁོ་བོའི་བསམ་པར། རྩོམ་པ་པོའི་མིང་ཡང་བཀོད་མ་ནུས་པའི་རྩུབ་སྤྱོད་རྒྱུགས་རྡུང་གི་རྩོམ་འཆལ་དེ་གལ་ཏེ་རྒྱ་ནག་གཞུང་གི་བཀོད་བྱུས་འོག་ཡོད་པའི་དྲིལ་བསྒྲགས་པ་ཞིག་གིས་ཕེར་ཤ་ལངས་ཏེ་བྲིས་པ་ཞིག་ཡིན་ན། དེར་ཡ་ལན་དང་ལན་རྒྱག་རིན་གང་ཡང་མེད། གནད་དགག་ཐུགས་ས་ནི་རྩོམ་འཆལ་དེ་ཐོན་མ་ཐག་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་དྲ་རྒྱའི་ཐོག་བརྒྱུད་འགོད་བྱས་ཏེ། ཧ་ལམ་ཡོང་ཁུངས་མཐོ་ས་ཞིག་ནས་ཡིན་པའི་རྣམ་པ་སྟོན་གྱི་ཡོད་པ་དེ་གནས་ཚུལ་ཆུང་ཆུང་ཞིག་མ་རེད། ཀུན་གྱི་ཤེས་གསལ་ལྟར་རྒྱ་ནག་གཞུང་གིས་དྲ་རྒྱའི་ཐོག་ལྟ་རྟོགས་ཚོད་འཛིན་ནན་པོ་ཡོད་པའི་ལམ་ལུགས་དེའི་འོག་མི་དམངས་དྲ་རྒྱ་དང༌། ཤིན་ཧཱ་དྲ་རྒྱ་སོགས་རྒྱ་ནག་གཞུང་གཉེར་གྱི་དྲ་རྒྱ་དེ་དག་ཚང་མས་མི་དྲན་དགུ་དྲན་དང་དཀར་ནག་གོ་ལྡོག་གིས་ཁ་ནས་གང་ཐོན་བཤད་རྐྱང་བྱེད་པའི་རྩོམ་འཆལ་དེར་གློག་བཞུ་འཇང་གུ་སྤར་ཏེ་གུ་ཡངས་གཏོང་རྐྱང་བྱེད་པ་དེས་ཡང་སྙིང་གོ་བརྡ་ག་རེ་སྤྲོད་པ་དང༌། བསམ་ཕྱོགས་གང་འདྲ་ཞིག་བརྒྱུད་བསྒྲགས་བྱེད་ཀྱི་ཡོད་དམ།
ཀུན་གྱི་ཤེས་གསལ་ལྟར། རྒྱ་ནག་གི་ཆབ་སྲིད་ཐད་འགྱུར་བ་འགྲོ་རྒྱུའི་དགག་སྒོ་གལ་གནད་ཆེ་བ་ཞིག་གི་ཉེ་འཁྲིད་དུ་སླེབས་ཡོད། ཉེ་ཆར་བྷོ་ཤི་ལའི་དང་ཝང་སླིད་ཅུན་གྱི་དོན་རྐྱེན་བྱུང་སྟེ་རྒྱ་ནག་གི་རྙིང་ཞེན་བག་ཁུམ་དང་གཡོན་ཐལ་ཆེ་བའི་སྟོབས་ཤུགས་ལ་བར་ཆད་བྱུང་ཡོད། སྲིད་བློན་ཝུན་ཅ་བའོ་ཡིས་ས་ཕྱོགས་མང་པོ་ཞིག་ཏུ་བསྐྱར་དུ་ཆབ་སྲིད་ལམ་ལུགས་ཐོག་བསྒྱུར་བཅོས་བྱེད་དགོས་པའི་རེ་འབོད་བྱས་ཏེ། དམངས་ཁྲོད་དུ་མང་གཙོ་ཅན་དུ་བསྒྱུར་རྒྱུ་རེ་བའི་མཐོ་རླབས་ཤིག་ཕྱུར་ཡོད། མ་འོངས་པའི་རྒྱ་ནག་གི་ངོ་ནས་གླེང་ན། འདི་ནི་རྙེད་དཀའ་བའི་གོ་སྐབས་ཤིག་ཡིན། སྲིད་དབང་བཟུང་མཁན་ཡིན་ནའང་འདྲ་ངོ་རྒོལ་བྱེད་མཁན་གྱི་ཤོག་ཁག་ཡིན་ནའང་ཚང་མས་བསྐྱར་དུ་དུས་སྐབས་ལ་ལྟ་ཞིབ་དང་གནས་ཚུལ་ལ་ཚོད་དཔག་བྱེད་ཀྱི་ཡོད། ཁོ་བོའི་ལྟ་ཚུལ་ལ། རྒྱ་ནག་གི་ཆབ་སྲིད་ཐད་འགྱུར་བ་འགྲོ་ཕྱོགས་དང་དུས་བབ་གསར་པ་ཞིག་བསྐྲུན་འདོད་ཡོད་པའི་ད་ལྟའི་ལམ་སྲོལ་ནང་གི་བསྒྱུར་བཅོས་བྱེད་མཁན་དང་དམགས་ཁྲོད་ཀྱི་ངོ་རྒོལ་མི་
སྣའི་ངོས་ནས་བཤད་ན། ལུགས་དང་མཐུན་ཞིང་ལག་བསྟར་བྱེད་ཆོག་པའི་འགྱུར་ལྡོག་གཏོང་རྒྱུའི་ལམ་ཐིག་གཅིག་གཏན་འབེབས་བྱ་རྒྱུ་གལ་འགངས་ཆེན་པོ་རེད། ལམ་ཐིག་རི་མོ་དེའི་ནང༌། ངེས་པར་དམག་འཐབ་ཀྱི་དམིགས་ཚད་ལག་བསྟར་གྱི་གོམ་བགྲོད་དང་གལ་ཆེ་ཆུང་དང་ལྗིད་ཡང་མ་ལྡོག་པར་མི་རིགས་ཀྱི་གནད་དོན་ནི་ལམ་ཐིག་རི་མོ་དེའི་ནང་ནས་ངེས་པར་དུ་ཐག་གཅོད་བྱེད་དགོས་པའི་དམིགས་ཚད་ཀྱི་གྲས་ཤིག་ལ་འཇོག་དགོས། འདས་པའི་ལོ་ ༦༠ ནང་གཞུང་འཛིན་པ་ཚོས་མི་རིགས་ཀྱི་སྲིད་བྱུས་ཁྱབ་ཁོངས་ནང་ནོར་འཁྲུལ་གྱི་ལས་ཀ་མང་པོ་བྱས་ཡོད་པ་མ་ཟད། ཐ་ན་ལས་ངན་བྱས་ཏེ་རྫུན་གཏམ་ཡང་མང་པོ་བཤད་དེ་ཉེས་པ་ཡང་ཡང་མང་པོ་བསགས་ཡོད། འདི་དག་གིས་འགྱུར་ལྡོག་གཏོང་རྒྱུར་ཕན་ཐོགས་མེད། མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་དཀའ་ངལ་ཆུང་དུ་གཏོང་རྒྱུ་དང༌། ལམ་ལུགས་ལུགས་མཐུན་མེད་པའི་དབང་གིས་མི་རིགས་ཀྱི་འཁོན་འབྲས་བཟོས་པ་རྣམས་མེད་པ་བཟོ་རྒྱུའི་ཆེད་དོན་དམ་གྱི་འགྱུར་ལྡོག་གཏོང་རྒྱུའི་སྔོན་དུ་མི་རིགས་འཆམ་མཐུན་གྱི་རྣམ་པ་བསྐྲུན་ནས་དོན་དངོས་དང་མ་མཐུན་པའི་རྫུན་གཏམ་མ་ཤོད་པ་དང༌། དམའ་མཐར་ཡང་ད་ནས་བཟུང་རྫུན་གཏམ་གསར་པ་མི་བཟོ་བ་དང་མི་བཤད་པ། སོ་སོའི་གྲོས་མོལ་གྱི་ཁ་གཏད་ལ་གདོན་འདྲེ་བཞིན་དམའ་འབེབས་མི་གཏོང་བ་བྱ་རྒྱུ་དེ་ནི་ད་ལྟའི་གཞུང་འཛིན་མི་སྣས་ངེས་པར་དུ་བྱེད་དགོས་པའི་ལས་དོན་གཅིག་ཡིན། དོན་དངོས་དང་དངོས་ཡོད་གནས་སྟངས་ནི་རྒྱ་ནག་ཏུ་ཧ་ལམ་མེད་པ་འམ་མཐོང་དཀོན་པའི་ཁྱབ་ཁོངས་ཤིག་ཆགས་ཡོད། འདི་ནི་དམར་ཤོག་ཚོགས་པས་ལོ་མང་རིང་དྲིལ་བསྒྲགས་ཀྱི་ཡོ་ཆས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་དངོས་ཡོད་གནས་ཚུལ་དང་དེའི་འབྱུང་ཁུངས་ཆེད་མངགས་བཀག་དོམ་བྱས་ཏེ་མང་ཚོགས་རྨོངས་བཅུག་པའི་མཇུག་འབྲས་ཤིག་རེད་ལ། རྒྱ་ནག་གི་མི་མང་ཆེ་བས་༼དེའི་ནང་དམར་ཤོག་ཚོགས་པའི་དཔོན་རིགས་ཀྱང་ཚུད་ཡོད་༽ག་དུས་ཡིན་ནའང་སྣང་མེད་ཟོམ་འཇོག་ཏུ་བཞག་པའི་རྒྱུ་རྐྱེན་ཞིག་ཀྱང་རེད། དཔེར་ན། གལ་ཏེ་གསར་འགྱུར་བརྒྱུད་ལམ་ཁག་ནང་དམ་དྲག་བྱས་མེད་ན། གལ་ཏེ་སྤྱིར་བཏང་གི་མང་ཚོགས་དང་ལྷག་པར་དུ་རྒྱ་རིགས་མང་ཚོགས་རྣམས་ཀྱིས་བོད་རིགས་སྤུན་ཟླའི་ཆབ་སྲིད་དང༌། རིག་གནས། སྐད་ཡིག ཆོས་ལུགས་དད་མོས་ཀྱི་དབང་ཆ་ངམ་ཐོབ་ཐང་བཙན་གནོན་བྱས་པའི་དངོས་ཡོད་གནས་ཚུལ་དང༌། དེ་བཞིན་ཏཱ་ལའི་བླ་མ་མཆོག་གི་དབུས་པའི་བཙན་བྱོལ་བོད་མི་ཚོ་ལོ་ངོ་བཅུ་གྲངས་འགའ་ཤས་རིང་བཙན་བྱོལ་གྱི་སྤྱི་ཚོགས་མང་གཙོའི་ལམ་སྲོལ་དུ་གོང་འཕེལ་དང་འཛུགས་གཉེར་བྱས་
པའི་དངོས་དོན་དང་དེའི་ཐོག་ཁོང་ཚོས་རང་དབང་རྩོད་པ་ལས་རང་བཙན་རྩོད་ཀྱི་མེད་པའི་འདོད་ཚུལ་རྣམས་ཤེས་རྟོགས་བྱུང་བ་ཡིན་ན། ཎཎདྲི་བ་བདུན་བཏོན་པ་ཎཎཟེར་བའི་ངོ་ཚ་མེད་པའི་རྩོམ་འཆལ་དེ་རིགས་ལ་ཁྲོམ་ས་ཡོད་པ་མ་རེད།
མི་རིགས་ཞི་མཐུན་ཕྱོགས་སུ་ཁ་ཕྱོགས་རྒྱུ་འདི་ནི་རྒྱ་ནག་གི་ཆབ་སྲིད་འགྱུར་བ་འགྲོ་རྒྱུའི་དམིགས་ཚད་ཀྱི་གྲས་ཤིག་ཡིན་ལ་ཞི་བའི་ངང་ཆབ་སྲིད་ཀྱི་ཁ་ཕྱོགས་བསྒྱུར་རྒྱུ་སྐུལ་མ་གཏོང་རྒྱུའི་སྔོན་འགྲོ་ཞིག་ཡིན། མི་རིགས་འཆམ་མཐུན་གྱི་སྔོན་འགྲོ་དེ་ཡང་རྫུན་གཏམ་དང་ཉུང་མཐར་ཡང་བསྐྱར་རྫུན་གཏམ་གསར་པ་མེད་པ་བཟོ་རྒྱུ་དེ་རེད།
རྒྱུ་མཚན་འདི་དག་ལ་བརྟེན་ང་ཚོས་ཁུངས་ལུངས་མེད་པའི་དྲི་བ་བདུན་ཞེས་པའི་ཡིག་འཁྱམ་དེ་རིགས་རྒྱ་ནག་གཞུང་གཉེར་བརྒྱུད་ལམ་གཙོ་གྲས་ཐོག་འཁོན་འཁོན་ཐོག་ཐོག་མེད་པར་བརྒྱུད་སྤེལ་བྱེད་པ་དེ་ནི་རྩོམ་འཆལ་དེས་ཉེན་ཚབས་ཆེ་བའི་ཕྱོགས་ལྷུང་ཞིག་གི་ཚབ་བྱས་ཏེ། ཁོས་རྒྱ་ནག་གི་ཆབ་སྲིད་ཀྱི་ཁ་ཕྱོགས་འགྱུར་བ་གཏོང་རྒྱུར་དགོས་ངེས་ཆ་རྐྱེན་བསྐྲུན་རྒྱུའི་ཚབ་ཏུ་ཆེད་མངགས་དུས་བབ་རྙོག་ཟིན་བསླངས་ཏེ་འགྱུར་བ་འགྲོ་རྒྱུ་ཆེད་དུ་འགོག་རྐྱེན་བཟོ་ཡི་ཡོད་རེད། དེའི་རྒྱབ་ཏུ་ཕལ་ཆེར་རྒྱ་ནག་གི་ཆབ་སྲིད་ཀྱི་ཁ་ཕྱོགས་འགྱུར་བ་གཏོང་རྒྱུར་བཀག་འགོག་བྱེད་མཁན་ཀླད་རྙིང་མཁྲེགས་སྲུང་ཅན་ཉུང་ཤས་ཤིག་གི་གྲིབ་ནག་བསྡད་ཡོད། དེར་བརྟེན་མ་འོངས་པའི་རྒྱ་ནག་གི་དོ་སྣང་བྱེད་མཁན་གྱི་མི་ཚོས་དོན་གནད་དེར་རྟོགས་ཞིབ་མ་བྱེད་དཀའ་མེད་དུ་གྱུར་ཡོད་དོ།། །།

༄༅།།རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག །མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ། །མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག །ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།

     ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ<<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། ༢༠༠༩་༡༡་༡༦།

 

   བོད་དོན་གསར་འགྱུར་རྩོམ་གསར་སོགས། དེ་རིང་སྒོ་བྱང་ངོས་ལ་གཟིགས། གལ་ཆེའི་བཀའ་སློབ་ཡིག་ཆ་སོགས། རིན་ཆེན་གསང་བའི་གཏེར་ལས་བཞེས། སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར། ལན་ཅིག་ཕེབས་དང་རྒྱང་རིང་གྲོགས། ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

      སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

ཕྱག་ན་པད་མོའི་བཞད་སྒྲ་རེས། སྐྱེ་དགུ་འི་སེམས་ལ་བདེ་བ་སྦྲུམ།

 

དམངས་གྲོས་འཁོར་ལོ་རྩིབས་སྟོང་པས། དམར་པོའི་སྲིད་མཚང་གནམ་ལ་དྲངས།

 

རང་དབང་བླ་མེད་གདུགས་ཁྱིམ་ན། རང་མོས་འཚོ་བའི་དགའ་སྟོན་མང།

བདེན་དོན་མི་ནུབ་རྒྱལ་མཚན་ནི། ཆིག་སྒྲིལ་དཔུང་པས་དམ་དུ་བསྒྲེངས།

མདོ་སྨད་གཏེར་གྱི་བུམ་བཟང་ན། སྣ་ཚོགས་སྨན་གྱི་དྲི་བསུང་འཐུལ

སྙུག་ཚོགས་དུང་དཀར་རང་གྲགས་ནི། སུ་ཡིས་འབུད་ལ་རང་དབང་ཉིད།  

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི། མཛའ་མཐུན་དཔལ་བེའུས་ཀུན་ནས་སྦྲེལ།

ཀྲུང་གོའི་བོད་ཡིན་ནམ།

ཨེ་ཤེ་ཡ༌རླུང་འཕྲིན།

 

རྒྱལ་སྤྱིའི་སྐད་ཡིག་སློབ་གླིང།

རྒྱལ་སྤྱིའི་སྙུག་ཚོགས་ལ་ཞུགས་ན་གཟི་བརྗིད་ལྡན།