རང་ས་རང་ལ་འཐོབ་སླད་དང། རང་རིགས་ཁྱིམ་གཅིག་འདུ་ཕྱིར་དང། ཆོས་རིག་དར་སྤེལ་ཞི་བདེའི་གཞི། སྟོན་མཛད་དབུ་མའི་སྟོན་པར་འདུད།
ལོ་སྟོང་སྔོན་གྱི་རང་བཙན་དང། ད་ལྟའི་ཆོལ་གསུམ་དུམ་བུ་གཉིས། གནམ་སའི་ཆེ་ཆུང་ཤོར་བ་འདི། སྙོམ་ཐབས་དབུ་མའི་ལམ་བུར་སྐྱོད།
གངས་ལྗོངས་རང་དབང་རང་བཙན་དང། རང་ས་རང་རིགས་སྤྱི་དོན་ཆེད། ལུས་སྲོག་ལོངས་སྤྱོད་འབུལ་མཁན་གྱི། རྒྱལ་གཅེས་དཔའ་བོ་རྣམས་ལ་བསྟོད།
ལ་ལས་དབང་དང་ལ་ལས་རྒྱུ། ལ་ལས་ངག་དང་ལ་ལས་ལག བོད་དོན་རྒྱབ་སྐྱོར་གནང་མཁན་གྱི། རྒྱབ་དཔུང་རྣམས་ལ་བཀའ་དྲིན་ཞུ།
འབྲུག་ལོའི་ཤིས་སྨོན།
སྙན་ལྷང་ལྷང་ལྷང་ཞིག་དགུང་ནས་གྲགས།
བོད་གནམ་ལོ་གསར་བའི་རྟེན་འབྲེལ་རེད།
འབྲུག་ལྗང་ལོའི་ངར་སྐད་ལྡིར་ལྡིར་འདིས།
རྐྱེན་བར་གཅོད་ཐམས་ཅད་ཟློག་པར་སྨོན།
དམར་ལམ་ལམ་ལམ་ཞིག་བོད་ནས་འབར།
བོད་རང་དབང་སླར་གསོའི་རྟེན་འབྲེལ་རེད།
སྲོག་དམར་པོའི་མཆོད་མེའི་ཕྲེང་བ་འདིས།
སྡུག་མུན་དགུ་སེལ་བའི་བཀྲ་ཤིས་ཤོག
འོད་ཆེམ་ཆེམ་ཆེམ་ཞིག་ཤར་ནས་འཕྲོས།
ནུབ་མུན་གླིང་གསལ་བའི་རྟེན་འབྲེལ་རེད།
རྗེ་བླ་མའི་བྱིན་རླབས་འོད་སྟོང་གིས།
གླིང་ཆེན་པོར་བདེ་དགའ་རྒྱས་པར་སྨོན།།
|
༄༅། །བོད་རྒྱལ་ལོ་ ༢༠༣༩ ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༢༢ རབ་གནས་ཆུ་འབྲུག་གནམ་ལོའི་རང་ཞལ་གསར་དུ་བཞད་པའི་རྟེན་འབྱུང་ཉིན་སྔ་དྲོ་ཆུ་ ཚོད་ ༧
ཐོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཡང་སྟེང་དུ་དཔལ་ལྡན་འདོད་ཁམས་དབང་ཕྱུག་ མའི་ཚེས་གཏོར་རྟེན་འབུལ་དངོས་གཞིའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་
པོ་མཆོག་རྣམ་གྲྭའི་དགེ་འདུན་པས་སྤྱན་རྒྱ་སྤོས་སྣེས་སྔོན་བསུས་ཏེ་གཙུག་ལག་ ཁང་དུ་གནས་གཟིགས་དང་སྙན་ཤལ་སྒྲོན་འབུལ་མཛད།
དེ་རྗེས་གཙུག་ལག་ཁང་ཡང་སྟེང་གི་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་འཕྲལ་ གམ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་
གྲུབ་མཚམས་ལྷ་མོའི་གསུང་བསྐང་བཀའ་དྲིན་ཆེ་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་ མཛད་གཙོ་རྣམ་པ་དང་། སྤྱི་འཐུས་རྣམ་པ། སྲི་ཞུ་བ་ལས་ཟུར་རྣམ་པ་བཅར་ཡོད།
དེ་ནས་ཆུ་ཚོད་ ༨ ཐོག་གནམ་ལོ་གསར་བཞད་ཀྱི་ཆོས་ཕྱོགས་མཛད་སྒོ་གཙུག་ལག་ཁང་གི་ཚོམས་ཆེན་དུ་མཛད་
བཅར་བ་རྣམས་གདན་འཛོམས་རྗེས་༸གོང་ས་མཆོག་གདན་ཞུས་ཀྱིས་རྣམ་གྲྭ་གསུང་ཞབས་ རྣམས་ནས་སྐྱབས་སེམས་དང་། མཆོག་གསུམ་ཤིས་བརྗོད། བསྟན་འབར་མ།
རིས་མེད་བསྟན་རྒྱས་སྨོན་ལམ་བཅས་ལེགས་པར་གསུང་འདོན་ཟིན་གྲུབ་བསྟུན་ཁྲིམས་ ཞིབ་པ་ཆེ་བ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག
བཀའ་བློན་ཁྲི་པའི་སྐུ་ཚབ་མཆོག་བཅས་ནས་མགོན་པོ་གང་ཉིད་མཆོག་ལ་མཎྜལ་རྟེན་ གསུམ་འདེགས་འབུལ་གྲུབ་རྗེས་ཁྲིམས་ཞིབ་པས་དབུས་མཛད་གཙོ་རྣམ་པ་དང་། སྤྱི་འཐུས་རྣམ་པ། ལས་ཁུངས་ཁག་གི་ཟུང་དྲུང་ཡན་དང་།
རྒྱ་གར་གཞུང་གི་སྣེ་ཤན་སྐུ་ཚབ་སོགས་ལ་རིམ་བཞིན་མཇལ་ཁ་སྩལ་གྲུབ་མཚམས་ཚོགས་ ལངས་པ་གཉིས་ནས་ཆོས་ཀྱི་བགྲོ་གླེང་ཚུགས་རྗེས་གསོལ་ཇ་འབྲས་སིལ་འདེགས་འབུལ་ ཞུས།
དེ་ནས་བགྲོ་གླེང་པས་ཚིག་བཀྲ་བཅད་དེ་མཇལ་ཁ་ཞུས་རྗེས་བཀའ་ཁྲི་སྒྲོག་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྤྱན་རྒྱ་སྤོས་སྣེས་ཕོ་བྲང་དུ་གདན་འདྲེན་
ཞུས་ཏེ་ལོ་གསར་གྱི་རྟེན་འབྱུང་མཛད་སྒོ་ལེགས་གྲུབ་བྱུང་ཡོད་པ་བཅས།།
བོད་རབ་གནས་ཆུ་འབྲུག་ལོའི་ལོ་གསར་ཚེས་གཅིག་ཉིན་བོང་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་
ཟས་བཅད་ངོ་རྒོལ་སྤེལ་རྒྱུའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བསྒྲགས་གཏམ།
བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱིས་“༧གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་དགོས། བོད་མི་ཚོར་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་དགོས་”ཞེས།
འབོད་ཚིག་འདི་གཉིས་གཙོ་བོར་བྱས་ནས་བོད་དང་བོད་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་སྲེག་བཏང་ཡོད་པའི་ཁྲོད་ནས། ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༧
ཉིན་གྲྭ་བཀྲ་བྷེ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་བ་ནས་བཟུང། དེ་ནས་རིམ་གྱིས་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༦ ནས་ ༢༠༡༢ ཟླ་ ༢ ཚེས་ ༡༩ བར་བོད་ནང་གི་བོད་མི་སྐྱ་སེར་གྲངས་ ༢༣ དང་།
བཙན་བྱོལ་ནང་གི་བོད་མི་ ༢ བཅས་ཁྱོན་མི་གྲངས་ ༢༥ ནས་རང་ལུས་མེར་སྲེག་བཏང་ཡོད། དེ་དག་གི་ཁྲོད་ནས་བོད་ནང་བཙུན་མ་གསུམ་ཚུད་པའི་མི་གྲངས་ ༡༥ ཡི་སྐུ་སྲོག་ཤོར་ཡོད་པ་དང་།
གཞན་རྣམས་འདས་གསོན་གང་ཡིན་དང་ས་གནས་གང་ཞིག་ཏུ་བཙོན་འཇུག་དང་བཀག་ཉར་བྱས་ཡོད་མེད་ཤེས་རྟོགས་ཐུབ་མེད།
དེ་བཞིན་ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༣ རྒྱ་མིའི་ལོ་གསར་གྱི་དགའ་སྟོན་སྐབས་བོད་མི་ཚོས་མྱ་ངན་གྱི་ཞི་རྒོལ་བྱས་པས།
རྒྱ་མིའི་དྲག་ཆས་ཉེན་རྟོག་པ་སོགས་ཀྱིས་མེ་མདའ་གང་བྱུང་བརྒྱབ་ནས་བྲག་འགོ་ཁུལ་དུ་མི་ ༤ དང་། གསེར་རྟ་ཁུལ་དུ་མི་ ༢ ། ཛམ་ཐང་དུ་མི་ ༡ བཅས་ཁྱོན་མི་གྲངས་ ༧
དམར་གསོད་བཏང་ཡོད་པ་ཤེས་རྟོགས་ཐུབ་ཡོད། ད་དུང་ལོ་འདིའི་ཟླ་ ༢ ཚེས་ ༨ ཉིན་ནང་ཆེན་དང་། ཁྲི་འདུ། རྫ་སྟོད། མགོ་ལོག ཆུ་ཆེན། འབྲི་རུ།
ཆབ་ཆ་སོགས་སུའང་ལྷག་དཀར་སྲུང་བརྩི་དང་མི་མང་གི་ཞི་རྒོལ་རིམ་པར་བྱུང་ཡོད་པ་དང་། རྒྱ་གཞུང་གིས་དེང་སྐབས་བོད་ཀྱི་ས་ཁུལ་ཕལ་མོ་ཆེ་དང་།
ལྷག་པར་དུ་ཞི་རྒོལ་འབྱུང་ཡུལ་ས་གནས་ཀྱི་དྲ་ལམ་དང་ཁ་པར་བརྒྱུད་ལམ་བཙན་བཀག་གིས། མངོན་གསལ་མ་ཡིན་པའི་དྲག་པོའི་ཁྲིམས་གཞི་བསྡམས་ཡོད་སྟབས།
བོད་ཀྱི་ས་ཁུལ་འདྲ་མིན་ནང་མི་ག་ཚོད་བསད་ཡོད་མེད་དང་བཙོན་འཇུག་མནར་གཅོད་ཅི་ཙམ་བྱས་དང་བྱེད་བཞིན་ཡོད་མེད་གནས་ཚུལ་ཆ་ཚང་བ་ཞིག་ཤེས་རྟོགས་ཐུབ་མེད།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཆེས་ཛ་དྲག་གི་གནས་སྟངས་གཅིག་རྗེས་གཉིས་མཐུད་དུ་འབྱུང་བཞིན་པ་འདི་དག་ཐད་སྔ་རྗེས་སུ་རྒྱ་ནག་གཞུང་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་འབོད་སྐུལ་རིམ་པར་བྱས་ཡོད་ཅིང་།
སྤྱི་ལྷན་གྱི་གསལ་བསྒྲགས་སྔ་རྗེས་དང་། ཉེ་ཆར་ལྡི་ལིར་ཡོད་པའི་རྒྱལ་ཁབ་ཁག་གི་གཞུང་ཚབ་མི་སྣ་མཇལ་འཕྲད་ཀྱིས་ཞུ་སྙན་ཕུལ་བ་དང།
དེ་བཞིན་རྒྱ་ནག་གི་སྲིད་འཛིན་ཧུའུ་ལ་ཡོངས་བསྒྲགས་ཀྱི་སྙན་ཞུ་ཞིག་འབུལ་འགྲེམས་ཞུས་པའི་ནང་ཁ་ཚ་དགོས་གཏུགས་ཀྱི་རེ་འདུན་དོན་གནད་ཁག་ལརྒྱ་གཞུང་གིས་འཕྲལ་དུ་བསམ་ཞིབ་དགོས་པའི་རེ་སྐུལ་བསྐྱར་ནན་དུ་ཞུ་རྒྱུར།
༡༽ དམག་དཔུང་ཕོན་ཆེ་བསྐྱར་སྣོན་བྱས་པ་རྣམས་འཕྲལ་དུ་ཕྱིར་འཐེན་གྱིས་ཛ་དྲག་གནས་སྟངས་འགྲིག་འཇགས་དང་བོད་མིའི་མངོན་འདོད་ལ་བསམ་གཞིགས་ཀྱི་བྱེད་ཐབས་ལག་བསྟར་བྱེད་དགོས།
༢༽ དངོས་ཡོད་གནས་ཚུལ་རྟོག་ཞིབ་ཆེད་ཕྱོགས་ལྷུང་མེད་པའི་རང་དབང་ཅན་གྱི་སྐུ་ཚབ་བོད་ནང་གཏོང་དགོས་པ་དང།
གལ་ཏེ་དེ་ལྟར་བྱ་རྒྱུར་དཀའ་ངལ་འཕྲད་ཚེ་དངོས་ཡོད་གནས་ཚུལ་འཚོལ་ཞིབ་ཆེད་བོད་མིའི་སྐུ་ཚབ་གཏོང་དགོས།
༣༽ བོད་མི་རིགས་ཀྱི་ངོ་བོ་རྩ་མེད་འགྲོ་རྒྱུའི་སྲིད་བྱུས་དང་བྱེད་ཐབས་མཚམས་འཇོག་བྱས་ཏེ་བོད་མིར་ཆོས་དད་རང་དབང་སྤྲོད་རྒྱུ་དང་ཞི་འགྲིག་གི་ཐབས་ལམ་བསྟེན་དགོས་པ་དང།
བོད་མིའི་སེམས་ཚོར་ལ་དོ་ཕོག་གཏོང་བའི་བྱ་སྤྱོད་འགོག་ཐབས་བྱེད་དགོས།
༤༽
བོད་མི་འབྲོག་པ་རྣམས་ས་གནས་གཅིག་ཏུ་བཙན་སྡོད་བྱེད་དུ་འཇུག་པ་དེ་དག་མཚམས་འཇོག་གིས་འབྲོག་པ་ཚོའི་ཕ་མེས་ནས་བརྒྱུད་པའི་ཁོར་ཡུག་གི་གོ་རྟོགས་དེ་བཞིན་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་གཞི་ལག་བསྟར་བྱ་རྒྱུའི་ཆ་ཤས་སུ་ངེས་པར་དུ་མཉམ་ཞུགས་བྱེད་དུ་འཇུག་དགོས།
༥༽ བོད་ནང་འཛུགས་སྐྲུན་གྱི་ལས་གཞི་ཅི་འདྲ་ཞིག་ལག་བསྟར་བྱེད་སྐབས་མཐོ་སྒང་བོད་ཀྱི་ཁོར་ཡུག་འཇིག་ཉེན་ཆེ་བ་དེར་ངེས་པར་དུ་བསམ་གཞིགས་ཐོག་ས་གནས་བོད་རིགས་ཚོར་ཁེ་ཕན་ཡོད་པ་བྱེད་དགོས།
༦༽ པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གིས་གཙོས་ཆབ་སྲིད་བཙོན་པ་རྣམས་འཕྲལ་མར་གློད་བཀྲོལ་བཏང་སྟེ་འབར་མའི་སྲིད་གཞུང་ལྟར་གཞུང་དང་མང་ཚོགས་དབར་ཡིད་ཆེས་ཆེ་རུ་གཏོང་དགོས།
༧༽
བོད་མི་ཚོ་དང་གྲོས་མོལ་བསྐྱར་གསོ་བྱས་ཏེ་ཆོད་སེམས་བརྟན་པོས་བོད་ཀྱི་དཀའ་ངལ་སེལ་ཆེད་ཕུགས་རྒྱང་རིང་པོས་ཐབས་ལམ་ཐོག་ནས་བོད་དང་ཉེ་འབྲེལ་ས་ཁྱོན་ཁག་ཏུ་བརྟན་ལྷིང་གི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཐབས་བྱེད་དགོས།
དེ་བཞིན་དུ་རང་དབང་མང་གཙོའི་སྲིད་གཞུང་དང་གྲོས་ཚོགས་ནས་ཀྱང་འགྲོ་བ་མིའི་ཐོབ་ཐང་དང་།
ཡོངས་ཁྱབ་རིན་ཐང་ལ་འདི་ལྟར་རྩིས་མེད་རྡོག་རོལ་གཏོང་བའི་རྒྱ་གཞུང་གི་བྱ་སྤྱོད་རྒྱ་ཡན་དུ་མི་འགྲོ་བའི་གནོན་ཤུགས་སྤྲོད་ཐབས་ཀྱི་འགན་འཁུར་མང་ཙམ་ལེན་དགོས་པ་དང་།
རང་དབང་མང་གཙོའི་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམ་པས་དོན་ཕན་ལྡན་པའི་ནུས་ཤུགས་འདོན་རྒྱུར་ང་ཚོས་རེ་སྐུལ་ཤུགས་དྲག་ཞུ་བཞིན་ཡོད།
རྒྱལ་སྤྱིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་དང་སྒེར་བ་བཅས་ནས་ཀྱང་མུ་མཐུད་བོད་ནང་གི་ཛ་དྲག་གནས་སྟངས་གང་ཡིན་འབྲེལ་ཡོད་སོ་སོར་ར་སྤྲོད་གསལ་བཤད་དང་།
བདེན་པའི་རྒྱབ་ལངས་ངེས་པར་བྱེད་དགོས་པའི་འབོད་སྐུལ་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༢༢ ལ།།
|
འཛམ་ཐང་གི་མེ་ལྕེ།
དེ་རིང་ཚེས་༡༩་བོད་ནང་གི་ཆུ་ཚོད་ ༢
ཙམ་ལ་མདོ་སྨད་རྔ་པ་ཁུལ་འཛམ་ཐང་བར་མ་ཡུལ་ཚོ་ཆོས་རྗེ་ཚོ་བའི་སྡེ་མི་ཕ་སྤྱན་གཟིགས་དང་མ་སྙིང་མོ་གཉིས་ཀྱི་བུ་རང་ལོ་ ༡༨ ཡིན་པའི་སྣང་གྲོལ་ལགས་ཀྱིས།
ཇོ་ནང་ཛམ་ཐང་དགོན་བསམ་འགྲུབ་ནོར་བུའི་གླིང་གི་ཉེ་འཁྲིས་སུ་རང་ལུས་མེར་བསྲེགས་བཏང་སྟེ། རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་གྱིས་སྐུ་གྲོངས་ཡོད་འདུག
ཁོང་གི་སྐུ་ལུས་མེར་བསྲེགས་གཏོང་སྐབས་ས་གནས་ཉེན་རྟོག་པ་སླེབས་ཏེ་ཁོང་གི་སྐུ་ཕུང་བཙན་འཕྲོག་བྱེད་རྩིས་བྱས་ཡོད་པ་དང་།
སྐབས་དེར་ཇོ་ནང་དགོན་པའི་གྲྭ་བ་མང་པོ་འབྱོར་ཏེ་ཉེན་རྟོག་པའི་ལག་ནས་སྐུ་ཕུང་ཚུར་འཕྲོག་ཐུབ་ཡོད་འདུག ད་ལྟ་ཁོང་གི་སྐུ་ཕུང་འཛམ་ཐང་དགོན་ཆེན་དུ་ཁྱེར་ཏེ་ཕོ་ལུང་དང་བསྔོ་སྨོན་འདོན་བཞིན་ཡོད་འདུག
ཇོ་ནང་འཛམ་ཐང་དགོན་བསམ་འགྲུབ་ནོར་བུའི་གླིང་ལ་ཆོས་རྗེ་གྲྭ་ཚང་དང་། ཚེས་བཅུ་གྲྭ་ཚང་། གཙང་པ་གྲྭ་ཚང་བཅས་སྒར་ཁག་གསུམ་ཡོད་པ་དང་། ད་ལྟ་དགོན་པ་དེར་གྲྭ་བ་ ༢༥༠༠ ལྷག་ཡོད་འདུ
ཐེམ་ཆེན་རྫོང་གི་མེ་ལྕེ།
༄༅། །ད་ནངས་ཞོགས་པ་ཆུ་ཚོད་ ༦ ཙམ་ལ་ཐེམ་ཆེན་རྫོང་སེང་གེ་ཤང་བོང་སྟག་དགོན་ཆེན་ཨེ་ཝྃ་ཏ་རེ་གླིང་དགོན་པའི་ གྲྭ་དམ་ཆོས་བཟང་པོ་ལགས་ཀྱིས་རང་ལུས་ཞུགས་འབུལ་གནང་སྟེ་འདས་གྲོངས་སུ་གྱུར་ འདུག
ཁོང་ནི་ཐེམ་ཆེན་རྫོང་སེང་གེ་ཤང་རུ་ཁག་གཉིས་པའི་ཨར་རྒུར་ཚང་གི་ཕ་ཚེ་འདས་སྟག་ ལྷའི་བུ་ཡིན་ཞིང་། དགུང་ལོ་ ༣༨ ཡིན། ཁོང་ལ་སྲིང་མོ་དགུ་ཡོད་པ་དང་། མིང་སྲིང་བཅུ་ལས་ཐ་ཆུང་ཡིན་འདུག ཁོང་ ༡༩༩༤
ལོར་རྒྱ་གར་དུ་ཕེབས་ཏེ་འབྲས་སྒོ་མང་ཀླུ་འབུམ་དུ་ཆོས་ཞུགས་ཀྱིས་ ༡༩༩༧ ལོར་བོད་ལ་ཕྱིར་ལོག་གནང་འདུག
ལོ་ཤས་གོང་ནས་རྒྱ་གཞུང་གིས་ས་གནས་དེར་དངུལ་གྱི་གཏེར་ཁ་ཡོད་པ་བརྩད་ཆོད་དེ་ སྔོག་འདོན་བྱེད་རྩིས་སྐབས། བོང་སྟག་དགོན་པའི་གྲྭ་སྐལ་བཟང་གིས་དེར་འགོག་རྒོལ་གྱི་འཁོར་ཐག་ཅིག་བཀྲམས་པར་
འཇུ་བཟུང་གིས་ལོ་གཅིག་དང་ཕྱེད་ཀའི་ཁྲིམས་ཆད་བཅད་དེ་ད་བར་ནང་མི་སུར་ཡང་ཐུག་ འཕྲད་བྱེད་དུ་བཅུག་མི་འདུག གནས་ཚུལ་དེ་དག་གི་རྐྱེན་པས་དེང་སང་བོང་སྟག་དགོན་པར་ལྕགས་ཁྲབ་འཁོར་ལོ་དང་
དམག་མིའི་མོ་ཊ་ཆེད་ཁྲིད་ཀྱིས་རྒྱ་དམག་འབོར་ཆེན་འབྱོར་ནས་དམ་དྲག་བྱེད་མུས་ ཡིན་ཞིང་། སྨོན་ལམ་འཚོགས་མི་ཆོག་པ་དང་། གྲྭ་བ་ཚོས་རྣམ་འགྱུར་ཡག་པོ་མ་བསྟན་ན་དགོན་པ་སྒོ་རྒྱག་རྒྱུའི་སྡིགས་ར་ཡང་
བསྐུལ་ཡོད་འདུག
ད་ལྟའི་ཆར་རྒྱ་མི་ལས་བྱེད་དང་དམག་མིས་གྲྭ་ཤག་རེ་རེ་བཞིན་བསྐོར་ཏེ་གྲྭ་དམངས་ ལ་བསུན་གཙེར་དང་དམ་དྲག་བྱེད་བཞིན་ཡུལ་དགོན་ཚང་མ་ཧ་ཅང་དངངས་སྐྲག་ཚབས་ཆེའི་ ངང་གནས་ཡོད་འདུག
སྤྱི་འཐུས་ལྷན་ཚོགས་ནས་ཆེས་ཛ་དྲག་གི་གནས་སྟངས་གཅིག་རྗེས་གཉིས་མཐུད་དུ་ འབྱུང་བཞིན་པ་འདི་དག་ཐད་སྔ་རྗེས་སུ་རྒྱ་ནག་གཞུང་དང་རྒྱལ་སྤྱིའི་སྤྱི་ཚོགས་ ལ་འབོད་སྐུལ་རིམ་པར་བྱས་ཡོད་ཅིང་།
སྤྱི་ལྷན་གྱི་གསལ་བསྒྲགས་སྔ་རྗེས་དང་། ཉེ་ཆར་རྒྱ་ནག་གི་སྲིད་འཛིན་ཧུའུ་ལ་ཡོངས་བསྒྲགས་ཀྱི་སྙན་ཞུ་ཞིག་འབུལ་འགྲེམས་ ཞུས་པའི་ནང་ཁ་ཚ་དགོས་གཏུགས་ཀྱི་རེ་འདུན་དོན་གནད་ ༧
འཁོད་པ་དེ་དག་ཐོག་རྒྱ་གཞུང་གིས་བསམ་ཞིབ་མ་ལན་མ་འགྱོད་པ་ཞིག་དགོས་པའི་རེ་ འདུན་བསྐྱར་ནན་ཞུ་རྒྱུ་ཡིན་ལ། ཛ་དྲག་གི་གནས་སྟངས་ཞི་འཇགས་ཆེད།
རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་ལ་གནོན་ཤུགས་སྤྲོད་ཐབས་ཀྱི་འགན་འཁུར་མང་ ཙམ་ལེན་དགོས་པ་དང་། རང་དབང་མང་གཙོའི་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམ་པས་དོན་ཕན་ལྡན་པའི་ནུས་ཤུགས་
འདོན་རྒྱུར་ང་ཚོས་རེ་སྐུལ་ཤུགས་དྲག་ཞུ་བཞིན་ཡོད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡༧ ལ།།
བོད་དོན་སྐོར་གྱི་བསྒྲགས་གཏམ་ཞིག
ཉེ་ལམ་རྒྱ་ནག་སྲིད་འཛིན་གཞོན་པ་ཞིས་ཅིན་ཕིན་ཨ་རིར་རྒྱལ་དོན་འཚམས་གཟིགས་སུ་སྐྱོད་བཞིན་པའི་སྐབས་དང་བསྟུན་ཏེ།
ཨ་རིར་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཞིས་ཅིན་ཕིན་ལ་ངོ་རྒོལ་སྐད་འབོད་བྱས་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༤
ཉིན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་འཐུས་མི་ཁ་སི་ཊོམ་ཁ་རི་ལགས་དང་ཤཱ་རི་བྷོ་རོན་ལགས་གཉིས་ཀྱིས།
བོད་ཀྱི་གནད་དོན་ཐོག་རྒྱ་ནག་སྲིད་འཛིན་གཞོན་པར་འབོད་སྐུལ་བསྒྲགས་ཡིག་ཅིག་སྤེལ་འདུག
བསྒྲགས་ཡིག་དེའི་ནང་དུ། " རྒྱ་གཞུང་གིས་རྒྱ་ནག་ནང་ཁུལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། རྒྱ་ནག་ནང་ཁུལ་གྱི་ཁྲིམས་ལུགས་དབང་བསྒྱུར་ལམ་སྲོལ་གཉིས་ཡར་རྒྱས་གཏོང་དགོས་ལ།
མ་འོངས་པར་སྐུ་ཞབས་ཞིས་ཅིན་ཕིན་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དུ་བསྐོ་བཞག་བྱ་རྒྱུ་ཡིན་སྟབས། སྲིད་འཛིན་ཧུའུ་ཅིན་ཐའོ་གཙོས་པའི་དེ་སྔའི་རྒྱ་ནག་སྲིད་འཛིན་རྣམས་ཀྱི་བྱ་སྤྱོད་དང་མི་འདྲ་བར། རྒྱ་ནག་ནང་དོན་དངོས་དང་མཐུན་པའི་འགྱུར་བ་ཆེན་པོ་ཞིག་གཏོང་ཐུབ་རྒྱུར་རེ་བ་ཆེན་པོ་ཡོད་ ”
ཅེས་འཁོད་འདུག
ཡང་བསྒྲགས་ཡིག་དེའི་ནང་། “ དེང་སྐབས་བོད་ནང་རྒྱ་གཞུང་གིས་དྲག་གནོན་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད། ལྷག་པར་དུ་གསར་འགྱུར་བརྒྱུད་ལམ་དང་དྲ་རྒྱ་སོགས་ལ་བཀག་སྡོམ་ནན་མོ་བྱེད་ཀྱི་ཡོད།
ང་ཚོས་ཤེས་རྟོགས་བྱུང་བ་ལྟར་ན།
ད་བར་རྒྱ་གཞུང་གི་དྲག་གནོན་འོག་བོད་ནང་བོད་མི་ ༢༠ ལྷག་གིས་རང་ལུས་མེར་བསྲེགས་བཏང་ཡོད་ལ། གནད་དོན་དེ་དག་ནི་རྒྱ་གཞུང་གིས་བོད་ནང་དྲག་པོའི་སྲིད་བྱུས་ལག་བསྟར་བྱས་ཏེ། བོད་མིའི་ཆོས་དང་རིག་གཞུང་རྩིས་མེད་རྡོག་རོལ་བཏང་བ་ལས་བྱུང་བ་ཞིག་རེད། བོད་མི་ཞི་རྒོལ་བའི་སྟེང་མེ་མདའ་བརྒྱབ་སྟེ་དྲག་གནོན་བྱས་པ་དེར་ང་ཚོའི་ངོས་ནས་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད། བོད་ནང་དོན་དམ་གྱི་ཞི་བདེ་དང་བརྟན་བརླིང་ཞིག་དགོས་ན། ༸ཏཱ་ལའི་བླ་མ་ལས་ལྷག་པའི་མི་གཅིག་ཀྱང་མེད་སྟབས།
རྒྱ་ནག་གཞུང་གིས་༧ཏཱ་ལའི་བླ་མ་མཆོག་ལ་སྐྱོན་བརྗོད་ཁོ་ན་བྱ་རྒྱུའི་ཚབ་ཏུ། དངོས་ཡོད་གནས་ཚུལ་ལ་ངོས་འཛིན་གསལ་པོ་བྱས་ཏེ་བོད་མི་ཚོར་རང་སྐྱོང་ཚད་ལྡན་ཞིག་སྤྲོད་དགོས་པ་རེད་”
ཅེས་འཁོད་འདུག
མདོ་བ་འབྲོག་ཁུལ་གྱི་མང་ཚོགས་ཚོས་རང་ལུས་མེར་བསྲེགས་གཏོང་མཁན་དག་ལ་མྱ་ངན་མཆོད་འབུལ་དང་།
ཤུལ་ལུས་ནང་མིར་སྐྱིད་སྡུག་མཉམ་མྱོང་མཚོན་ཆེད་ལོ་གསར་ལ་སྤྲོ་སྐྱིད་བཏང་མེད་པ་མ་ཟད། ལོ་གསར་གྲོལ་བའི་ཉིན་མར་མེ་ཁྲོམ་སྐོར་དང་རྒྱ་ནག་གི་རྒྱལ་དར་མར་ཕབ་སྟེ་ངོ་རྒོལ་གནང་ཡོད་འདུག
ཉེ་ལམ་གསར་འགོད་པས་བོད་ཨ་མདོ་རྨ་ལྷོ་ཁུལ་རེབ་གོང་མདོ་བ་ས་ཁུལ་གྱི་མིང་བརྗོད་འདོད་མེད་མཁན་ཞིག་དང་དྲ་ཐོག་ནས་གླེང་མོལ་བྱས་ཏེ་ཁོང་གིས་ཕ་ཡུལ་གྱི་གནས་ཚུལ་འགའ་ངོ་སྤྲོད་གནང་བ་ལྟར་ན། ཉེ་ལམ་ཨ་མདོའི་ལོ་གསར་ལ་ཉེ་བའི་བོད་ལོའི་གནམ་གང་དགོང་མོ་སྟེ།
ལུགས་རྙིང་གི་ཟླ་ ༡༢ པའི་ཚེས་ ༢༩ ཉིན་རྨ་ལྷོ་ཁུལ་རེབ་གོང་མདོ་བ་འབྲོག་༼
མདོ་སྔགས་དར་རྒྱས་གླིང་༽ཞེས་པའི་དགོན་པར་ས་གནས་དེའི་སྐྱ་སེར་མི་མང་ ༤༠༠ ལྷག་འདུ་འཛོམས་གནང་སྟེ།
འདས་ལོའི་ནང་བོད་ས་སྟོད་སྨད་བར་གསུམ་དུ་དོན་རྐྱེན་སྣ་ཚོགས་ཤིག་བྱུང་བ་དང་།
ལྷག་པར་དུ་བོད་མི་རིགས་ཀྱི་མདུན་ལམ་ཆེད་རང་ལུས་མཆོད་འབུལ་གནང་ཟིན་པའི་སྤུན་ཟླ་ཕོ་མོ་དག་ལ་མྱ་ངན་གུས་འདུད་མཚོན་ཆེད་མར་མེ་མཆོད་འབུལ་རྒྱ་ཆེན་ཞིག་གནང་ཡོད་ཅིང་།
དེ་དང་མཉམ་དུ་ཚེ་སྲོག་ཤོར་ཟིན་པ་དག་གི་ནང་མི་གཉེན་འབྲེལ་དག་ལ་སྐྱིད་སྡུག་མཉམ་མྱོང་མཚོན་སླད། ས་གནས་བོད་རིགས་ཡོངས་ཀྱིས་ད་ལོའི་ལོ་གསར་ལ་སྤྲོ་སྐྱིད་མི་གཏོང་རྒྱུའི་དམ་བཅའ་ཕུལ་ཡོད་འདུག
ལོ་གསར་ཚེས་གཅིག་ཉིན་ས་གནས་ཀྱི་(ཏང་ཡོན)ཟེར་བའི་གུང་ཁྲན་ཏང་གི་ཚོགས་མི་རེ་ཟུང་གིས་ཤོག་སྦག་སྒྲོན་པ་སོགས་བྱས་ཏེ།
བོད་རིགས་ནང་ཁུལ་གྱི་གྲོས་དོན་ལ་མ་གནས་པར་ལོ་གསར་ལ་སྤྲོ་སྐྱིད་གཏོང་གི་ཡོད་པའི་རྣམ་པ་ཐོན་ཡོད་སྟབས། གྲོང་སྡེའི་མི་མང་རྣམས་ཁོང་ཁྲོ་ཆེན་པོ་ལངས་ཡོད་འདུག རྒྱུ་མཚན་དེ་ལ་བརྟེན་ཏེ། ལོ་གསར་གྲོལ་བའི་ཉིན་སྟེ།
ཚེས་ ༡༦ ཉིན་བོད་མི་མང་པོ་ཞིག་མདོ་བ་འབྲོག་སྡེའི་ཞང་སྲིད་གཞུང་གི་ལས་ཁུངས་མདུན་དུ་འཛོམས་ཏེ།༧གོང་ས་མཆོག་གི་སྐུ་པར་དང་བོད་ཀྱི་རྒྱལ་དར་བཟུང་ནས་མར་མེ་ཁྲོམ་སྐོར་ཞིག་བྱས་ཡོད་པ་མ་ཟད། “ང་ཚོར་ཆོས་དད་རང་དབང་ཡོད་པ་བདེན་པ་ཡིན་ན། ༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་” ཞེས་པའི་འབོད་ཚིག་བསྒྲགས་ཤིང་། ཞང་སྲིད་གཞུང་མདུན་གྱི་རྒྱ་ནག་གི་རྒྱལ་དར་མར་ཕབ་སྟེ་བཤགས་རྗེས། དེ་སྔ་ལོ་གསར་ཚེས་གཅིག་ཉིན་ཤོག་སྦག་སྒྲོན་མཁན་ཏང་ཡོན་ཁྱིམ་ཚང་དག་གི་སྒོ་རྭའི་ནང་གཡུགས་ཡོད་འདུག
གནས་ཚུལ་ཁོ་སྤྲོད་པས་མུ་མཐུད་དུ་མདོ་བ་ས་ཁུལ་གྱི་དཀའ་ངལ་གཞན་ཞིག་ངོ་སྤྲོད་གནང་བ་ལྟར་ན།
རྒྱ་ནག་གཞུང་གིས་འདས་པའི་ལོ་འགའ་སྔོན་ནས་བོད་པའི་འབྲོག་པ་རྣམས་(གྲོང་བརྡལ་ཅན)་དུ་བསྒྱུར་བ་དང་། ས་གནས་རེ་ཟུང་ནང་(མཉམ་ལས་ཁང)གསར་འཛུགས་བྱེད་ཀྱི་ཡོད་པ་ལྟར།
མདོ་བ་འབྲོག་ཁུལ་དུ་རྒྱ་གཞུང་གིས་མཉམ་ལས་ཁང་ཐོག་མར་ལག་བསྟར་བྱས་པའི་ས་ཁུལ་ཞིག་ཆགས་ཡོད་པ་དང་། ས་གནས་མི་མང་ཚོས་མཉམ་ལས་ཁང་ཟེར་བ་དེ་ལ་ཡིད་ཆེས་རྩ་བ་ནས་བྱེད་ཀྱི་མེད་ཀྱང་།
སྲིད་གཞུང་གིས་ས་གནས་དཔོན་རིགས་དང་བོད་རིགས་ལས་བྱེད།
དེ་བཞིན་སྡེ་བའི་ནང་གི་ཏང་མི་དང་སྡེ་དཔོན་བླ་ཚོང་བ་འགའ་རེར་ལྐོག་རྔན་སྤྲད་དེ་མང་ཚོགས་ལ་གཡོ་ཐབས་ཀྱིས་མཉམ་ལས་ཁང་དུ་འཛུལ་དགོས་པའི་སྐུལ་སློང་བྱེད་ཀྱིན་ཡོད་འདུག
དེང་སྐབས་མདོ་བ་འབྲོག་ཁུལ་དུ་ཁྱོན་བསྡོམས་དུད་ཁྱིམ་ཆིག་སྟོང་ ༡༠༠༠ ལྷག་ཡོད་པ་ལས་བརྒྱ་ཆ་ ༤༠ ཙམ་ཞིག་རྒྱ་གཞུང་གི་གཡོ་འོག་ཏུ་ཚུད་དེ་མཉམ་ལས་ཁང་དུ་འཛུལ་ཡོད་ཀྱང་། རྗེས་སུ་རིམ་གྱིས་རྒྱ་གཞུང་གི་སྲིད་ཇུས་དེའི་རང་མདོག་མཐོང་ཡོང་སྐབས། མང་པོ་ཞིག་གིས་མཉམ་ལས་ཁང་ནས་ཕྱིར་ཐོན་ཐབས་བྱེད་ཀྱི་ཡོད་ཀྱང་། ད་ཆར་རང་དབང་གིས་ཕྱིར་ཐོན་ཆོག་ཆོག་ཅིག་མེད་པའི་དཀའ་ངལ་འཕྲད་བཞིན་ཡོད་འདུག གནས་ཚུལ་མཁོ་སྤྲོད་པས་བརྗོད་དོན། “
ལས་གཞི་འདིའི་ཐོག་ས་གནས་བོད་རིགས་ལས་བྱེད་དང་ཤེས་ལྡན་མི་སྣ་ཚོས་ཀྱང་ནུས་པ་དེ་ཙམ་འཐོན་ཐུབ་ཀྱི་མི་འདུག གང་ཡིན་ཟེར་ན། མ་གཞི་བོད་པའི་འབྲོག་ཁུལ་གྱི་སློབ་གསོ་རྗེས་ལུས་ཡིན་པ་དང་།
ཡང་སྒོས་བོད་རིགས་ལས་བྱེད་ཚོར་དབང་ཚད་མེད་པའི་རྐྱེན་གྱིས་མང་ཚོགས་ལ་སྣེ་འཁྲིད་ཀྱི་ནུས་པ་མི་འདུག ལྷག་པར་དུ་མཉམ་ལས་ཁང་ཟེར་བ་དེ་ཚུགས་ཆེད་རྒྱ་དམར་གྱིས་བོད་རིགས་ལས་བྱེད་པ་དང་། སྡེ་དཔོན་སོགས་ལ་མི་མང་ལ་སྐུལ་སློང་གིས་མཉམ་ལས་ཁང་དུ་འཛུལ་ཐུབ་ཚེ་གོ་ས་སྤར་བ་དང་ཟླ་ཕོག་སྤར་བ་སོགས་ཀྱི་བསླུ་ཐབས་སྣ་ཚོགས་བཀོལ་ཏེ། ད་ཆ་བོད་རིགས་ནང་ཁུལ་དུ་ཡང་མི་མཐུན་པའི་གནས་ཚུལ་རེ་ཟུང་ཡོང་གི་འདུག” ཅེས་བརྗོད་བྱུང་།
ཡང་གསར་འགོད་པས་མཉམ་ལས་ཁང་ཟེར་བ་དེའི་ངོ་བོ་དང་ལས་ཀ་གང་འདྲ་ཡོད་མེད་དང་། ས་གནས་མང་ཚོགས་ཚོས་མཉམ་ལས་ཁང་ལ་ཡིད་ཆེས་མི་བྱེད་པའི་རྒྱུ་མཚན་གང་ཡིན་སོགས་དྲིས་པའི་ལན་དུ།
ཁོང་གིས་(མཉམ་ལས་ཁང་)ཟེར་བ་དེ་ནི་མ་རྩ་མཉམ་འཇོག་གི་ལས་གཞི་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་གཙོ་བོ་ནི། བོད་རིགས་ཚོའི་ས་ཞིང་དང་ཕྱུགས་ཟོག དངུལ་སྒོར་ཡོངས་རྫོགས་ཚོགས་པ་ལྟ་བུའི་མཉམ་ལས་སྡེ་ཚོགས་སམ། ཡང་ན་ཚོང་པ་ཞིག་ལ་མ་རྩར་མཁོ་སྤྲོད་བྱས་ཏེ། མ་རྩ་དེ་དག་མི་གཅིག་གམ་ཡང་ན་ཚོགས་པ་ཞིག་གིས་འགན་གཙང་ལེན་གྱིས་མི་མང་ལ་བརྒྱ་ཆའི་དོད་ཀྱི་སྐྱེད་ཀ་ལྟ་བུ་ཞིག་ཐོབ་པར་བྱ་དགོས་པ་ཞིག་ཡིན་འདུག
སྲིད་གཞུང་གིས་ལས་བྱེད་རུ་ཁག་ས་གནས་སུ་ཆེད་གཏོང་གིས་མཉམ་ལས་ཁང་ལག་བསྟར་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་གཞུང་གི་མགྲིན་ཚབ་པར་གྱུར་ཡོད་པའི་བོད་ཁུལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་ཀྱང་།
ལས་གཞི་དེ་ལ་གཞོགས་འདེགས་བྱས་ཏེ། “ས་གནས་བོད་རིགས་མང་ཚོགས་ཕྱུག་འགྱུར་གྱི་ལམ་དུ་ཁྲིད་པའི་མཉམ་ལས་ཁང་” ཞེས་དྲིལ་བསྒྲགས་ཤུགས་ཆེན་བྱེད་ཀྱི་ཡོད་འདུག
འོན་ཀྱང་། བོད་མི་ཚོས་ལས་གཞི་དེ་ནི་རྒྱ་དམར་སྲིད་གཞུང་གི་གཡོ་ཇུས་ཤིག་སྟེ། བོད་མི་ཚོས་རང་ཁ་རང་གསོ་དང་རང་མགོ་རང་ཐོན་གྱི་གཏན་འཇགས་འཚོ་བ་ལ་གཏོག་བཤིག་གཏོང་ཐབས་དང་། རྒྱ་གཞུང་གི་དཔལ་འབྱོར་བསླུ་བྲིད་འོག་བོད་མིའི་འཚོ་བའི་འདུ་ཤེས་གཏོར་ཐབས། བོད་པ་ནང་ཁུལ་དཀྲུག་ཤིང་བྱེད་པ། དེ་བཞིན་སྲིད་གཞུང་གི་བཀོད་འདོམས་སྟངས་འཛིན་འོག་བཅུག་བདེ་བའི་ཆེད་སོགས་ཡིན་པ་ལས།
བོད་པར་འཕྲལ་ཕུགས་ཀྱི་ཁེ་ཕན་ཡོད་པ་ཞིག་རྩ་བ་ནས་མིན་ཚུལ་གླེང་སློང་བྱེད་ཀྱི་ཡོད་འདུག
ཨ་རིའི་ས་གནས་གསར་འགོད་པ། སངས་རྒྱས་བཀྲ་ཤིས

དེ་རིང་ཉིན་རྒྱབ་བོད་ནང་ གི་ཆུ་ཚོད་ ༢།༣༠ཙམ་ལ་བོད་མདོ་སྨད་རྔ་པ་རྫོང་གཅའ་ཞང་ནག་ཚང་མའི་བཛྲི་ཚང་གི་ཕ་བཛྲི་དང་མ་ པད་དཀར་གཉིས་ཀྱི་བུ་རང་ལོ་ ༡༩
ཡིན་པའི་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་རྒྱ་མཚོ་ལགས་ཀྱིས་རང་ལུས་མེར་ བསྲེགས་བཏང་འདུག
གྲྭ་བློ་བཟང་རྒྱ་མཚོ་ ལགས་ཀྱིས་རྔ་པ་རྫོང་རྫོང་མཁར་གྱི་གཞུང་ལམ་དབུས་མའི་མགོ་སྟོད་ནས་རང་ལུས་མེར་
བསྲེགས་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་འདུག་ཀྱང་། སྐབས་ཐོག་དེར་དྲག་ཆས་ཉེན་རྟོག་པ་དང་དམིགས་བསལ་ཉེན་རྟོག་པ་སོགས་སླེབས་ཏེ་
ཁོང་གི་སྐུ་ལུས་ལ་འབར་གྱིན་པའི་མེ་བསད་དེ་གཅར་རྡུང་གཏོང་བཞིན་བཙན་ཁྲིད་བྱས་ འདུག་པས་ཤི་གསོན་གྱི་གནས་ཚུལ་ཤེས་རྟོགས་མ་བྱུང་། ཁོང་ཚང་ལ་ནང་མི་ ༧ དང་མིང་སྲིང་ ༤ ཡོད་པའི་ཁོང་ནི་ཆེ་ཤོས་ཡིན་ཞིང་།
ཁོ་རང་འཛིན་གྲྭའི་ནང་གི་སློབ་སྦྱོང་དང་སྤྱོད་ལམ་ཡག་ཤོས་ཤིག་དང་། ཚོགས་གླེང་ཐེངས་མང་གནང་མྱོང་མཁན་ཞིག་ཡིན་འདུག
ས་གནས་དེ་ག་རང་ནས་བོད་ པའི་ཕོ་སར་གཉིས་ལ་གཅར་རྡུང་དྲག་པོ་བཏང་ཞིང་གཅིག་མང་ཚོགས་ཀྱི་རམ་འདེགས་འོག་ ཐར་ཙམ་བྱུང་ཡོད་ནའང་།
གཞན་དེ་ཉེན་རྟོག་པ་གཉིས་ཀྱིས་གཡས་གཡོན་ནས་བཀྱགས་ཁྲིད་འགྲོ་སྐབས། མེ་འཁོར་གྱིས་མིས་མཐོང་བར་ཁོ་བོའི་ལག་པ་དང་མགོ་རུ་ཁྲག་མང་པོ་འཐོན་བཞིན་ འདུག་ཟེར།
དེ་མིན་གྲྭ་པ་ཞིག་ཀྱང་གཅར་རྡུང་དྲག་པོ་བཏང་བའི་གནས་ཚུལ་ཡོད་ཀྱང་ཁོང་རྣམས་ ཀྱི་མིང་དང་ས་གནས་སོགས་ཤེས་རྟོགས་མ་ཐུབ།
དོན་རྐྱེན་དེའི་རྗེས་ སུ་རྔ་པའི་རྫོང་མཁར་གྱི་གཞུང་ལམ་དུ་འགྲེམས་འཇོག་བྱས་ནས་ཡོད་པའི་དྲག་ཆས་ཉེན་
རྟོག་པ་དང་དམིགས་བསལ་ཉེན་རྟོག་པ་སོགས་ཀྱིས་རང་ཐད་ནས་བཀག་བསྡོམས་བྱས་ཏེ་དོན་ རྐྱེན་བྱུང་སའི་ས་གནས་སུ་མི་མང་འགྲོ་བཅུག་མེད་པ་དང་།
རྫོང་མཁར་དུ་འགྲོ་སའི་ཕྱོགས་ཚང་མར་སྔར་ནས་ཡོད་པའི་ཞིབ་བཤེར་ས་ཚིགས་རྣམས་ནས་ ཕར་འགྲོ་ཚུར་འོང་གི་བོད་མི་རྣམས་ལ་ཞིབ་བཤེར་བྱས་པ་སོགས་དམ་དྲག་བྱེད་ཤུགས་ ཆེ་རུ་བཏང་ཡོད་འདུག
གནས་ཚུལ་གཏོང་མཁན། གྲྭ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་།
ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡༡ ཉིན་གྱི་བོད་ནང་གི་དགོང་མོའི་དུས་ཚོད་ ༦ ཙམ་རྔ་པ་རྫོང་རྭ་རུ་བའི་མདོ་ཤིས་སྐལ་རྒྱམ་ཚང་གི་མ་མའི་བཙུན་དགོན་གྱི་བཙུན་
མ་བསྟན་འཛིན་ཆོས་སྒྲོན། རང་ལོ་ ༡༨ ། ཕ་མིང་ལ་བློ་པེ་དང་། མ་མིང་ལ་ཚེ་པོ་ཡིན་པ་ཁོང་མོས་བཙུན་དགོན་ཞོལ་གྱི་བསུ་མདོའི་ཟམ་ཁ་ནས་རང་ལུས་ མེར་སྲེག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཤིང་།
སྐབས་ཐོག་དེར་གྲོངས་མེད་ནའང་། དེ་མ་ཐག་དམག་མི་དང་ཉེན་རྟོག་པ་སླེབས་ནས་འབར་ཁམས་སུ་ཐད་ཀར་ཁྱེར་ཡོད་འདུག ཁོང་མོ་ཆུང་ཆུང་སྐབས་གཅའ་ཞང་ཐོག་ནས་ལོ་ ༣ ཙམ་རིང་སློབ་གྲྭར་སོང་ཞིང་།
དེ་རྗེས་རྔ་སྟོད་མ་མའི་བཙུན་དགོན་དུ་བཙུན་མ་བྱས་འདུག ཁོང་མོར་ནང་མི་ ༡༢ ཡོད་པ་དང་། མིང་སྲིང་བཞི་ཡོད་པའི་ཆེ་ཤོས་ཁོང་མོ་ཡིན་འདུག
རྒྱུན་ལྡན་སྨྲ་བ་ཉུང་ཞིང་དགོན་པའི་སྒྲིག་ལམ་ཚུལ་བཞིན་སྲུང་ནས་སློབ་སྦྱོང་ལ་ དོ་སྣང་ཆེན་པོ་དང་སློབ་སྦྱོང་གི་གྲུབ་འབྲས་ཧ་ཅང་ཡག་པོ་ཡོད་མཁན་གྱི་དཔའ་ འཛངས་གཉིས་ལྡན་གྱི་བུ་མོ་ཡ་རབ་ཞིག་ཡིན་འདུག
དེ་རྗེས་དམག་མི་དང་ཉེན་རྟོག་པས་མ་མའི་བཙུན་དགོན་ཡོངས་སུ་བསྐོར་ནས་དམ་དྲག་ ཆེན་པོ་བྱས་ཡོད་པས་བཙུན་དགོན་ནང་གི་གནས་ཚུལ་ཤེས་རྟོགས་མ་བྱུང་།
མ་མའི་བཙུན་དགོན་ནི་བདེ་ཆེན་ཆོས་འཁོར་གླིང་ནི་རྔ་པ་རྫོང་དང་བར་ཐག་སྤྱི་ལེ་ གསུམ་ལྷག་གི་ས་ན་ཡོད་པའི་རྔ་པའི་བཙུན་དགོན་ཆེ་ཤོས་དེ་ཡིན་ཞིང་། དེང་སྐབས་བཙུན་མ་ ༣༥༠ ལྷག་ཡོད། ལོ་སྔོན་མའི་ཕྱི་ཟླ་ ༡༠ ཚེས་
༡༧ ཉིན་བཙུན་དགོན་འདིའི་བཙུན་མ་བསྟན་འཛིན་དབང་མོ་ལགས་ཀྱིས་རང་ལུས་མེར་སྲེག་ གིས་ངོ་རྒོལ་སྐད་འབོད་གནང་ཞིང་། དེ་མ་ཐག་འདས་གྲོངས་སུ་གྱུར་ཡོད། ཕྱི་ལོ་ ༢༠༠༨
ལོར་བཙུན་དགོན་གྱི་བཙུན་རྣམས་ཀྱིས་ནང་པའི་ཆོས་དར་དང་༸གོང་ས་མཆོག་གི་སྐུ་པར་ བཟུང་ནས་རྔ་པའི་ཁྲོམ་ས་ཡོངས་ལ་ཞི་བའི་གོམས་བགྲོད་གནང་ཞིང་དེ་རྗེས་བཙུན་མ་ མང་པོ་འཛིན་བཟུང་བཀག་ཉར་དང་།
བཙུན་མ་ཁག་ཅིག་ལ་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་ཀྱང་བཅད་མྱོང་ཡོད་པ་བཅས།
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས།

རྨ་མགུར་སངས་རྒྱམ།
ཨ་རིའི་རྦེར་ཁེ་ལེལ་ གྲོང་ཁྱེར་འཐུས་མི་ལྷན་ཚོགས་ཀྱིས་སྤྱི་མོས་ཀྱི་སྒོ་ནས་བོད་ནང་གི་རང་ལུས་
མེར་བསྲེག་གི་གནད་དོན་དུ་གྱུར་བའི་སྔོན་ཆད་བྱུང་མ་མྱུང་བའི་ངོ་རྒོལ་ལས་ འགུལ་དེ་ལ་གྲོས་ཆོད་གསར་བ་ཞིག་བཞག་ཡོད་པ་རེད། དེ་ཡང་ཨ་རིའི་ཁ་ལི་ཧྥོར་ནི་ཡའི་སློབ་གྲྭ་ཆེན་མོའི་སློབ་མ་རབ་འབྱམས་པ་ཞིག་
དང་ས་གནས་དེའི་ཞི་བདེ་དང་དྲང་བདེན་ལྷན་ཁང་གི་དྲུང་ཆེ་ལགས་གཉིས་ཀྱིས་འབད་ བརྩོན་གནང་བ་དང་མཉམ་ལས་ཀྱི་སྒོ་ནས་བོད་ནང་གི་རང་ལུས་མེར་བསྲེག་གི་ལས་འགུལ་
ལ་ལན་འདེབས་ཀྱི་ཚུལ་དུ་རྦེར་ཁེ་ལེལ་གྲོང་ཁྱེར་འཐུས་མི་ལྷན་ཚོགས་ལ་ལེགས་ འབུལ་གནང་བའི་འཆར་ཟིན་དེ་ལ་རྦེར་ཁེ་ལེལ་གྲོང་ཁྱེར་འཐུས་མི་ལྷན་ཚོགས་ཀྱི་
ཚོགས་འདུའི་ཐོག་ཏུ་ཚོགས་མི་ཡོངས་ཀྱིས་ཁྲིམས་ཞིག་གི་ངོ་བོར་གྲོས་ཆོད་གཏན་ འབེབས་གནང་བ་རེད།
དེས་གཏན་འབེབས་གནང་ བའི་གྲོས་ཆོད་ཀྱི་ནང་དུ་བོད་ཀྱི་རང་ལུས་མེར་བསྲེག་གི་གནད་དོན་འདི་ནི་བོད་
རིགས་མི་དམངས་ལ་རྒྱ་ནག་གིས་དྲག་གནོན་བྱས་པའི་ན་ཟུག་ལས་ཕྱིར་མངོན་པའི་རྟགས་ མཚན་ཞིག་ཡིན་པར་བཤད་པ་དང་། ད་དུང་དེའི་ནང་དུ་བེར་ཁེ་ལེལ་ཡུལ་མི་རྣམས་དང་གྲོང་ཁྱེར་འཐུས་མི་ལྷན་ཚོགས་
ཀྱིས་དུས་རྟག་ཏུ་འཛམ་གླིང་མི་དམངས་ཀྱི་འདྲ་མཉམ་རྨང་གཞི་བཟུང་བའི་ཞི་བདེ་དང་ དྲང་བདེན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་ད་ནས་བོད་ཀྱི་སྔོན་གཤེགས་དཔའ་བོ་
དང་དཔའ་མོ་རྣམས་ཀྱི་སྙིང་སྟོབས་ནི་ཆེས་མཆོག་ཏུ་གྱུར་བའི་གཟི་བརྗིད་ཅིག་ཡིན་ པར་ངོས་འཛིན་བྱེད་ཅིང་། ཨ་རིའི་སྲིད་འཛིན་ཨོ་རྦ་མའི་འཛིན་སྐྱོང་ལྷན་ཁང་ལ་ང་ཚོས་འབོད་སྐུལ་ཞུ་བཞིན་ ཡོད་པ་ནི།
ཁྱེད་ཚོས་རྒྱ་ནག་སྲིད་གཞུང་ལ་ནན་སྐུལ་དང་གནོན་ཤུགས་སྤྲད་ནས་རྒྱ་ནག་སྲིད་ གཞུང་གིས་བོད་ཀྱི་རྔ་བ་དང་དཀར་མཛེས་ས་ཁུལ་གཉིས་ལ་རྒྱལ་སྤྱི་གསར་འགོད་ལས་
རིགས་དང་རང་དབང་ལྡན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་མི་སྣ་བཅས་རྟོག་ཞིབ་བྱེད་དུ་ བསྐྱོད་པར་ཆོག་མཆན་བརྒྱག་པ་དང་། ད་དུང་བོད་ཀྱི་ཤར་ཕྱོགས་ས་ཁུལ་དེ་དག་གི་དགོན་པ་ཁག་དང་ཚོགས་སྡེ་ཁག་ལ་དམ་དྲག་
ཆེ་བའི་སྒྲིག་གཞི་ལག་བསྟར་བྱེད་བཞིན་པ་རྣམས་མྱུར་དུ་མཚམས་འཇོག་བྱེད་དུ་ འཇུག་དགོས་པ་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་འགོ་བརྗོད་དང་དེའི་དོན་
ཚན་༤་དང་༣༥་དང་༣༦་གི་ནང་དུ་བཀོད་པའི་ཆོས་ལུགས་ཀྱི་རང་དབང་དང་། ཁྲོམ་སྐོར་དང་འདུ་འཛོམས་དང་གཏམ་བརྗོད་བཅས་ཀྱི་རང་དབང་། སྤྱི་ཚོགས་འདྲ་མཉམ་གྱི་གྲངས་ཉུང་མི་རིགས་ཀྱི་རང་དབང་སོགས་ལག་བསྟར་བྱེད་པའི་
ཆོད་ཡིག་གི་ནང་དོན་རྣམས་ཤེས་རྟོགས་བྱེད་དུ་འཇུག་དགོས་ཞེས་བསྟན་ཡོད། བོད་ནང་དུ་རྒྱ་ནག་སྲིད་གཞུང་གི་དབང་བསྒྱུར་སྲིད་ཇུས་ལ་ངོ་རྒོལ་བྱས་པའི་
ཁྲོད་དུ་སྤྱི་ལོ་༢༠༠༩་ནས་ད་ལྟའི་བར་དུ་མི་གྲངས་༢༠་ལྷག་གིས་རང་ལུས་མེར་ བསྲེག་ཏུ་བཏང་ཡོད་པ་དང་། ད་དུང་བོད་ཤར་ཕྱོགས་ས་ཁུལ་ཀྱི་སེར་རྟ་དང་བྲག་མགོ་དང་རྔ་བ་ཁུལ་བཅས་སུ་ཞི་
བའི་ངོ་རྒོལ་བྱས་པའི་སྐབས་སུ་རྒྱ་ནག་གི་བདེ་འཇགས་དམག་དཔུང་གིས་བོད་མི་གཞན་ པ་༦་མེ་མདའ་བརྒྱབ་ནས་དམར་གསོད་དུ་བཏང་ཡོད། ས་གནས་དེ་དག་གི་ནང་དུ་དྲ་བའི་འབྲེལ་ལམ་དང་ཁ་པར་གྱི་སྐུད་ལམ་སོགས་བདུན་ཕྲག་
ཁ་ཤས་རིང་དུ་ཚབས་ཆེན་པོའི་སྒོ་ནས་བཀག་འགོག་བྱས་ཡོད། ད་དུང་གྲོས་ཆོད་འདིའི་ནང་དུ་རྒྱ་ནག་སྲིད་གཞུང་གིས་བོད་རིགས་མི་དམངས་ཀྱི་ སྤྱི་ཚོགས་འདྲ་མཉམ་གྱི་ཐོབ་ཐང་ཁག་ཁས་ལེན་དང་གཏན་འབེབས་བྱེད་པའི་ལས་དོན་
མྱུར་དུ་བསྒྲུབ་དགོས་པར་ནན་སྐུལ་བྱས་ཡོད།
གྲོས་ཆོད་དེའི་ངོ་ བཤུས་རྣམས་གྲོང་ཁྱེར་འཐུས་མི་ལྷན་ཚོགས་ཀྱིས་སན་ཧྥུ་རན་སེ་སུ་ཁོར་ཡོད་པའི་ རྒྱ་ནག་གི་གཞུང་ཚབ་ཁང་གི་སྐུ་ཚབ་དོན་གཅོད་ཁང་དང་།
རྒྱལ་ཁབ་ཁག་གི་སྐུ་ཚབ་ལས་ཁུངས་ཁག ཨ་རིའི་ཕྱི་སྲིད་དྲུང་ཆེ་ཧི་ལུ་རེ་ཁུ་ལིན་ཏོན། པེ་ཅིན་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ཆེན་མོ། མངའ་སྡེ་དེ་ནས་ཡིན་པའི་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་རྣམ་པ་བཅས་ལ་འབུལ་
རྒྱུ་ཡིན་པ་རེད།
དེ་ཡང་ཡིན་ཏེ། བོད་ཀྱི་དཔའ་བོ་དང་དཔའ་མོ་རྣམས་ཀྱིས་བོད་རིགས་མི་དམངས་ཀྱི་རང་དབང་གི་འབོད་
སྒྲ་ངག་ལ་བསྐྱར་ནས་རྒྱ་ནག་གི་དྲག་གནོན་ལ་འཐབ་འཛིང་བྱེད་ཅིང་གཞན་ལ་འཚེ་བ་ མེད་པའི་ལྟ་བ་སེམས་སུ་བཅིང་ནས་རང་ལུས་མེར་བསྲེག་གི་ཞི་བའི་ལས་འགུལ་སྤེལ་བ་
ལ་འཛམ་གླིང་མི་དམངས་ཀྱིས་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་པ་ ཡོངས་སུ་མངོན་ཏེ་ཕན་ཚུན་ཆིག་སྒྲིལ་དང་ཕན་ཚུན་རེས་རོགས་བྱེད་པའི་སྐད་སྒྲ་ནི་ ཉིན་རེ་བཞིན་གསར་དུ་ཐོན་བཞིན་པ་དང་།
བཙན་བྱོལ་བོད་མིའི་དབུས་སྒྲིག་འཛུགས་ཀྱིས་བོད་ནང་གི་ཛ་དྲག་གི་གནས་བབ་ལ་ གདོང་ལེན་བྱས་པའི་ཁྲོད་དུ་འབོད་སྐུལ་གནང་བའི་འཛམ་གླིང་ཁྱོན་ཡོངས་ཀྱི་ཞི་
བའི་ལས་འགུལ་དེ་བོད་རིགས་མི་དམངས་ཀྱི་གཞི་རྩའི་རང་དབང་ལ་རྩོད་ལེན་དང་མདུན་ སྐྱོད་ཀྱི་ཐབས་ལམ་གསར་བ་བཏོད་ནས་རླབས་ཆེ་བའི་དཔའ་བོ་དང་དཔའ་མོ་རྣམས་ཀྱི་རང་
ལུས་མེར་བསྲེག་གི་ལས་འགུལ་དང་དེ་དག་གི་ནང་མི་ཡོངས་ཀྱི་དཀའ་སྡུག་ལ་གདུང་ སེམས་མཉམ་སྐྱེད་ཀྱི་རྣམ་པ་གསལ་བོར་བསྟན་ཡོད།
ཁ་སང་ཚེས་༨་ཕྱི་དྲོར་རྔ་པ་རུ་རང་ལུས་མེར་བསྲེགས་གཏོང་མཁན་དེ་ནི། རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གཉིས་པའི་མགར་བའི་བརྩོན་ཁོ་ཚང་གི་བུ་རིག་འཛིན་རྡོ་རྗེ་༼རྒྱུན་དུ་རིག་པེ་ཟེར ༽ རང་ལོ་ ༡༩ ཡིན་པ་ཁོང་ཡིན་ཞིང༌།
ཁོང་གི་ཕ་མིང་ལ་བརྩོན་ཁོ་དང་ཨ་མའི་མིང་ལ་དུང་དཀར་ཡིན་འདུག
རང་ལུས་མེར་བསྲེགས་བཏང་རྗེས་རྒྱ་གཞུང་གི་ས་གནས་ཉེན་རྟོག་པ་དང་དམག་མིས་བཙན་ཁྲིད་བྱས་ཏེ་སྐབས་ཐོག་དེར་རྔ་པའི་སྨན་ཁང་དུ་ཁྱེར་ཞིང་དེ་རྗེས་འབར་ཁམས་སུ་ཁྱེར་འདུག་ཀྱང༌། ཕྱི་ཚེས་ ༨
ཉིན་གྱི་དགོང་མོ་ཁོང་ཤི་མེད་པ་ཙམ་ལས་དེ་རྗེས་ཤི་གསོན་གྱི་གནས་ཚུལ་གསལ་པོ་ཤེས་རྟོགས་ཐུབ་མེད།
ཞི་རྒོལ་གྱི་རླབས་ཕྲེང་འདི་བཞིན་དུ་འཕྱུར་བར་སྨོན།
ཚེས་༨ཉིན། མཚོ་སྔོན་ཞིང་ཆེན་་ཡུལ་ཤུལ་ཁུལ་གྱི་ཁྲི་འདུ་རྫོང་སྒ་སྟོད་ཤང་ཉ་འཚོ་སྡེ་པ་ཟིལ་དཀར་དགོན་གྱི་དགེ་ འདུན་པ་དང་ས་གནས་མི་མང་ཆིག་སྟོང་བཞི་བརྒྱ་ཙམ་གྱི་ཞི་རྒོལ་རྣམ་པ་གསར་བ།

“ ༧རྒྱལ་བ་ཡིད་བཞིན་ནོར་བུ་བོད་ལ་གདན་འདྲེན་ཞུ་དགོས།
པཎ་ཆེན་རིན་པོ་ཆེའི་གཙོས་ཉེས་མེད་བཙོན་པ་རྣམས་བཙོན་གྲོལ་གཏོང་དགོས། བོད་མིའི་སྐྱིད་སྡུག་མཉམ་མྱོང་དང་། བོད་མིའི་ཚེ་སྲོག་ལ་བརྩི་བཀུར་བྱ་དགོས།
བོད་མིའི་སྐད་ཡིག་ལ་མཐོང་ཆེན་བྱེད་དགོས"སོགས་བྲིས་པའི་འཕྲེད་དར་འཕྱར་ནས་ཆུ་ཚོད་གསུམ་ལྷག་ལ་སྐད་འབོད་བྱས་ཡོད
ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་གྱི་ཉིན་གུང་ཡས་མས་སུ་ཡུལ་ཤུལ་ཁྲི་འདུ་རྫོང་ས་གནས་ཉེན་རྟོག་པ་གླུ་བུར་དུ་ཉ་མཚོ་ཟིལ་དཀར་དགོན་ཡོང་སྟེ།
མཁར་རོང་སྡེ་བའི་ཕ་ཕུན་ཚོགས་དབང་རྒྱལ་ལགས་ཀྱི་བུ་བསོད་ནམས་དགེ་བ་དང་འབྲི་སྨད་སྡེ་བའི་ཕ་བཀྲ་ཚེའི་བུ་བློ་བཟང་བསམ་གཏན། གེ་ཤ་སྡེ་བའི་ཕ་གཏེར་ཁུའི་བུ་བློ་བཟང་ཉི་མ་བཅས་ཉེ་མཚོ་ཟིལ་དཀར་དགོན་པའི་གྲྭ་པ་ ༣
འཛིན་བཟུང་བཙན་འཁྲིད་བྱས་ཏེ། ཉེ་བའི་ཆར་ནང་མི་གཉེན་འབྲེལ་ཚོས་གར་ཡོད་ཅི་བྱུང་གི་གནས་ཚུལ་ཅི་ཡང་མ་ཤེས་པར་ལྷག་ཡོད་འདུག
རྗེས་སུ་ཡི་རང་མངོན་པར་བསྟོད་དོ། ད་ནི་ཞི་རྒོལ་གྱི་ཐབས་ལམ་མ་ནོར་བ་རྟོགས་འདུག
མི་ཚོགས་མང་ཞིང་ཁ་གཡང་གཅིག་གྱུར་གྱི་ཞི་བའི་གདུང་འབོད་དང་ངོ་རྒོལ་འདི་རིགས་མཚོ་རླབས་ལྟར་འཕྱུར་བར་སྨོན། བོད་ཡུལ་ཡོངས་ནས་བོད་མི་རེ་རེའི་ལུས་དང་ངག་དང་ཡིད་ནས་འཕྱུར་བར་སྨོན།
འདི་ནི་དམ་ཚིག་གཙང་མ་དང་ཆིག་སྒྲིལ་ཆེན་པོའི་སྤོབས་པ་དང་རེ་བའི་འགུལ་སྐྱོད་ཅིག་ཡིན། འགུལ་སྟངས་འདིས་ས་དང་གནམ་སྒུལ་བར་ནུས།
འདི་ནི་བདེན་པའི་སྟོབས་ཀྱིས་འཕྱུར་བས་ད་ནི་བདེན་པའི་འབྲས་བུ་མྱུར་དུ་སྨིན་པར་སྨོན། སྨིན་པར་བརྩོན། སྨིན་པར་བྱེད།
ཁ་སང་གཟའ་ལྷག་པའི་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༣ པའི་སྟེང་དྷ་རམ་ས་ལའི་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བཀའ་སྤྱི་གཉིས་ཀྱི་གོ་སྒྲིག་འོག་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པའི་གཙོས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་པ་ཡོངས་དང་། དེ་བཞིན། དྷ་སའི་ཉེ་འདབས་ཁུལ་གྱི་དགོན་སྡེ་ཁག་གི་དགེ་འདུན་པ་རྣམས་ཀྱིས་གཙོས་པའི་སེར་སྐྱ་མི་མང་ ༣༠༠༠༠ ཙམ་མཉམ་འཛོགས་ཐོག ཉེ་སྔོན་བོད་ནང་རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་མཁན་དག་གཙོས། བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་རང་སྲོག་བློས་གཏོང་མཁན་དང་། ད་ལྟ་རྒྱའི་བཙོན་འོག་ཏུ་མནར་གཅོད་མྱོང་མཁན་རྣམས་བཅས་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ལ་རྗེས་དྲན་ཆེད། ཆུ་ཚོད་ ༣ རིང་གཞི་རྒྱ་ཆེ་བའི་མཆོད་འབུལ་སྨོན་ལམ་ཞིག་གནང་སོང་ལ། སྐབས་དེར་བོད་མི་སེར་སྐྱ་ཡོངས་ཀྱིས་ལུས་ལ་བོད་ལྭ་གྱོན་པ་དང་། ཁ་ལ་ཁ་རས་ནག་པོ་བརྒྱབ་སྟེ་བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་པ་ཤུགས་ཆེན་པོ་བསྟན་པ་མ་ཟད། དགོང་མོ་དྷ་ས་ས་གནས་བདེ་དོན་གྱི་གོ་སྒྲིག་འོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་དྷ་ས་མོག་རྒན་བར་དུ་མར་མེ་ཁྲོམ་སྐོར་ཞིག་ཀྱང་གནང་སོང་།
བཞུགས་སྒར་དྷ་སར་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ་གྲུབ་རྗེས། བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་གཏམ་བཤད་གནང་དོན། “དེ་རིང་ང་ཚོ་འདིར་འཛོམས་དགོས་དོན་ཚང་མས་མཁྱེན་གསལ་རེད། ད་ལྟ་བོད་ནང་ཛ་དྲག་གི་གནས་སྟངས་ཆགས་ཏེ། རྒྱ་ནག་གཞུང་གི་མཁྲེག་འཛིན་སྲིད་ཇུས་འོག་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་མང་པོ་ཞིག་དམར་གསོད་བཏང་བ་དང་འཛིན་བཟུང་བྱས་པ། ཉེས་རྡུང་བཏང་བ་སོགས་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིིན་པར་བརྟེན། ང་ཚོ་འདིར་འཛོམས་ཏེ་ད་ལྟའི་བར་རང་སྲོག་བློ་གཏོང་གནང་མཁན་ཚོ་དང་། ཁོང་རྣམ་པའི་ཕ་མ་སྤུན་མཆེད་ཡོངས་ཀྱི་ཆེད་དུ་མཆོད་འབུལ་སྨོན་ལམ་རྒྱག་གི་ཡོད་པ་རེད།” ཅེས་གསུངས་ཏེ། མ་གཞི་མིའི་ལུས་རྟེན་འདི་ལོན་པའི་རྗེས་སུ་མི་སུ་འདྲ་ཞིག་ཡིན་ནའང་།
མི་ཚེ་འདི་སྲོག་དང་ལྡན་པའི་ཐོག་ནས་སྐྱེལ་འདོད་ཡོད་པ་མ་གཏོགས།
ཚེ་སྲོག་གི་རྒྱུན་གཅོད་འདོད་མཁན་སུ་གང་ཡང་མེད་ལ། བོད་ནང་གི་བོད་མི་ཚོས་རྒྱ་གཞུང་གི་སྐྱག་རྫུན་སྲིད་ཇུས་འོག་ལ། ལོ་ལྔ་བཅུའི་རིང་ལ་དབྱེ་འབྱེད་དང་མནར་གཅོད། བརྙས་བཅོས་ཀྱི་སྡུག་བསྔལ་མ་བཟོད་པར་ལུས་མེར་བསྲེགས་བཏང་སྟེ་ཞི་བའི་ངོ་རྒོལ་བྱེད་བཞིན་ཡོད་སྟབས། ཛ་དྲག་གནས་སྟངས་དེའི་ཐད་ཧ་ཅང་བློ་འཚབ་སྐྱེས་པ་མ་ཟད། བོད་ནང་རང་ལུས་མེར་བསྲེགས་གཏོང་མཁན་དེ་དག་ནི་གྲངས་ཀ་ཙམ་མ་ཡིན་པར། ཁོང་རྣམས་ནི་ཚེ་སྲོག་ཡོད་མཁན་གྱི་མི་ཡིན་པ་དེ་བོད་རིགས་སྤུན་ཟླ་ཚང་མས་དྲན་གསོ་བྱེད་དགོས་པ་དང་། རང་ལུས་མེར་བསྲེགས་གཏོང་མཁན་དེ་དག་ལའང་ཕ་མ་དང་སྤུན་མཆེད། ནང་མི་ཡོད་མཁན་རྐྱང་ཡིན་སྟབས། ང་ཚོས་སོ་སོའི་ནང་མི་ཞིག་གིས་རང་སྲོག་མེར་བཏང་བ་ཡིན་ན། སོ་སོའི་སེམས་ནང་ལ་སྡུག་བསྔལ་དང་སེམས་འཚབ་ག་ཚོད་ཡོད་མེད་ལ་བསམ་བློ་བཏང་པའི་ཐོག་ནས། རང་སྲོག་བློས་གཏོང་མཁན་ཁོང་ཚོའི་སྙིང་སྟོབས་དང་བློས་གཏོང་དེ་དག་སོ་སོའི་བློ་ཡིད་ལ་འཁོར་ཐུབ་པ་དང་། ཚོར་བ་རྙེད་ཐུབ་པ་བྱ་དགོས་སྐོར་གསུངས་སོང་།
དེ་བཞིན། བཀའ་ཁྲི་མཆོག་གིས་བོད་དོན་ཐད་རྒྱབ་སྐྱོར་གནང་མཁན་རྒྱལ་སྤྱིའི་སྤྱི་ཚོགས་ཡོངས་ལ་ཐུགས་རྗེ་བཀའ་དྲིན་ཞུས་པ་དང་སྦྲགས། འཛམ་གླིང་རྒྱལ་ཁབ་གིས་རྒྱབ་སྐྱོར་གྱི་སྐད་ཆ་གཅིག་པུ་ཙམ་ཤོད་དེ་མི་སྡོད་པར།
་བོད་ནང་ལ་ཕེབས་ཏེ་བོད་མིར་ཚོར་བ་སྡུག་བསྔལ་ག་རེ་ཡོད་མེད་དང་།
རྒྱ་གཞུང་གིས་བོད་ཐོག་དྲག་གནོན་དམར་གསོད་ཀྱི་སྲིད་ཇུས་ལག་ལེན་ག་འདྲ་བསྟར་བཞིན་ཡོད་མེད་ཞིབ་འཇུག་གནང་དགོས་པའི་འབོད་སྐུལ་དང་། པེ་ཅིན་དུ་ཡོད་པའི་རྒྱལ་སྤྱིའི་གསར་འགོད་པ་རྣམས་ཀྱིས་ཀྱང་མུ་མཐུད་དུ་བོད་ནང་བསྐྱོད་རྒྱུར་འབད་བརྩོད་གནང་སྟེ། བོད་ནང་གི་དངོས་ཡོད་གནས་ཚུལ་རྣམས་རྒྱལ་སྤྱིའི་སྒང་ལ་ཁྱབ་ཐུབ་པ་ཞིག་དང་།
རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་མིའི་དཀའ་ངལ་མཁྱེན་རྟོག་ཡོང་བ་གནང་དགོས་པའི་འབོད་སྐུལ་ཡང་གནང་སོང་ལ། དེ་བཞིན། བཀའ་ཁྲི་མཆོག་གིས་ “རྒྱ་གཞུང་གིས་དྲག་གནོན་གྱི་འོག་ནས་བོད་དོན་སེལ་ཐུབ་ཀྱི་རེ་བ་བྱེད་ཀྱིན་ཡོད་ན།
རེ་བ་དེ་ནམ་ཡང་འགྲུབ་ཐབས་ཡོད་པ་མ་རེད། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་བདེན་པ་རྩོད་ཀྱིན་ཡོད་པ་རེད་མ་གཏོགས།
གཞན་གང་ཡང་རྩོད་ཀྱིན་ཡོད་པ་མ་རེད། སྔ་རྗེས་ཙམ་མ་གཏོགས་བདེན་པ་གསལ་ཡོང་གི་རེད། ༸གོང་ས་མཆོག་གིས་ཕུགས་རྒྱང་རིང་པོ་གཟིགས་པའི་ཐོག་ནས། གྲོས་མོལ་གྱི་ལམ་ནས་བོད་དོན་སེལ་ཐབས་བྱེད་དགོས་པ་རེད་ཅེས་གསུངས་བཞིན་པ་ལྟར། གྲོས་མོལ་ཐོག་ནས་བཀའ་མོལ་གནང་པ་ཡིན་ན་སེལ་ཐབས་ཡོད་པ་རེད། དེ་མ་གཏོགས་དབྱེ་འབྱེད་དང་དྲག་གནོན་གྱི་འོག་ནས་བོད་ཀྱི་གནད་དོན་སེལ་ཐུབ་ཀྱི་མ་རེད་ལ། བོད་མིའི་སྙིང་སྟོབས་དང་ལྷག་བསམ་དུས་ནམ་ཡང་མེད་པ་བཟོ་ཐུབ་ཀྱི་མ་རེད།” ཅེས་བརྗོད་སོང་།
མཇུག་མཐར། བཀའ་ཁྲི་མཆོག་གིས་བོད་ནང་གི་བོད་མི་ཚོར་གསུངས་རྒྱུར། “ བོད་ཀྱི་བདག་པོ་ནི་བོད་ནང་གི་བོད་མི་ཚོ་ཡིན་པ་ང་ཚོ་ཚང་མས་ཤེས་ཀྱིན་ཡོད་ལ། རྣམ་པ་ཚོས་རང་སྲོག་བློས་གཏོང་གནང་བ་དེ་ང་ཚོས་ནམ་ཡང་བརྗེད་ཐབས་མེད་པ་མ་ཟད། ཁྱེད་རྣམ་པས་བློས་གཏོང་མཛད་པ་དེ་དག་ཆུད་ཟོས་དང་འབྲས་མེད་ནམ་ཡང་ཆགས་འཇུག་གི་མ་རེད། ཁྱེད་རྣམ་པའི་འདོད་པ་དང་རེ་བ་སྒྲུབ་རྒྱུ་དེ་ང་ཚོའི་ལས་འགན་ཆགས་ཡོད་པ་རེད། ལས་འགན་དེ་འགྲུབ་ཆེད་ཕྱི་ལོ་ཡོད་པའི་བོད་མི་སྤྱི་ཡོངས་ཀྱི་ངོས་ནས་ཞབས་འདེགས་སྒྲུབ་རྒྱུ་ཡིན་ཞེས་སྔོན་ཆད་ཞུས་མྱོང་ལ། ད་ལྟ་ཡིན་ནའང་དམ་བཅའ་བརྟན་པོ་ཡོད་ཅེས་ཞུ་རྒྱུ་ཡིན།” ཞེས་གསུངས་སོང་ལ། དེ་བཞིན། ལོ་གསར་སྐབས་བོད་མི་ཡོངས་ཀྱིས་ནང་དུ་ཐུགས་སྤྲོ་གཏོང་བ་སོགས་མི་གནང་པར།
རང་སྲོག་བློས་གཏོང་དང་རྒྱ་ནག་གི་བཙོན་འོག་ཡོད་པའི་བོད་མི་རྣམས་རྗེས་དྲན་གྱི་ཆེད་དུ། ཆོས་ཕྱོགས་ཀྱི་བྱེད་སྒོ་ཁོ་ན་སྲུང་བརྩི་བྱས་ཏེ་བདེན་ཚིག་སྨོན་ལམ་གསུངས་པ་དང་། དགོན་སྡེ་ཁག་ལ་མཆོད་མཇལ། བསང་གསོལ་གཏོང་བ་སོགས་གང་མང་གནང་དགོས་པའི་འབོད་སྐུལ་ཡང་གནང་སོང་།
བོད་ནང་དུ་རྒྱ་གཞུང་གིས་དམར་གསོད་དམ་དྲག་བྱེད་བཞིན་པའི་ཛ་དྲག་གནས་སྟངས་ཀྱི་རྐྱེན་པས། ཉེ་སྔོན་བཀའ་སྤྱི་གཉིས་ཀྱི་ངོས་ནས་ཕྱི་ཟླ་ ༢ ཚེས་ ༨ ཉིན་འཛམ་གླིང་ཡུལ་གྲུ་གང་སར་གནས་སྡོད་བོད་རིགས་ཡོངས་དང་། བོད་དོན་རྒྱབ་སྐྱོར་བ་ཚང་མས་བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་དགོས་པའི་གསལ་བསྒྲགས་གནང་པ་ལྟར། ཨ་རི་དང་། ཁ་ན་ཊ། ཡུ་རོབ། རྒྱ་གར། ཐེ་ཝན། ཨ་ཧྥི་རི་ཀ་སོགས་འཛམ་གླིང་རྒྱལ་ཁབ་སོ་སོའི་ནང་བོད་ནང་གི་མི་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྣ་ཚོགས་སྤེལ་ཡོད་པ་མ་ཟད། ལྡི་ལི་འཇན་གྷིར་མན་གྷིར་ཏུ་འབྲས་སྤུངས་བློ་གསལ་གླིང་གི་དགེ་འདུན་པ་ ༩ དང་མི་སྐྱ་ ༡ བཅས་ནས་ཆུ་ཚོད་ ༢༤ རིང་ཟས་བཅད་ངོ་རྒོལ་ཡང་གནང་ཡོད་འདུག་ལ། ལྷག་པར་དུ་ལས་འགུལ་གྱི་ཉིན་འདིར་ཨི་ཊ་ལི་གྲོས་ཚོགས་ཀྱིས་གྲོས་ཆོད་ཅིག་བཞག་སྟེ།
རྒྱ་གཞུང་གིས་བོད་ཐོག་དྲག་གནོན་བྱ་རྒྱུ་མཚམས་འཇོག་དང་།
༸གོང་ས་མཆོག་གི་སྐུ་ཚབ་དང་མཉམ་དུ་གྲོས་མོལ་གྱི་ལམ་ནས་བོད་དོན་སེལ་དགོས་པ་ནན་སྐུལ་བྱས་ཡོད་འདུག
-
དེ་རིང་གི་ང་ཚོའི་འབོད་ཚིག་ཏུ་ཕུལ་བ།
-
-
བོད་མིས་ཅིའི་ཕྱིར་རང་ལུས་སྲེག་གིན་ཡོད། ཝེ། གུང་ཁྲན་ཏང།
-
སྐུ་གཤེགས་དཔའ་བོ་རྣམ་པར་མྱ་ངན་གུས་འདུད་ཞུ།
-
དགོན་སྡེ་དམག་གིས་སྐོར་དོན་ཅི།
སུ་ལ་ཞེད་ཀྱི་འདུག
-
ཕྱི་གླིང་བའི་གསར་འགོད་པ་བོད་གཏོང་མི་ཕོད་པ་ཅི།
-
ཏཱ་ལའི་བླ་མར་ཅི་ཙམ་སྡིགས་ན་བོད་མིའི་སེམས་ལ་དེ་ཙམ་གནོད
-
བོད་དགའ་བར་འཇུག་ན་ཏཱ་ལའི་བླ་མ་བོད་ལ་གདན་འདྲེན་བྱོས།
-
མི་རིགས་ཁག་ལ་རང་སྐྱོང་གཙང་མ་དགོས།
-
ཀྲུང་གོ་མི་དམངས་ལ་དམངས་གཙོ་ཡང་དག་པ་དགོས།
-
གང་ན་དྲག་གནོན་ཡོད་ན་དེ་ན་ངོ་རྒོལ་ཡོད།
-
བོད་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དགོས། བོད་ནི་ཧོང་ཀོང་དང་ཨོ་མོན་ལས་གནམ་སའི་ཁྱད་པར་ཆེ།
-
མཉམ་འབྲེལ་རྒྱལ་ཚོགས་ལགས། ཁྱེད་ཀྱིས་བོད་མི་མཐོང་དོན་ཅི།
-
རྫུན་ཕམ་བདེན་རྒྱལ་ཉི་མ་མྱུར་འཆར་སྨོན།
༸དཔལ་རྒྱལ་བ་ཀརྨ་པའི་གསུང་འཕྲིན་ཞིག
དེ་རིང་འདིར་གནང་ཚུལ་བཏང་འབྱོར་ལ།
ཁ་སང་རེས་གཟའ་ཟླ་བར་དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་ནས་གསུང་འཕྲིན་ཞིག་ཕེབས་པའི་ནང་བཀོད་དོན། “ ཉེ་དུས་ཐོན་པའི་ཛ་དྲག་གི་གནས་ཚུལ་ཞིག་ལ།
བོད་ཤར་ཕྱོགས་སུ་ཉི་མ་གཅིག་གི་ནང་དུའང་བོད་མི་གསུམ་གྱིས་རང་ལུས་མེར་སྲེག་བྱས་ཡོད་འདུག་ཅིང། དེ་ནི་སྤྱི་ཟླ་དང་པོའི་ནང་དུ་བོད་མི་བཞིས་རང་ལུས་མེར་སྲེག་བྱས་པ་དང་།
གཞན་རྣམས་སྐད་འབོད་ཁྲོམ་སྐོར་གྱི་ནང་དུ་འདས་གྲོངས་ཕྱིན་པའི་རྗེས་སུ་བྱུང་བའི་གནས་ཚུལ་ཞིག་རེད། གནས་སྟངས་ཉེན་ཁ་ཆེ་རུ་འགྲོ་བཞིན་ཡོད་ནའང་། རྒྱ་ནག་གཞུང་གི་ངོས་ནས་བསམ་གཞིག་དང་།
འབྱུང་རྐྱེན་གང་ཡིན་རྟོགས་ཐབས་མ་བྱས་པར་དྲག་གནོན་ཇི་ཆེས་གདོང་ལེན་བྱེད་བཞིན་ཡོད། བོད་ མི་རེ་གྲོངས་པའི་གནས་ཚུལ་གསར་པ་རེ་འབྱོར་དུས་ངའི་སེམས་ལ་ཚད་མེད་པའི་ན་ཟུག་
དང་སྐྱོ་སྣང་སྐྱེ་ཡི་ཡོད་པས་ཉི་མ་གཅིག་གི་ནང་དུའང་མི་གསུམ་གྲོངས་པའི་གནས་ ཚུལ་དེ་ནི་བཟོད་ཐབས་ཡོངས་སུ་བྲལ་བ་ཞིག་རེད། དེས་ ན་ཁོང་རྣམ་པས་རང་སྲོག་བློས་གཏོང་གནང་བ་ཆུད་ཟོས་སུ་མ་སོང་བར་ད་ལྟའི་སྲིད་
བྱུས་ལ་འགྱུར་བ་ཐེབས་ཏེ་བོད་རིགས་སྤུན་ཟླ་རྣམས་ཀྱིས་ཞི་བདེ་འཐོབ་པའི་རེ་ སྨོན་བྱེད་ཀྱི་ཡོད།
ང་ལ་ཀརྨ་པའི་མཚན་ཡོད་པའི་ཆ་ནས།
ལོ་ངོ་དགུ་བརྒྱ་ལྷག་པའི་ལོ་རྒྱུས་རིང་ཆབ་སྲིད་ཀྱི་གནད་དོན་གང་ལའང་ཞུགས་མྱོང་མེད་པའི་སྤྲུལ་བརྒྱུད་ཅིག་ཡིན་ཁར། སྒེར་ངོས་ནས་ཀྱང་སྲོལ་རྒྱུན་འདི་ཉིད་ལ་ནམ་ཡང་འགྱུར་བ་གཏོང་འདོད་མེད། འོན་
ཀྱང་བོད་མི་ཞིག་ཡིན་པའི་ངོས་ནས་ངས་བོད་མི་དམངས་རྣམས་ལ་ཤ་ཚ་དང་དུངས་སེམས་ ཆེན་པོ་ཡོད་པས་ཁོང་ཚོ་སྡུག་བསྔལ་ནང་ཚུད་བཞིན་པའི་སྐབས་ཁ་ཁུ་སིམ་མེར་སྡོད་པ་
ནི་མི་འོས་པའི་བྱ་སྤྱོད་ཅིག་ཏུ་མཐོང་སྟེ།ཁོང་རྣམས་ཀྱི་བདེ་སྐྱིད་ནི་ངའི་སེམས་ཁུར་ཆེ་ཤོས་ཤིག་ཡིན།
བོད་མི་རྣམས་ཀྱིས་སྐད་འབོད་ཁྲོམ་སྐོར་ དང་རང་ལུས་མེར་སྲེག་བྱེད་པ་ནི་སེམས་གཏིང་གི་འདོད་བློ་མ་ཁེངས་པའི་ཟུག་རྔུ་ལ་ གཞན་གྱིས་ངོས་ལེན་མ་བྱས་པར་ལུས་པའི་ནད་རྟགས་ཤིག་རེད།
གལ་སྲིད་དངོས་གནས་བོད་མི་རྣམས་ལ་འདོད་པ་དང་མཐུན་པར་སོ་སོའི་སྐད་ཡིག་དང་། ཆོས་ལུགས། རིག་གཞུང་རྣམས་སྲུང་སྐྱོབ་བྱེད་བཞིན་འཚོ་བ་སྐྱེལ་ཆོག་པའི་གོ་སྐབས་ཤིག་ཡོད་པ་ཡིན་ན་གྱེན་ལངས་བྱེད་ཀྱི་མ་རེད་ལ་རང་སྲོག་
བློས་གཏོང་དེ་བས་ཀྱང་བྱེད་ཀྱི་མ་རེད།
སྤྱི་ལོ་ ༡༩༥༩
ནས་བཟུང་ང་ཚོ་བོད་མི་རྣམས་ལ་བསམ་ཡུལ་ལས་འདས་པའི་ཕུང་ཚབས་ཆེན་པོ་བྱུང་མོད། ཕྱོགས་གཞན་ནས་རྐྱེན་ངན་གྲོགས་འཆར་གྱི་ཕན་འབྲས་ཀྱང་སོན་པ་སྟེ། ང་ཚོ་མི་ཉུང་བ་ཞིག་ལ་རང་ཉིད་བོད་རིགས་ཤིག་ཡིན་པའི་རང་ངོ་འཕྲོད་པ་དང།
ཆོལ་གསུམ་བོད་མི་རྣམས་གོང་བུ་གཅིག་གྱུར་གྱི་ཚོར་འདུན་སྐྱེད་ཅིང་། དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་ལྟ་བུའི་གཅིག་གྱུར་དབུ་འཁྲིད་ཀྱི་རིན་ཐང་ཡང་མཐོང་ཡོད།
རྒྱུ་རྐྱེན་དེ་དག་གིས་ང་ཚོར་རེ་བ་ཆེན་པོ་བྱེད་ཆོག་པའི་རྨང་གཞི་རླབས་ཆེན་ཞིག་བསྐྲུན་ཡོད་པ་རེད།
རྒྱ་ནག་གཞུང་གིས་བོད་ལ་ཡར་རྒྱས་བཏང་རབས་ཤོད་ཀྱི་ཡོད་ལ།
ང་རང་བོད་ལ་ཡོད་དུས་ཀྱང་ཕྱི་དངོས་པོའི་བདེ་སྐྱིད་གང་འཚམས་ཡོད་པ་ཤེས་ཀྱི་ཡོད།འོན་ཏེ་དཔལ་འབྱོར་དང་ཡར་རྒྱས་དེ་དག་གིས་བོད་མི་རང་ངོས་ནས་རྩ་ཆེར་འཛིན་པའི་གནད་དོན་ཐད་ཕན་ཐོགས་མ་བྱུང་ཞིང་།
ནང་སེམས་ཀྱི་བློ་ཁ་མ་རྫོགས་པའི་ཕྱི་དངོས་པོའི་ཆ་རྐྱེན་ཙམ་གྱིས་ཆོག་ཐབས་མེད་ལ།
བོད་མི་རྣམས་རྒྱུན་དུ་སོ་སོའི་རང་ཚུལ་དང་མཐུན་པའི་སྤང་བླང་གོ་ལྡོག་བྱེད་དགོས་པ་དང་།༧གོང་ས་༧སྐྱབས་མགོན་ཆེན་པོར་མཚན་སྨད་བྱེད་དགོས་པའི་བློ་དྭོགས་ཀྱི་འཇིགས་སྣང་ངང་གནས་དགོས་ཐུག་ཡོད།
རྒྱ་ནག་གཞུང་གིས་ཡང་ནས་ཡང་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་དགྲ་བོ་ཡིན་པའི་བསྙོན་འཛུགས་བྱེད་པ་དང་།
༧གོང་ས་མཆོག་གིས་བོད་རྒྱའི་དཀའ་རྙོག་སེལ་བར་འཚེ་བ་མེད་པ་དང་ཞི་འགྲིག་གི་འབད་བརྩོན་གནང་བ་ཐམས་ཅད་དྭང་ལེན་མི་བྱེད་ཅིང་།
བོད་མི་ཡོངས་ཀྱིས་སྙིང་ཐག་པ་ནས་༧གོང་ས་༧སྐྱབས་མགོན་ཆེན་པོར་ཡོད་པའི་དད་པ་དང་དམ་ཚིག་རྣམས་སྣང་མེད་དུ་གཏོང་གི་ཡོད། ༧ གོང་ས་༧སྐྱབས་མགོན་ཆེན་པོ་བྲོས་བྱོལ་དུ་ཕེབས་རྗེས་བོད་དུ་སྐྱེས་པའི་བོད་མི་
རྣམས་ཀྱིས་ཀྱང་༧གོང་ས་མཆོག་ནི་འདི་ཕྱིའི་སྐྱབས་གནས་དང་ལམ་སྣ་འདྲེན་མཁན་ཞིག་ ཏུ་ངོས་འཛིན་བྱེད་ཀྱི་ཡོད་པས་ནམ་ཡིན་ཀྱང་སྡང་ཟུག་ཆེན་པོས་བསྙོན་འཛུགས་བྱེད་ པ་ནི་སུ་ལ་ཡང་ཕན་ཐོགས་མེད་པ་ཞིག་ཡིན། དོན་
དངོས་ལ་བོད་མི་རྣམས་ཀྱི་སེམས་གཏིང་གི་དད་པར་ཕོག་ཐུག་གཏོང་བ་དེས་བོད་མི་ རྣམས་ཀྱིས་རྒྱ་ནག་གཞུང་ལ་ཡིད་ཆེས་རྙེད་པའི་གོ་སྐབས་གཏོར་གྱི་ཡོད། དེ་ནི་ཁེ་ཕན་ཡོད་པ་དང་སྤྱང་གྲུང་ལྡན་པའི་བྱ་བ་ཞིག་མ་རེད།
ང་རང་སྒེར་ངོས་ནས་རྒྱ་ནག་དབུས་གཞུང་གི་དཔོན་རིགས་རྣམས་ལ་འབོད་སྐུལ་ཞུ་རྒྱུར།
ས་གནས་ཀྱི་དཔོན་རིགས་ཚོའི་འགྲེལ་བཤད་ཙམ་ལ་ཆ་འཇོག་མ་བྱས་པར་བོད་ནང་གི་བོད་མི་རྣམས་ཀྱི་སེམས་ནང་གི་ན་ཟུག་གང་ཡིན་པ་ངོས་ཟིན་པར་བྱས་ཏེ། དངོས་
ཡོད་གནས་སྟངས་གང་ཞིག་འབྱུང་བཞིན་པ་དེར་འགན་ཁུར་གཙང་ལེན་གནང་ན་དེ་ནི་བོད་མི་ དང་རྒྱ་ནག་གཞུང་ཕན་ཚུན་བློ་གཏད་ཡིད་ཆེས་ཀྱི་རྨང་གཞི་བཟང་པོ་ཞིག་ཏུ་འགྱུར་ གྱི་རེད། བོད་
མིའི་གནས་སྟངས་འདི་ཉིད་རྒྱ་ནག་གཞུང་གི་ངོས་ནས་རང་ཕྱོགས་དང་འགལ་བའི་ཆབ་སྲིད་ ཀྱི་གནད་དོན་ཞིག་ཏུ་མི་འཛིན་པར་མིའི་རིགས་ཀྱི་ཕན་བདེའི་གཞི་རྩར་ཐུག་པའི་
གནད་དོན་ཞིག་ཏུ་ངོས་འཛིན་གནང་ན་གང་ལས་ཀྱང་ཕན་རླབས་ཆེ་བ་ཡིན། གཉན་འཕྲང་ཆེ་བའི་དུས་འདིར། ངས་བོད་དུ་ཡོད་པའི་བོད་མི་རྣམས་རང་ཚུགས་མ་ཤོར་བར་བྱས་ཏེ། དཀའ་ངལ་ལ་བཟོད་བསྲན་དང་།
ཕུགས་རྒྱང་རིང་པོའི་དམིགས་ཡུལ་བཅང་ནས། ནམ་ཡིན་ཡང་རང་ཉིད་འགྲོ་བ་མི་ཞིག་དང་བོད་མི་ཞིག་ཡིན་པའི་རིན་ཐང་མ་བརྗེད་པ་གནང་རོགས་གྱིས་ཞེས་ཞུ་རྒྱུ་ཡིན།
བོད་ཀྱི་ལོ་སར་བསླེབ་ལ་ཉེ་བའི་སྐབས་འདིར།
ངས་བོད་རིགས་དང་རྒྱ་རིགས་ཀྱི་སྤུན་ཟླ་ཕོ་མོ་རྣམས་དང་། རྒྱ་གར་སོགས་འཛམ་གླིང་གང་སར་ཡོད་པའི་ང་ཚོའི་གྲོགས་པོ་དང་། རྒྱབ་སྐྱོར་རོགས་རམ་གནང་མཁན་ཚང་མར། གཏན་གྱི་བདེ་སྐྱིད་དང་།
དོན་དམ་པའི་ཞི་བདེ་འཐོབ་པའི་རེ་སྨོན་ཞུ་རྒྱུ་དང་། གཞན་ཡང་ལོ་སར་པ་འདི་ཉིད་འཆམ་མཐུན་གྱི་དུས་སྐབས་ཤིག་ཏུ་གྱུར་ཏེ། ང་ཚོ་ཐུན་མོང་གི་ཁྱིམ་གཞིས་འཛམ་གླིང་འདི་ཉིད་དང་།
གང་ཟག་ཕན་ཚུན་གཅིག་གིས་གཅིག་ལ་གུས་བརྩི་དང་བྱམས་བརྩེའི་དཔལ་ཡོན་རྒྱས་པའི་སྨོན་འདུན་ཞུ།།
༡༡༽བསྙོན་འཛུགས་ཆེན་པོ་གསུམ། (ཀྲུའུ་ཝེ་ཆོན་གྱི་ཁྱི་སྐད་ཀྱི་མཇུག རྩོམ་ཡིག་ཆ་ཚང་རང་རྩོམ་གསར་བའི་སྡེ་ཚན་དུ་ཡོད)
<<བཅའ་ཁྲིམས>>དང་དེའི་ལེའུ་དང་པོ། གཞི་རྩའི་ལམ་སྟོན། (ཁྱབ་ཁོངས་སུ་གཏོགས་པ)དོན་ཚན་དང་པོ།
“བོད་དང་བོད་མིའི་མགོན་སྐྱབས་དང་མཚོན་རྟགས།”ཞེས་པའི་ཚིག་དོན་ཁག་གི་ཐད་ལ་ཀྲུའུ་ཝེ་ཆོན་གྱིས་བསྙོན་འཛུགས་ཆེན་པོ་གསུམ་བྱས་ཡོད།
༡༽<<བཙན་བྱོལ་བོད་མིའི་བཅའ་ཁྲིམས>>ལ་ཁོས<<རྩ་ཁྲིམས>>ཞེས་མིན་པ་ཞིག་ཡིན་པར་བསྙོན་བཙུགས།
༢༽
“བཀའ་ཤག་གིས་བསྐོ་འཛུགས་བྱས་པའི་སྐུ་ཚབ་དོན་གཅོད་དང་དམིགས་བསལ་སྐུ་ཚབ་རྣམས་ལ༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་བསྩལ་རྒྱུ”ཞེས་༸གོང་ས་མཆོག་གི་མཚན་གནས་རང་འཇགས་ཐོག་བཀའ་ཤག་གིས་སྐུ་ཚབ་གསར་བསྐོ་གནང་རྒྱུ་ཞེས་པར་ཁོས།
“མུ་མཐུད་དུ་ཕྱི་རྒྱལ་དོན་གཅོད་ཁང་གི་སྐུ་ཚབ་དང་བཙན་བྱོལ་བོད་གཞུང་གི་དམིགས་ བསལ་སྐུ་ཚབ་གནང་བའི་དབང་ཆ་ཡོད།”ཅེས་མེད་པ་ཞིག་ལ་ཡོད་པར་བསྙོན་བཙུགས།
༣༽ “ཁོ་རང་ཉིད་དམ་དམངས་གཙོའི་འོས་འདེམས་བྱས་ནས་ཐོན་པའི་མགོ་ཁྲིད་པས་བོད་ཀྱི་
གནད་དོན་ཐག་གཅོད་བྱེད་ཆོག”ཅེས་པའི་ཚིག་དོན་ཞིག་རྩ་བ་ནས་མེད་པ་ལ་ཡོད་པར་གླེང་བཀལ་ནས། “རྩ་ཁྲིམས་ནང་བཀོད་པའི་གནས་ཚུལ་ལ་བལྟས་ན། ཁོས་སྲིད་དོན་ཚང་མ་བསྐྱུར་ཡོད་པ་ཡིན་ནམ།
ངས་བལྟས་ན་བསྐྱུར་མི་འདུག”ཅེས་ལུང་འདྲེན་གྱི་བདེན་གཏམ་ཚུལ་དུ་བཤད་ཡོད།
སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་གསལ་བསྒྲགས།
ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༣ རེས་གཟའ་པ་སངས་ཉིན། གསེར་རྟ་རྫོང་ཕུ་འུ་ཤང་དུ་བོད་མི་གསུམ་གྱིས་བོད་རང་དབང་གི་དོན་དུ་རྒྱ་དམར་གཞུང་ལ་ངོ་རྒོལ་གནང་སྟེ་རང་ལུས་ཞུགས་མེར་བསྒྲོན་འདུག་པ་དང་།
དེའི་ཁྲོད་ནས་འདས་གྲོངས་སུ་ཕྱིན་པའི་བོད་མི་དེའི་མིང་དང་ས་གནས་ཞིབ་གསལ་མེད་པ་དང་། གཞན་གཉིས་ནི་ཕུ་འུ་ཤང་ཞོ་སང་སྡེ་པའི་རང་ལོ་ ༦༠ ཡས་མས་ཡིན་པའི་ཚབ་ཚའི་ཚེ་རིང་ལགས་དང་། འབུམ་ཤུལ་སྡེ་པའི་རང་ལོ་ ༣༠
ཡས་མས་ཡིན་པའི་སྐྱ་རིས་ལགས་རེད་འདུག གསེར་རྟ་རྫོང་དུ་རྒྱ་ལོའི་ལོ་གསར་སྐབས་བོད་རིགས་ཞི་རྒོལ་བར་མདེལ་ཆར་ཕབ་སྟེ་བསད་རྨས་ཚབས་ཆེན་བཏང་བའི་ཛ་དྲག་གནས་སྟངས་ད་དུང་མུ་མཐུད་ཡོད་པ་དང་།
རྒྱ་དམག་ཕོན་ཆེ་འགྲེམས་འཇོག་གིས་བོད་མི་ཚོའི་འགྲུལ་བཞུད་དང་བརྒྱུད་ལམ་སོགས་ཀྱང་བཀག་སྡོམ་བྱས་ཡོད་སྟབས། ས་གནས་ཀྱི་ཞིབ་ཕྲའི་གནས་ཚུལ་རྒྱུས་ལོན་བྱེད་དཀའ་བ་ཆགས་ཡོད།
དེ་བཞིན་དུ་ཕྱི་ཟླ་ ༢ ཚེས་ ༤ རེས་གཟའ་སྤེན་པའི་ཞོགས་པར་སེར་ཤུལ་རྫོང་དབོན་པོ་ཤང་ཐོག་ཏུ་བོད་མི་ཚོས་རྒྱ་གཞུང་ལ་ངོ་རྒོལ་གྱིས་ཤང་སློབ་གྲྭའི་རྒྱ་ནག་གི་རྒྱལ་དར་མར་ཕབ་སྟེ།
བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱས་ཡོད་པ་དང་། ཡིག་ཆ་མང་པོ་སྦྱར་འགྲེམས་བྱས་སྟབས། ད་ལྟ་རྫ་སྨད་དབོན་པོ་དགོན་གྲོང་གཉིས་ཧ་ཅང་དམ་བསྒྲགས་འོག་ཏུ་བཙུད་དེ།
དབོན་པོ་ཤང་དང་དབོན་པོ་དགོན་དུ་འགྲོ་བསྐྱོད་བཀག་སྡོམ་དང་། ཟ་ཁང་དང་ཚོང་ཁང་ཁག་གི་སྒོ་ཕྱེ་མི་ཆོག་པའི་དམ་བསྒྲགས་བྱས་ཡོད་འདུག
ཉེ་ཆར་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དང་སྲིད་གཞུང་ནས་ས་གནས་ཁག་ལ་དཔྱིད་གསར་དུས་ཆེན་དང་བོད་ལོའི་ལོ་གསར། ཕྱི་ཟླ་ ༣
པ་བཅས་ཀྱི་སྐབས་སུ་འབྲེལ་ཡོད་གཏན་འབེབས་གཟབ་ནན་གྱིས་ལག་བསྟར་བྱེད་དགོས་པའི་ཛ་དྲག་བརྡ་ཐོ་ཟེར་བ་དང་།
ནན་ཏན་གྱི་སྒོ་ནས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱིས་བཀོད་སྒྲིག་བྱས་པའི་ཉེ་དུས་བརྟན་ལྷིང་སྲུང་སྐྱོབ་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ལག་ལེན་དོན་འཁྱོལ་དགོས་པའི་ཛ་དྲག་བརྡ་ཐོ་ཟེར་བ་གཉིས་བཀྲམ་སྟེ།
བརྟན་ལྷིང་སྲུང་སྐྱོབ་སླད། ལག་གང་སྔ་རྩད་དེ། རང་འགུལ་གྱིས་ཕར་རྒོལ་བྱེད་དགོས་ལུགས་དང་། བརྟན་ལྷིང་བཀོད་འདོམས་ཀྱི་འབྲེལ་ཡོད་ལས་ཁུངས་དང་། ལས་ཁུངས་ཁག རིམ་པ་སོ་སོའི་གྲོང་གསེབ་ཏུ་བཅའ་སྡོད་ལས་དོན་རུ་ཁག
དགོན་སྡེ་དོ་དམ་ཨུ་ལྷན་བཅས་ཀྱི་ལས་དོན་གནས་སྟངས་ལ་ལྟ་སྐུལ་ཞིབ་བཤེར་བྱས་ཏེ། གནད་དོན་བྱུང་མཚམས་འཕྲལ་དུ་ཐག་གཅོད་དང་སྙན་སེང་ཞུ་དགོས་ཞེས་དང་།
བརྟན་ལྷིང་སྲུང་སྐྱོབ་ཀྱི་ལས་དོན་ལ་འཐུས་ཤོར་གཏོང་མཁན་རིམ་པ་གང་གི་ལས་བྱེད་སུ་ཞིག་ཡིན་ཡང་འཕྲལ་མར་ལས་གནས་ཕྱིར་བསྡུ་བྱ་རྒྱུ་དང་།
ཚབས་ཆེ་རིགས་སྲིད་ཁྲིམས་ཚན་པར་ཉེས་དོན་གྱི་འགན་ཁུར་རྩད་ཞིབ་བྱེད་དུ་འཇུག་རྒྱུ་ཞེས་སོགས་དམག་བསྐུལ་གྱི་བརྡ་ཐོ་ལྟ་བུ་ཞིག་བཏང་འདུག
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་འཚེ་མེད་ཞི་བའི་ལམ་ནས་བོད་ཀྱི་རང་དབང་འཐབ་རྩོད་བརྩོན་ལེན་གནང་མཁན་གྱི་དཔའ་བོ་དཔའ་མོ་ཚོའི་ལྷག་བསམ་དང་སྙིང་སྟོབས་ལ་རྗེས་སུ་ཡི་རངས་དང་།
གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་དང་། གཞིས་བྱེས་བོད་མི་ཚེ་སྲོག་གི་ཕུང་པོ་གཅིག་ཏུ་གྲིལ་ཏེ། བོད་རང་དབང་གི་དམིགས་ཡུལ་གཅིག་ལ་འབད་སྒྲུབ་ཀྱི་རླབས་ཕྲེང་དགུང་ལ་འཕྱོ་བའི་སྐབས་འདིར།
མེ་ལྕེའི་ཀློང་ནས་མཆེད་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པའི་འབོད་སྒྲ་རེ་རེ་དང་།
དྲག་དཔུང་གི་མདེལ་ཆར་ཁྲོད་ནས་རང་དབང་ལ་མངོན་དུ་ཕྱོགས་པའི་གད་རྒྱངས་རེ་རེ་ས་ཆེན་འདིའི་བཙན་རྒོལ་ལོ་རྒྱུས་ཀྱི་ཟུབ་ཏུ་མེད་པའི་ལེ་ཚན་གཟི་འོད་འཕྲོ་བ་ཞིག་ཏུ་ཅིས་ཀྱང་འགྱུར་ངེས་ཤིང་།
དམ་བསྒྲགས་ཀྱི་གྲང་ངར་འདིས་བོད་དོན་བདེན་མཐའ་གསལ་བའི་རེ་བའི་ས་བོན་སྦྲུམ་ཡོད་པས། གཞིས་བྱེས་མཉམ་འཛོམས་ཀྱི་མེ་ཏོག་བཞད་པར་ཐེ་ཚོམ་མེད།
རྒྱ་གཞུང་གི་བྱེད་བབ་ལ་བལྟས་ན། དཔུང་དང་འབྱོར་བའི་དྲེགས་པ་རྒྱས་པའི་སྲིད་དབང་འདིས་དུས་རབས་ ༢༡ པའི་ནང་དུའང་ད་དུང་དྲག་ཤུགས་ཁོ་ན་སྐྱབས་སུ་འཛིན་ཞིང་། དཀའ་རྙོག་མཐའ་དག་འབུར་འཇོམས་དང་།
དམ་བསྒྲགས། དྲག་གནོན་ཁོ་ནས་མེད་པར་བཟོ་ཐབས་བྱེད་ཅིང་། དེའི་ལྷན་ཐབས་སུ་རྫུན་དང་། ཧམ་པ། དཀར་ནག་གོ་ལྡོག་གི་དྲིལ་བསྒྲགས་ཡ་ང་བག་ཚ་མེད་པར་སྤེལ་བཞིན་ཡོད། ལྕགས་ཡོས་ལོའི་ནང་བོད་མི་སྐྱ་སེར་ཕོ་མོ་ ༡༩
ཡིས་རང་ལུས་ཞུགས་འབུལ་གནང་སྟེ། སེར་སྐྱ་ ༡༣ སྐུ་སྲོག་ཤོར་ཡོད་པ་དང་། རང་རིགས་ ༦ རང་ལུས་ཞུགས་འབུལ་གནང་རྗེས་གནས་སྟངས་ཇི་ཆགས་ཤེས་རྟོགས་མེད་པར་གྱུར་ཡོད། ཉེ་ཆར་རྒྱ་ནག་གི་དཔྱིད་གསར་དུས་ཆེན་སྐབས།
རྒྱ་གཞུང་སྤྱི་བདེ་ལས་བྱེད་དང་དྲག་ཆས་ཉེན་རྟོག་མི་སྣས་ཞི་རྒོལ་མང་ཚོགས་ཁྲོད་མེ་མདའ་གང་བྱུང་བརྒྱབ་སྟེ། ཉུང་མཐར་ཡང་བོད་མི་ ༥ དམར་གསོད་བཏང་བ་མ་ཟད། བོད་མི་མང་པོ་ཞིག་ལ་རྨས་སྐྱོན་ཕོག་ཡོད་པ་དང་།
བོད་མི་མང་པོ་ཞིག་འཛིན་བཟུང་བཙན་ཁྲིད་བྱས་ཡོད་ཅིང་། ད་ལྟའི་ཆར་ཞི་རྒོལ་འབྱུང་ཡུལ་ས་ཁུལ་ཕལ་ཆེ་བ་མངོན་གསལ་མ་ཡིན་པའི་དྲག་པོའི་ཁྲིམས་གཞི་འོག་བཙུད་དེ།
ཉིན་མཚན་དུས་དྲུག་ཏུ་སྲོག་ཉེན་གྱི་དངངས་སྐྲག་གིས་འཚོ་བཞིན་ཡོད། ད་ནི་རྒྱ་གཞུང་གིས་བོད་མིའི་ཚེ་སྲོག་གི་རིན་ཐང་བརྩི་བཀུར་བྱ་རྒྱུའི་འགྱུར་མཚམས་གལ་གནད་ཅན་ཞིག་ཏུ་སླེབས་ཡོད་ལ།
བོད་མིའི་ཚེ་སྲོག་ཅི་ཙམ་མེ་ལྕེ་དང་མདའ་མཚོན་འོག་རུ་འགྲོ་མིན་དང་། བོད་རྒྱའི་དཀའ་རྙོག་ཇི་ལྟར་སེལ་མིན་གྱི་འགན་ཁུར་དང་ནུས་ཤུགས་ཆ་ཚང་རྒྱ་ནག་གཞུང་ལ་ཡོད་པ་དང་། ད་དུང་མུ་མཐུད་བོད་མིའི་ཐོག་དྲག་གནོན་དང་།
བོད་དོན་འགྲིག་འཇགས་ལ་དུས་འགྱངས་ཀྱི་བྱེད་ཐབས་འབའ་ཞིག་ལག་བསྟར་བྱས་ཚེ། དེ་ལས་བྱུང་བའི་ངན་འབྲས་མཐའ་དག་རྒྱ་གཞུང་གིས་འགན་ཁུར་ལེན་དགོས།
ཉེ་ཆར་སྤྱི་འཐུས་ལྷན་ཚོགས་ནས་སྲིད་འཛིན་ཧུའུ་ཅིན་ཐའོ་ལ་ཡོངས་བསྒྲགས་ཀྱི་སྙན་ཞུ་ཞིག་ཕུལ་ཡོད་པ་དེའི་ནང་སྤྱི་ལྷན་གྱི་བསམ་ཚུལ་དང་དགོས་འདུན་ཁག་གསལ་སྟོན་བྱས་ཡོད་པ་དང་།
སྤྱི་ལྷན་གྱི་སྐུ་ཚབ་ཚོགས་ཆུང་ཞིག་ལྡི་ལིར་ཆེད་བསྐྱོད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ལྡི་ལིར་བཅའ་སྡོད་གཞུང་ཚབ་ཁག་ལ་ཐུག་འཕྲད་ཀྱིས་ཞུ་སྐུལ་བྱ་རྒྱུའི་ལས་འཆར་སྒྲིག་སྐབས།
རྒྱ་ནག་གཞུང་ཚབ་ནས་སྤྱི་ལྷན་སྐུ་ཚབ་ལ་ངོ་ཐུག་བྱ་རྒྱུ་ལྟ་ཞོག
ད་དུང་གཞུང་ཚབ་གཞན་དག་ལ་ཡི་གེ་བཏང་སྟེ་སྤྱི་ལྷན་སྐུ་ཚབ་ལ་ཐུག་འཕྲད་མི་བྱེད་པའི་སྐུལ་སློང་བྱས་འདུག་པ་དེའི་ཐོག་ནས་ཀྱང་སྲིད་དབང་འདིའི་སྐྱུག་བྲོ་བའི་བྱེད་སྟངས་རོབ་ཙམ་མཐོང་ཐུབ་པ་ཡིན།
རྒྱ་གཞུང་ནས་རྒྱལ་སྤྱིའི་རྟོག་ཞིབ་ཚོགས་ཆུང་ཞིག་བོད་ནང་གཏོང་རྒྱུར་ང་ཚོས་འབོད་སྐུལ་རིམ་པར་བྱས་པ་ལ་སྣང་མེད་བཏང་བར་བློ་ཕམ་ཡོད་ཅིང་། བོད་ནང་ཞི་ལྷིང་གི་ཁོར་ཡུག་ཕུགས་འཕེར་ཞིག་དགོས་གལ་མཐོང་གི་ཡོད་ཚེ།
དམག་དཔུང་ཕྱིར་འཐེན་དང་། དྲག་གནོན་མཚམས་འཇོག དེ་བཞིན་གཞུང་ངོས་ནས་བོད་ནང་གི་དངོས་ཡོད་གནས་ཚུལ་ལ་སྒྲོ་སྐུར་གྱི་རྫུན་སྒྲོག་དེ་རིགས་མི་དགོས་པར།
བོད་མིའི་སྐུ་ཚབ་བོད་ནང་གཏོང་རྒྱུའི་སྲིད་འཛིན་ཧུའུ་ལ་ཕུལ་བའི་སྙན་ཞུའི་དོན་གནད་དེའི་སྐོར་བསྐྱར་ནན་ཞུ་རྒྱུ་ཡིན།
རང་དབང་མང་གཙོའི་སྲིད་གཞུང་དང་གྲོས་ཚོགས་ནས་ཀྱང་བོད་ནང་གི་ཛ་དྲག་གནས་སྟངས་ཐད་བློ་འཚབ་དང་གདུང་སེམས་མཉམ་བསྐྱེད་ཀྱི་རྣམ་འགྱུར་བསྟན་པ་གང་ལེགས་ཀྱང་། འགྲོ་བ་མིའི་ཐོབ་ཐང་དང་།
ཡོངས་ཁྱབ་རིན་ཐང་ལ་འདི་ལྟར་རྩིས་མེད་རྡོག་རོལ་གཏོང་བའི་བྱ་སྤྱོད་རྫབ་ཆེན་འདི་ལྟ་བུའི་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་ལ་གནོན་ཤུགས་སྤྲོད་ཐབས་ཀྱི་འགན་འཁུར་མང་ཙམ་ལེན་དགོས་པ་དང་།
རང་དབང་མང་གཙོའི་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམ་པས་དོན་ཕན་ལྡན་པའི་ནུས་ཤུགས་འདོན་རྒྱུར་ང་ཚོས་རེ་སྐུལ་ཤུགས་དྲག་ཞུ་བཞིན་ཡོད།
འཛམ་གླིང་ཁྱོན་དུ་གནས་འཁོད་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་ཕྱི་ཟླ་ ༢ པའི་ཚེས་ ༨ རེས་གཟའ་ལྷག་པའི་ཉིན་བོད་ནང་གདུང་སེམས་མཉམ་བསྐྱེད་ཀྱི་བཀའ་ཤག་གི་མཆོད་འབུལ་སྨོན་ལམ་དང་།
དེ་བཞིན་སྤྱི་ལྷན་གྱི་ལོ་གསར་ཚེས་ ༡ ཉིན་གྱི་ཟས་བཅད་སྨྱུང་གནས་ལ་མཉམ་ཞུགས་རྒྱ་ཆེར་གནང་རྒྱུའི་འབོད་སྐུལ་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༦ ལ།། །
ཏཱ་ལའི་བླ་མ་འདས་རྗེས་ཀྱི་ལྷིང་འཇགས་བྲོ་བ་རྒྱ་ནག་གིས་མྱོང་གི་ཡོད།
མཱར་ཊེ་ན་(Michael Martina)དང་རཱོ་ཌི་(Brian Rhoads)གཉིས་ཀྱིས་བརྩམས།
འཕྲིན་ལས་རྒྱ་མཚོས་བསྒྱུར།
འདས་པའི་ལོ་ངོ་འདི་དག་གི་རིང་ལ་རྒྱ་ནག་གིས་ཏཱ་ལའི་བླ་མ་ནི་གྲྭ་ཆས་གྱོན་པའི་སྤྱང་ཀི་ཞིག་དང་། ཁ་བྲལ་ལས་དོན་སྤེལ་བའི་ཟློས་གར་འཁྲབ་འཁྲིད་པ།
ད་དུང་ཉེ་བའི་ཆར་བོད་མི་ཚོས་རང་ལུས་མེར་བསྲེགས་བཏང་བ་དང་། དེ་མིན་གྱི་ངོ་རྒོལ་ལས་འགུལ་རིགས་ལ་སྐུལ་འདེད་གཏོང་མཁན་དང་ལོག་ཇུས་འདིང་མཁན་ཡིན་པའི་སྐྱོན་བརྗོད་དང་ཁ་རྡུང་བཏང་ཡོད།
ཡིན་ནའང་། ཏཱ་ལའི་བླ་མའི་དགོངས་པ་གཞན་དོན་དུ་གཤེགས་རྗེས་རྒྱ་གཞུང་གི་ལྟ་བ་མཁྲེགས་པོ་ཅན་གྱི་མགོ་ཁྲིད་ཚོར་ཁོང་དྲན་པའི་རྒྱུ་མཚན་ཞིག་འབྱུང་སྲིད།
ལོ་ན་རྒས་པའི་ཆོས་ཀྱི་དབུ་ཁྲིད་འདི་ཉིད་བཞུགས་པའི་བཀའ་དྲིན་དང་ཁོང་གི་འཚེ་བ་མེད་པའི་ལམ་སྟོན་འོག་ད་ལྟའི་བར་དུ་ཟིང་འཁྲུག་གི་མགོ་མནན་ཡོད་མོད། ནམ་ཞིག་ཁོང་མ་བཞུགས་པའི་ཉིན་མོར་དེ་མ་ཐག་གནས་སྟངས་རྣམས་ཇེ་སྡུག་ཏུ་འགྲོ་སྲིད། འདི་ལོའི་སྤྱི་ཟླ་དང་པོར་སི་ཁྲོན་ཞིང་ཆེན་འོག་གི་བོད་མིའི་ས་ཁུལ་དུ་ངོ་རྒོལ་སྐད་འབོད་བྱུང་པ་ནི་འདས་ལོའི་ནང་དུ་གྲྭ་བ་དང་བཙུན་མ་གཙོ་བྱས་པའི་བོད་མི་བཅུ་དྲུག་གིས་རང་ལུས་མེར་བསྲེགས་བཏང་སྟེ། ཕྱི་ལོགས་སུ་བཞུགས་པའི་ཏཱ་ལའི་བླ་མ་བོད་དུ་གདན་འདྲེན་ཞུ་དགོས་པ་དང་བོད་ལ་རང་དབང་དགོས་པའི་ངོ་རྒོལ་མཇུག་སྐྱོང་བྱས་ཡོད།
རྒྱ་ནག་གིས་རང་ལུས་མེར་བསྲེགས་གཏོང་མཁན་ཚོར་འཇིགས་སྐུལ་དྲག་སྤྱོད་རིང་ལུགས་པའི་མིང་བཏགས་ཡོད་པ་མ་ཟད། དེ་མཚུངས་སུ་གཟའ་ལྷག་པའི་ཉིན་རྒྱ་གཞུང་གིས་ཁ་བྲལ་པའི་དཔུང་ཚོགས་ཀྱིས་མིའི་བར་ལ་ཞེ་འཁོན་སློང་བཞིན་ཡོད་པ་དང་། རྒྱ་ནག་གི་དམག་དཔུང་གིས་མགོན་གནོན་བྱས་པའི་ངོ་རྒོལ་དག་ཀྱང་ཁ་བྲལ་བ་ཚོས་ངན་སྐུལ་བྱས་ཞིག་རེད་ཅེས་ཁ་རྡུང་བཏང་ཡོད།
སྔོན་མ་སྐབས་ཤིག་ལ་ཞི་བདེ་ལྷིང་འཇགས་ཡིན་པའི་བོད་ཡུལ་མཐོ་སྒང་དུ་ངོ་རྒོལ་སྐད་འབོད་བྱུང་ཞིང་། རྒྱ་ནག་དང་བཙན་བྱོལ་བོད་གཞུང་གཉིས་བར་གྲོས་མོལ་གྱི་རེ་བ་ཇེ་ཕྲ་རུ་ཕྱིན་པ་དང་ལྷན་དུ། ཏཱ་ལའི་བླ་མའི་དགོངས་པ་གཞན་དོན་དུ་གཤེགས་པའི་ཉིན་དྲག་པོའི་ལས་འགུལ་འབྱུང་བའི་སེམས་ཁྲལ་ཆེ་རུ་འགྲོ་བཞིན་ཡོད།
གལ་ཏེ་འགྱུར་བ་གང་ཡང་མ་ཕྱིན་ཚེ་རྒྱ་ནག་གིས་མུ་མཐུད་དུ་དྲག་པོའི་ཐབས་ལམ་ལ་བརྟེན་ངེས་ཡིན།
ཐའེ་ཝན་དུ་བཞུགས་པའི་ཏཱ་ལའི་བླ་མའི་ཚ་བོ་དོན་འགྲུབ་ལགས་ཀྱིས་བཤད་རྒྱུར། “ད་ལྟ་ལྟ་བ་དང་གནས་བབ་མཁྲེགས་པོ་ཆགས་ཚར་པ་རེད།” ཅེས་དང་། “ སྤྱིར་བཏང་ཏཱ་ལའི་བླ་མའི་འཚེ་མེད་ཞི་བའི་ལམ་སྟོན་གྱིས་བོད་ཀྱི་གཞོན་སྐྱེས་རྣམས་ཞི་འཇམ་དུ་གནས་སུ་འཇུག་ཐུབ་ཡོད” དོན་གྲུབ་ལགས་ནི་བཙན་བྱོལ་གཞུང་གི་ཚོགས་མི་ཟུར་བ་ཞིག་ཡིན་པ་དང་གཞུང་འབྲེལ་གྲོས་མོལ་གྱི་ཆེད་དུ་རྒྱ་ནག་ལ་ཐེངས་བཅོ་ལྔ་ཙམ་འགྲོ་མྱོང་མོད།
དེའི་རྗེས་སུ་གྲོས་མོལ་ལ་དོན་ཕན་མ་བྱུང་བར་མཚམས་ཆད་པ་རེད།
དོན་འགྲུབ་ལགས་ཀྱིས་བཤད་པ་ལྟར་ན། དགུང་ལོ་ ༧༦
ལོ་སོན་པའི་གྲྭ་བ་ཁོང་གི་སྐུ་གཟུགས་བདེ་ཐང་ཡིན་པ་མ་ཟད། ཁོང་གིས་ཉིན་ལྟར་རྒྱུག་རྩལ་འཕྲུལ་ཆས་སྤྱད་དེ་ལུས་རྩལ་སྦྱོང་པ་དང་སྨན་པ་ཡང་ལག་ཐོག་ཏུ་ཡོད་ཟེར། ཉེ་ཆར་ལྡི་ལི་གསར་པར་ཁོང་གི་མིག་ལ་གཤག་བཅོས་ཕྲན་བུ་བྱས་ཡོད་ན་ཡང་ད་དུང་ལོ་ཉི་ཤུ་ལྷག་ལ་བཞུགས་པའི་རེ་བ་རྒྱག་གི་ཡོད། དོན་འགྲུབ་ལགས་ཀྱིས།
“༧གོང་ས་མཆོག་ཇི་སྲིད་འཚོ་བའི་བར་དུ་ང་ཚོ་འཚེ་མེད་ཞི་བ་ཡིན་ལ་ཚང་མས་ཁོང་གི་དགོངས་ཚུལ་ལ་བརྩི་བཀུར་བྱེད།
གལ་ཏེ་༧གོང་ས་མཆོག་གློ་བུར་དུ་མ་བཞུགས་པའི་གནས་ཚུལ་བྱུང་ན་རྒྱ་ནག་གཞུང་ལ་དཀའ་ངལ་ལྷག་མ་མང་པོ་ཞིག་འཕྲད་ངེས་ཡིན།” ཟེར།
འབྱུང་འགྱུར་གྱི་བྲོ་བ་ཞིག
ཉེ་བའི་ཆར་རྒྱ་གཞུང་གིས་བོད་ཐོག་ལག་བསྟར་བྱས་པའི་དྲག་སྤྱོད་དེ་ནི་ ༢༠༠༨ ལོར་རྒྱ་ནག་གིས་བོད་ཀྱི་ས་ཁུལ་དག་ཏུ་ཟིང་འཁྲུག་བྱུང་སྟེ། མ་མཐར་ཡང་མི་བཅུ་དགུའི་ཚེ་སྲོག་ཤོར་བའི་དོན་རྐྱེན་གྱི་རྗེས་སུ་བྱུང་བའི་གནས་ཚུལ་ཚབས་ཆེ་ཤོས་དེ་ཡིན། རྒྱ་ནག་གིས་བཤད་བཞིན་པའི་བོད་རང་སྐྱོང་ལྗོངས་ནི་ད་དུང་ཡང་དྲག་གནོན་ཤུགས་ཆེན་འོག་གནས་ཡོད།
ཕྱི་རྒྱལ་ཁག་གི་བོད་དོན་རྒྱབ་སྐྱོར་ཚོགས་ཚོས་བཤད་པ་ལྟར་ན།
སི་ཁྲོན་དུ་ངོ་རྒོལ་སྐད་འབོད་བྱུང་སྐབས་ཉེན་རྟོག་པས་དྲག་གནོན་བྱས་ཏེ་བོད་མི་ ༧ མེ་མདའི་འོག་ཏུ་རྐྱེན་འདས་སུ་སོང་ཡོད་པ་དང་མི་ ༦༠ ལ་རྨས་སྐྱོན་བྱུང་ཡོད་འདུག རྒྱ་གཞུང་གིས་གསར་ལམ་ཁག་ཏུ་ཉེན་རྟོག་པས་མེ་མདའ་བརྒྱབ་པའི་རྒྱུ་མཚན་ནི་རང་ཉིད་སྲུང་སྐྱོབ་ཆེད་རེད་ཟེར།
དུས་དེ་ནས་བཟུང་རྒྱ་གཞུང་གི་བདེ་འཇགས་མི་སྣས་བོད་ཀྱི་མཁའ་དབྱིངས་ཆེན་པོ་དེ་ཡོངས་སུ་བཀབ་སྟེ་གནས་ཡོད། སི་ཁྲོན་ནང་དྲག་སྤྱོད་ཀྱི་ལས་ཀྱི་གནས་ཚུལ་བྱུང་བའི་ས་ཁུལ་ལས་སྤྱི་ལེ་བརྒྱ་ཕྲག་གི་མཚམས་སུ་ཡོད་པའི་དན་པ་ཞང་དུ་ཡང་ཉེན་རྟོག་དམག་དཔུང་གིས་ཡོངས་སུ་བསྐོར་ཡོད་པ་མ་ཟད།
ཞིབ་དཔྱོད་ས་ཚིགས་ཆེད་དུ་བཙུགས་ཏེ་བོད་པའི་ངོ་རྒོལ་ལས་འགུལ་འདི་ས་ཆ་གཞན་དུ་མི་ཁྱབ་པ་དང་། ཕྱི་རྒྱལ་གྱི་གསར་འགོད་པ་ནང་དུ་མི་གཏོང་རྒྱུར་ཤུགས་སྣོན་བྱེད་བཞིན་ཡོད། ཉེན་རྟོག་དམག་དཔུང་གིས་བཙུགས་པའི་འགག་སྒོ་དེ་དག་གིས་བོད་ཀྱི་དགོན་སྡེ་རྣམས་བཟང་བཙོན་ལྟ་བར་བཞག་ཡོད་པ་མ་ཟད། གཞུང་གི་ལས་ཚོས་ལམ་ཁ་བདེ་འཇགས་མིན་ཚུལ་བཤད་དེ་གསར་འགོད་པ་རྣམས་ཕྱིར་སློག་གཏོང་གི་ཡོད།
གཅིག་བྱས་ན་འདི་ནི་འབྱུང་འགྱུར་གྱི་བྲོ་བ་ཞིག་ཡིན་ངེས།
འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པའི་ཉམས་ཞིབ་པ་ནེ་ཁོ་ལ་སི་ (Nicholas Bequelin) ལགས་ཀྱིས། “བོད་མི་ཚོས་གཅིག་གྱུར་ཐོག་ཏཱ་ལའི་བླ་མ་བོད་ནང་གདན་འདྲེན་ཞུ་འཇུག་དགོས་པའི་འབོད་ཚིག་སྒྲོག་བཞིན་པར་གཞིགས་ན། ཏཱ་ལའི་བླ་མ་ཕྱི་ལོགས་ནས་སྐུ་གཤེགས་པའི་ཉིན་མོར་ཚོད་དཔག་བྱེད་དཀའ་བའི་ངོ་རྒོལ་གྱི་རྦ་རླབས་ཤིག་འཕྱུར་སྲིད་ལ། དེ་ནི་ ༢༠༠༨
ལས་ལྷག་པ་ཞིག་ཡིན་ངེས་པར་མ་ཟད། རྒྱ་ནག་གི་དྲག་གནོན་ཡང་དེ་ལས་གཏུམ་སྤྱོད་ཆེ་བ་ཞིག་ཡིན་ངེས།” ཞེས་བརྗོད་འདུག
རྒྱ་ནག་ནི་འདས་པའི་ལོ་མང་རིང་རླབས་ཆེ་བའི་དབུ་ཁྲིད་ཏིན་ཞོ་ཕིན་དང་འདི་ལོའི་ལོ་མཇུག་ལ་མགོ་ཁྲིད་བརྗེ་སྒྱུར་གྱིས་རྒན་ཡོལ་ཞུ་བཞིན་པའི་སྲིད་འཛིན་ཧུའུ་ཅིན་ཐོ་གཉིས་ཀྱི་འཛུགས་སྐྲུན་དང་གཉའ་གནོན་ཟུང་དུ་འབྲེལ་བའི་ལག་ལེན་ཞིག་ལ་བརྟེན་ཏེ་བསྡད་པ་རེད། ༡༩༨༨ ནས་ ༨༩ ལོའི་བར་བོད་རང་སྐྱོང་ལྗོངས་ཀྱི་དམར་ཕྱོགས་ཚོགས་པའི་ཚོགས་གཙོ་བྱས་མྱོང་བའི་ཧུའུ་ཅིན་ཐོ་ཡིས་ཏན་ཏན་འགྲོ་ལུགས་ཤིག་བཙུགས་ཡོད།
༡༩༨༩ ལོའི་སྤྱི་ཟླ་གསུམ་པའི་ནང་དུ་བོད་ལ་རྒྱ་ནག་གི་མགོ་ཁྲིད་ཚོས་དྲག་གནོན་གྱི་ཁྲིམས་ཡིག་བསྒྲགས་པ་མ་ཟད། སྔོན་ཏཱ་ལའི་བླ་མ་བྲོས་བྱོལ་དུ་འགྲོ་དགོས་ཐུག་པའི་ལས་འགུལ་ཏེ། བོད་མིའི་སྒེར་ལངས་ཆེན་མོའི་དུས་དྲན་ཐེངས་སུམ་ཅུ་པ་མུ་མཐུད་དུ་འགྲོ་བཞིན་ཡོད་པ་ལ་རྒྱ་ནག་གིས་ཁྲག་དྲི་བྲོ་བའི་དྲག་གནོན་བྱས།
ཐའེ་ཝན་དང་མཚུངས་པར། རྒྱ་ནག་གི་དཔོན་རིགས་ཚོས་བོད་ལ་འཛིན་པའི་སྲིད་ཇུས་ལ་འགྱུར་པ་མེད་ལ།
ཁོང་ཚོའི་བསམ་པར་བོད་ནི་ཁོང་ཚོར་བདག་དབང་ཡོད་པའི་ས་ཁུལ་ཞིག་ཡིན། ད་ལྟའི་རྒྱ་ནག་གི་སྲིད་འཛིན་གཞོན་པ་དང་འབྱུང་འགྱུར་གྱི་སྲིད་འཛིན་ཞི་ཆེན་ཕིན་གྱིས་གུ་ཡངས་འཛིན་སྲིད་པའི་རྣམ་འགྱུར་ཅན་གྱི་ལས་དོན་གང་ཡང་བསྒྲུབས་མེད་པ་མ་ཟད། ལོ་སྔོན་མའི་ནང་ཚོགས་པའི་བོད་ཞི་བས་བཅིངས་གྲོལ་བཏང་ནས་ལོ་འཁོར་ ༦༠ འཁོར་པའི་དུས་དྲན་སྟེང་ཁོང་གིས་ཁ་བྲལ་བར་དྲག་གནོན་བྱ་རྒྱུའི་དམ་བཅའ་བཞག་ཡོད།
བོད་པའི་ཆོས་ཀྱི་དབུ་ཁྲིད་ཏཱ་ལའི་བླ་མའི་ཡང་སྲིད་ཀྱི་གནད་དོན་དཀའ་མོ་དེ་ཡང་ད་དུང་ཐག་གིས་བཅད་མེད། འདི་ལ་རྒྱ་ནག་གཞུང་གིས་ཐེ་གཏོགས་འགོག་ཕྱིར། ཏཱ་ལའི་བླ་མ་རང་ཉིད་ཀྱིས་སྲོལ་རྒྱུན་ལམ་ལུགས་དོར་ཏེ་དམངས་གཙོའི་རང་བཞིན་ལྡན་པའི་འོས་ཤོག་ལ་བསྐུལ་བ་དང་། ཡང་ན། རང་གི་ཡང་སྲིད་རང་གིས་ངོས་འཛིན་བྱ་སྲིད་པའི་བརྡ་བསྟན་ཡོད།
རྒྱ་ནག་གཞུང་གིས་ཏཱ་བླ་མ་གཅིག་གིས་ཏཱ་ལའི་བླ་མ་གཞན་ཞིག་འདེམས་པ་ནི་ལོ་རྒྱུས་རང་བཞིན་ལྡན་པའི་ཆོས་ལུགས་ཀྱི་ལག་ལེན་དང་འགལ་ཡོད་ཚུལ་ཤོད་བཞིན་ཡོད་པ་མ་ཟད། ཡང་སྲིད་ངོས་ལེན་བྱེད་པའི་དབང་ཚད་ཁོ་རང་ཚོར་ཡོད་སྐོར་ཤོད་ཀྱི་ཡོད། ཡང་སྐོར་ཞིག་གིས་རྒྱ་གཞུང་གིས་གང་འདོད་དུ་ཏཱ་ལའི་བླ་མའི་སྤྲུལ་སྐུ་ཞིག་ངོས་འཛིན་བྱེད་པ་དང་བསྟུན་ནས།
བོད་ཕྱི་ལོགས་སུ་གནས་པའི་ཏཱ་ལའི་བླ་མ་གཅིག་དང་བོད་ནང་དུ་ཡོད་པའི་ཏཱ་ལའི་བླ་མ་གཅིག་ཆགས་ཏེ་བོད་མི་རྣམས་ཕྱོགས་གཉིས་སུ་གྱེས་རྒྱུར་ཞེད་སྣང་བྱེད་ཀྱི་ཡོད།
རྒྱ་ནག་གིས་བོད་རླག་བཞིན་ཡོད་དམ།
ཀོ་ལིམ་བྷི་ཡ་མཐོ་སློབ་ཀྱི་བོད་རིག་པའི་མཁས་པ་བྷར་ནཱད་ཁྲི (Robbie Barnett) ལགས་ཀྱིས་བཤད་རྒྱུར། ཏཱ་ལའི་བླ་མ་ཡུལ་གྱར་གནས་སྟངས་འོག་འདས་གྲོངས་སུ་ཕྱིན་ན། དེ་ནི་བོད་པ་རྣམས་ལ་མཚོན་ན་ཧ་ཅང་གལ་ཆེ་བའི་གནད་དོན་ཞིག་ཡིན་སྟབས། རྒྱ་བོད་གཉིས་བར་འགྲིག་མཐུན་ཚད་ལྡན་ཞིག་ཡོང་བའི་རེ་བ་ཡོད་ཚད་མེད་བརླག་ཏུ་བཟོ་ངེས། ཁོང་གིས་མུ་མཐུད་དུ་བཤད་རྒྱུར། “གལ་སྲིད་གནད་དོན་གང་ལ་ཡང་ཐག་གཅོད་མ་བྱུང་བར་ཏཱ་ལའི་བླ་མ་འདས་གྲོངས་སུ་ཕྱིན་པ་ཡིན་ན། ཡིད་ཆེས་བསྐྱར་གསོ་བྱེད་པ་ལ་དུས་རབས་གཅིག་གི་ཕྱེད་ཀ་དགོས་ངེས་ཡིན།” ཞེས་བཤད་འདུག
དྲག་པོའི་ཐབས་ལ་ཤུགས་ཆེན་བརྟེན་པ་ཡིན་ན་རྒྱལ་སྤྱིའི་སྤྱི་ཚོགས་ལ་སེམས་ཁྲལ་བསླང་ངེས་ལ། དེ་ཡིས་རྒྱ་ནག་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་བར་ཆབ་སྲིད་ཀྱི་དཀའ་རྙོག་བསླང་སྲིད་པ་མ་ཟད། བཙན་བྱོལ་བོད་གཞུང་ལ་སྡོད་གནས་མཁོ་སྤྲོད་བྱེད་བཞིིན་པ་དང་མཐའ་མཚམས་ཀྱི་རྩོད་རྙོད་ཡོད་པའི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་ལའང་ཆབ་སྲིད་ཀྱི་རྩོད་རྙོག་བསླང་སྲིད།
བྷར་ནཱད་ཁྲི་ལགས་ཀྱིས་མུ་མཐུད་དུ་བཤད་རྒྱུར། “རྒྱ་ནག་གི་གཞུང་འཛིན་པ་ཚོའི་ནང་དུ་དྲག་པོའི་ཐབས་ལ་བརྟེན་ཏེ་གནད་དོན་འདི་དག་རེ་ཞིག་ཐག་གཅོད་བྱ་ཐུབ་པར་ཡིད་ཆེས་བྱེད་མཁན་ཡོད་ལ།
ཚད་ངེས་ཅན་ཞིག་ལ་དེ་ནི་བདེན་པར་འགྲུབ། འོན་ཀྱང་། དེ་ལྟར་རྒྱུན་རིང་དུ་སོང་བ་ཡིན་ན་འགྲོ་གྲོན་གྱི་དཀའ་ངལ་འཕྲད་ངེས་པར་མ་ཟད།
རྒྱ་ནག་གཞུང་ལ་ཡིད་ཆེས་བྱེད་མཁན་མེད་པར་འགྱུར་བ་དང་རྒྱལ་སྤྱིའི་སྟེང་དུ་མཇུག་འབྲས་ཚབས་ཆེན་འབྱུང་ངེས་ཡིན།” ཞེས་བརྗོད་ཡོད། རྒྱ་ནག་གཞུང་གིས་ཤུགས་ཀྱིས་སྒྲོག་བཞིན་པ་ནི། ཁོང་ཚོས་རྒྱ་སྒོར་དུང་ཕྱུར་ ༡༦༠༠ ལྷག་བཏང་སྟེ་བོད་དབུལ་ཕོངས་ལས་བསྐྱབས་པ་མ་ཟད། འདས་པའི་ལོ་ངོ་ ༦༠ ནང་དུ་བོད་ལ་རོགས་སྐྱོར་དེ་ལས་མང་བ་བྱས་ཏེ་ལོ་ངོ་བཅོ་བརྒྱད་ཀྱི་རིང་ལ་བསྟུད་མར་ཨང་ཀི་གཉིས་ཅན་ཀྱི་དཔལ་འབྱོར་ཡར་རྒྱས་སུ་སོང་བ་འདི་ཡིན།
འོན་ཀྱང་། གནས་ཚུལ་དབྱེ་ཞིབ་པ་དག་གིས་བཤད་པ་ལྟར་ན།
རྒྱ་ནག་གཞུང་གིས་རང་དབང་ལ་བཀག་སྡོམ་བྱེད་བཞིན་དཔལ་འབྱོར་འཛུགས་སྐྲུན་ལ་ཤུགས་གནོན་བྱས་པར་གྲུབ་འབྲས་ལྡོག་ཕྱོགས་ནས་ཐོན་ཡོད། སྲིད་ཇུས་འདི་ལ་བོད་རང་སྐྱོང་ལྗོངས་ཀྱི་བོད་མི་ཚོའི་རྒྱབ་སྐྱོར་ཐོབ་མེད་པ་མ་ཟད།
དེའི་མཐའ་འཁོར་དུ་གནས་པའི་ཞིང་ཆེན་ཁག་ནང་གི་བོད་མི་རྣམས་ཏཱ་ལའི་བླ་མ་དང་བློ་ཐག་ཉེ་རུ་བཏང་ཡོད། བརྒྱད་ཅུ་གྱ་གྲངས་དང་དགུ་བཅུ་གོ་གྲངས་ནང་ལྷ་ས་དྲག་པོའི་ལས་འགུལ་ནང་ཡོངས་སུ་གཡོགས་ཡོད་ན་ཡང་། སི་ཁྲོན་དང་མཚོ་སྔོན་སོགས་ལྷིང་འཇགས་སུ་གནས་ཡོད།
ད་ནི་སི་ཁྲོན་ནང་དུ་ཡང་དྲག་པོའི་ལས་འགུལ་བྱུང་ཟིན་པ་དང་སྲོལ་རྒྱུན་དག་ཀྱང་འགྱུར་བཞིན་ཡོད།
བྷར་ནཱད་ཁྲི་ལགས་ཀྱིས་བཤད་ན། བོད་ཤར་ཕྱོགས་ཁུལ་དུ་གནས་པའི་བོད་མི་རྣམས་ཀྱིས་ནམ་རྒྱུན་རྒྱ་ནག་སྤྱི་དང་དུས་གཅིག་ཏུ་ལོ་སར་ལ་རོལ་བཞིན་ཡོད་མོད།
ད་ནི་བོད་མི་དེ་དག་གིས་ཀྱང་ལོ་སར་ཕྱིར་འགྱངས་བྱས་ཏེ་ལོ་ངོ་བརྒྱ་ཕྲག་འགའ་ལ་ཏཱ་ལའི་བླ་མ་དང་ཐག་ཉེ་བའི་དབུས་ཁུལ་གྱི་ལོ་སར་དང་དུས་བསྟུན་བྱེད་བཞིན་ཡོད།
ཁོང་གིས་མུ་མཐུད་དུ་བཤད་རྒྱུར། “རྒྱ་ནག་གིས་བོད་ཀྱི་མཐོ་སྒང་གི་ས་ཁྱོན་རྒྱ་ཆེན་པོ་ཞིག་བོད་ཀྱི་རྒྱལ་གཅེས་ཚོར་ཤུགས་ཀྱི་ནང་ལ་ཚུད་དུ་བཅུག་པ་རེད།”
དེས་ན། “ཅིའི་ཕྱིར་ང་ཚོས་རྙོག་དྲ་ཆེན་པོ་མེད་པའི་བོད་ཤར་ཕྱོགས་ཁུལ་དུ་སྲིད་ཇུས་འདི་གཏན་འབེབས་བྱས་པ་རེད། ངས་ཚོས་ཅིའི་ཕྱིར་དེ་ལྟར་བྱས་པ་དང་། ང་ཚོའི་ལག་ནས་བོད་ཤོར་བའི་རྒྱུ་མཚན་ཅི་ཡིན།
ཞེས་འབྱུང་འགྱུར་གྱི་ལོ་རྒྱུས་པ་དག་གིས་དྲི་བ་འདི་འདྲི་ངེས་ཡིན”
༼ ཟླ་འདིའི་ཕྱི་ཚེས་ ༣ ཉིན་རེའུ་ཊིར་(Reuters) གསར་ཁང་གི་དྲ་ཚིགས་སྟེང་སྤེལ ༽
གཟའ་པ་སངས་ཉིན་གསེར་རྟ་རྫོང་ཕུ་འུ་ཡུལ་ཚོ་རུ་བོད་མི་གསུམ་གྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་པ་དང་།
ཁོང་ཚོའི་ཁྲོད་བོད་མི་གཅིག་འདས་གྲོངས་སུ་ཕྱིན་ཡོད་འདུག
འདི་གར་གནས་ཚུལ་བཏང་འབྱོར་ལྟར་ན། ཟླ་འདིའི་ཚེས་ ༣ ཉིན་གསེར་རྟ་རྫོང་ཕུ་འུ་ཡུལ་ཚོ་ཞོ་སང་སྡེ་བའི་རང་ལོ་ ༦༠ ཡས་མས་ཡིན་པའི་ཚབ་ཚའི་ཚེ་རིང་ལགས་དང་། འབུམ་ཤུལ་སྡེ་བའི་རང་ལོ་ ༣༠
ཡས་མས་ཡིན་པའི་སྐྱ་རིས་ལགས། དེ་བཞིན། མིང་དང་ས་གནས་སོགས་གསལ་པོ་ཤེས་རྟོགས་བྱུང་མེད་པའི་གཞན་གཅིག་བཅས་བོད་མི་ ༣ གྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་ཡོད་པ་དང་།
ཁོང་ཚོའི་ཁྲོད་ཀྱི་མིང་དང་ས་གནས་གསལ་བོ་ཤེས་ཐུབ་མེད་པའི་བོད་མི་དེ་འདས་གྲོངས་སུ་ཕྱིན་ཡོད་འདུག
ཉེ་བའི་ཆར་གསེར་རྟ་རྫོང་ཁོངས་སུ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཐེངས་མང་བྱུང་བར་བརྟེན། རྒྱ་ནག་གཞུང་གིས་དྲག་བྱས་པ་མ་ཟད།བརྒྱུད་ལམ་ཚང་མ་བཀག་འགོག་བྱས་ཡོད་སྟབས། ད་ལྟ་ཕན་ཚུན་འབྲེལ་བ་བྱེད་རྒྱུར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་རེད།
ཕྱི་ཟླ་ ༡ ཚེས་ ༡༨ ཉིན་གསེར་རྟ་རྫོང་ཕུའུ་ཤང་དུ་རླུང་རྟའི་རྒྱབ་ངོས་སུ་བོད་ཀྱི་རྒྱལ་དར་དང་། དེའི་མཐའ་སྐོར་དུ་༸རྒྱལ་དབང་བསྟན་འཛིན་རྒྱ་མཚོ་ཁྲི་ལོ་བརྟན་པར་ཤོགབོད་རྒྱལ་ལོ། སོགས་བྲིས་འདུག་པའི་ཡིག་ཆ་དེ་བསྐྱར་དུ་ས་གནས་གང་སར་གཏོར་འགྲེམས་བྱས་ཡོད་འདུག
དུས་བབ་ལས།
བཀའ་ཤག་གིས་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁག་ལ་བཏང་བའི་བརྡ་ཁྱབ་ནང་། ཕྱི་ཟླ་ ༢ པའི་ཚེས་ ༨
རེས་གཟའ་ལྷག་པའི་ཉིན་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་འཛམ་གླིང་ཡོངས་སུ་ཉིན་བརྒྱ་དུས་གཅིག་ཏུ་བོད་དོན་ལས་འགུལ་དང་མཆོད་འབུལ་སྨོན་ལམ་གནང་དགོས་ཤིང་། ཉིན་དེར་བོད་མི་རྣམས་ཀྱིས་ངེས་པར་དུ་བོད་ཆས་གྱོན་ཏེ་ཁ་རས་ནག་པོ་དཀྲིས་ཏེ་བདེན་ཚིག་སྨོན་ལམ་འདོན་དགོས་པ་དང་། ཕྱི་ཟླ་ ༢ ཚེས་ ༢༢ ཉིན་བོད་ཀྱི་ལོ་གསར་ལ་འཁེལ་སྟབས། ཉིན་དེར་བོད་མི་ཚོས་ཆོས་ཕྱོགས་དང་སྲོལ་རྒྱུན་བྱེད་སྒོ་ཁག་མ་གཏོགས་སྤྲོ་སྐྱིད་རིགས་མི་གཏོང་རྒྱུར་འབོད་སྐུལ་ཞུ་བཞིན་ཡོད། ཅེས་བཀོད་འདུག
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བརྡ་ཁྱབ་ནང་། སྤྱི་འཐུས་ལྷན་ཚོགས་ཀྱིས་ལྡི་ལིར་བཅའ་བཞུགས་གཞུང་ཚབ་ཁག་ལ་བོད་ནང་གི་ཛ་དྲག་གནས་སྟངས་ཞུ་སྐུལ་དང་། རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ལ་སྙན་ཞུ་བསྐུར་བ། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་དཔོན་རིགས་ཁག་ལ་ཞུ་སྙན་འབུལ་རྒྱུ་དང་།རྒྱལ་ཚོགས་དྲུང་ཆེར་སྤྱི་འཐུས་ཀྱི་ཚབ་ཐུག་ཐབས་བྱ་རྒྱུ། ཕྱི་རྒྱལ་གྲོས་ཚོགས་ཁག་ཏུ་བོད་དོན་ཐོག་རྒྱབ་སྐྱོར་གྲོས་ཆོད་སྣོན་འཇོག་ཡོང་ཐབས་གནང་རྒྱུ་ཡིན་ཚུལ་སོགས་བཀོད་འདུག
གཞན། ཞི་རྒོལ་ནང་འདས་གྲོངས་སུ་ཕྱིན་པ་དག་གི་ཆེད་ཆུ་འབྲུག་ལོའི་ལོ་གསར་སྐབས། ཆོས་ཕྱོགས་ཀྱི་བྱེད་སྒོ་ཙམ་ལས་གཞས་ཞབས་བྲོ་སོགས་མི་གཏོང་རྒྱུ་དང་། ལོ་གསར་བསང་གསོལ་སྐབས་བདེན་ཚིག་སྨོན་ལམ་དང་། བོད་སྐྱོང་ལྷ་སྲུང་འཕྲིན་བསྐུལ།
གུ་རུའི་ཐུགས་དམ་གནད་བསྐུལ། གསོལ་འདེབས་བདེན་པའི་རྔ་སྒྲ་སོགས་བགྲང་གསོག་གནང་རྒྱུ། ལོ་གསར་ཚེས་གཅིག་ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཚེས་གཏོར་གྲུབ་རྗེས་ངྷ་སར་གནས་བཞུགས་སྤྱི་འཐུས་རྣམ་པས་དགོང་དྲོའི་ཆུ་ཚོད་ ༥ པ་བར་ཟས་བཅད་སྨྱུང་གནས་གནང་རྒྱུ་དང་། སྐབས་དེར་བཞུགས་སྒར་ཉེ་ཁུལ་གྱི་མི་མང་མཉམ་ཞུགས་དང་ས་གནས་ཁག་ནས་ཀྱང་དེ་ལྟར་ཡོང་བའི་འབོད་སྐུལ།
ད་ལོའི་ལོ་གསར་ནས་བཟུང་བོད་མི་གནས་ཡུལ་ས་གནས་ཡོངས་སུ་ལྷག་དཀར་ནམ་ཡིན་ལ་བོད་ཟས་དང་བོད་གོས། བོད་སྐད་བཀོལ་སྤྱོད་སོགས་བོད་པའི་ཆོས་དང་རིག་གཞུང་རྒྱུན་འཛིན་གྱི་བྱེད་སྒོ་ཁག་སྲུང་གཙི་དང་། ལོ་གཅིག་རིང་གཞིས་ཆགས་ཁག་ཏུ་ཟླ་རེའི་ལྷག་དཀར་དང་པོ་སྲུང་བརྩི་ཞུ་ཆེད།
འབྲེལ་ཡོད་གོ་སྒྲིག་བྱེད་མཁན་ནས་ལྷག་དཀར་སྲུང་བརྩི་དགོས་པའི་རྒྱུ་མཚན་ངོ་སྤྲོད་དང་༸གོང་ས་མཆོག་གིས་ལྗགས་རྩོམ་གནང་བའི་ཞལ་འདོན་ཁག་བཞི་སྒྲོག་འདོན་བྱེད་དགོས།
ཞེས་སོགས་བཀོད་འདུག
༡༠༡༢།༢།༤
གནས་ཚུལ་བཏང་འབྱོར་ལ། དེ་རིང་ཡུ་རོབ་བོད་རྒྱ་མཛའ་འབྲེལ་མཐུན་ཚོགས་དང་། བོད་རྒྱ་སོག་པོ་ཡུ་གུར་མཉམ་འབྲེལ་མཐུན་ཚོགས་ཞུ་བ་གཉིས་ཐུན་མོང་ཐོག ༼ རྒྱ་དམར་གཞུང་གིས་བོད་མིའི་ཞི་རྒོལ་ལ་ཁྲག་དྲི་བྲོ་བའི་དྲག་གནོན་ལ་རྒོལ་གཏམ ༽
ཞེས་པ་ཞིག་སྤེལ་ཏེ། བོད་ནང་རྒྱ་གཞུང་གིས་དྲག་པོའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་སྐྱོན་བརྗོད་བྱས་འདུག
བསྒྲགས་གཏམ་ནང་བཀོད་དོན། “ ཕྱི་ལོ་ ༢༠༡༢ ལོའི་དཔྱིད་གསར་དུས་ཆེན་རྗེས་ཀྱི་ཉིན་ཤས་ནང་ཟི་ཁྲོན་ཞིང་ཆེན་གྱི་ནུབ་ཕྱོགས་སུ་ཆགས་པའི་བོད་ཀྱི་ས་ཁུལ་གསེར་རྟ་དང་།
མགོ་ལོག་རྔ་པ་སོགས་ཀྱི་བོད་མིས་འགྲོ་བ་མིའི་ཐོབ་དང་རང་དབང་གྱི་འབོད་ཚིག་ཐོག་ཞི་བའི་སྐད་འབོད་ལ་རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་དམག་དཔུང་གིས་དྲག་པོའི་མཚོན་ཆ་བེད་སྤྱད་དེ་དྲག་གནོན་བྱས་པ་མ་ཟད། མེ་མདའ་གང་བྱུང་བརྒྱབ་ནས་བོད་མི་དྲུག་དམར་གསོད་དང་། དེ་བཞིན་མི་ཉུང་བ་ཞིག་ལ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད། ང་ཚོའི་ངོས་ནས་དེ་ནི་མི་རིགས་ཁེར་རྐྱང་གཅིག་གི་དྲག་གནོན་མ་ཡིན་པར་ཉེ་བའི་ཆར་ནང་སོག་དང་། ཡུ་གུར་མི་རིགས་ལའང་སྔར་བས་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད།
དཔེ་མཚོན་ཞིག་ཞུས་ན། རྒྱ་དམར་དབང་འཛིན་པས་ཁཱ་ཟླ་ཡི་ནང་མི་ཚང་མར་སྡུག་གཅོད་མནར་གཅོད་དང་། དེ་བཞིན་ཡུ་གུར་མི་རིགས་དང་དམངས་གཙོའི་ལས་འགུལ་བར་ཉིན་རེ་བཞིན་གནོད་འཚེ་དང་དམ་དྲག་ཇེ་ཆེར་གཏོང་བཞིན་ཡོད ” ཅེས་བཀོད་འདུག
བསྒྲགས་གཏམ་ནང་མུ་མཐུད་དུ་བསྟན་དོན “ ངེད་ཡུ་རོབ་བོད་རྒྱ་མཛའ་འབྲེལ་མཐུན་ཚོགས་དང་།
བོད་རྒྱ་སོག་པོ་ཡུ་གུར་མཉམ་འབྲེལ་མཐུན་ཚོགས་ཀྱིས་རྒྱ་གཞུང་གིས་བོད་མིའི་ཐོག་སླར་ཡང་དྲག་གནོན་བྱས་པ་ལ་རྒོལ་གཏམ་དྲག་པོ་གཏོང་རྒྱུ་ཡིན། དེ་དང་དུས་མཚུངས་བོད་མིས་དམངས་གཙོ་དང་རང་དབང་འགྲོ་བ་མིའི་ཐོབ་ཀྱི་བདེན་པའི་འཐབ་རྩོད་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་དང་།
ཞི་བའི་ལས་འགུལ་ནང་སྐུ་སྲོག་ཤོར་བ་དང་རྨས་མ་དེ་བཞིན་རྒྱ་ཡི་བཙོན་འོག་ཏུ་ཚུད་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན་ལ།
རྒྱལ་སྤྱིའི་སྤྱི་ཚོགས་དང་རྒྱལ་ཁབ་ཁག་གི་སྲིད་གཞུང་གིས་དཀའ་ཚེགས་ཆེ་བའི་དུས་ཚོད་ལ་བྱ་ཐབས་ནན་ཏན་དང་ལག་ལེན་ངོ་མའི་ཐོག་ནས་བོད་མིའི་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་ཐུབ་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན།
ཞེས་སོགས་བཀོད་འདུག
རྒྱ་གཞུང་གིས་ཤིན་ཅང་ནང་དམག་མི་ ༨༠༠༠ བསྡུ་རུབ་བྱས་ཏེ། སྡེ་བ་རེའི་ནང་ཉུང་མཐར་དམག་མི་རེ་གདན་སྡོད་ཀྱི་དམ་དྲག་སྲིད་ཇུས་ལག་བསྟར་བྱ་བཞིན་འདུག
ཉེ་ཆར་རྒྱ་གཞུང་གིས་ཤིན་ཅང་ས་ཁུལ་གྱི་གྲོང་རྡལ་ཁག་ཏུ་སྲང་ལམ་དོ་དམ་ཁང་དང་། གཞི་རིམ་སྡེ་བ་སོ་སོའི་ནང་ཉེན་རྟོག་ལས་ཁུངས་རེ་གསར་འཛུགས་ཀྱི་མགོ་བརྩམས་ཤིང་། ཉེན་རྟོག་དམག་མི་ ༨༠༠༠
ལྷག་བསྡུ་རུབ་ཀྱིས་སྡེ་བ་རེའི་ནང་དམག་མི་གཅིག་རེ་དང་། ཡང་ན། དམག་མི་འགའ་རེ་གཏན་སྡོད་ཀྱི་སྲིད་ཇུས་ལག་བསྟར་བྱས་ཏེ། ཤིན་ཅང་གི་ས་ཁུལ་སོ་སོའི་ནང་མང་ཚོགས་ཀྱི་འགྲུལ་བཞུད་ལ་ལྟ་རྟོག་དྲི་གཅོད་དང་།
ཆོས་ལུགས་ཀྱི་བྱེད་སྒོ་ཁག་ལ་སྔར་བའི་བཀག་སྡོམ་གྱི་སྲིད་ཇུས་སྤེལ་མགོ་བརྩམས་འདུག
ཟླ་འདིའི་ཕྱི་ཚེས་ ༣༡ ཉིན་རྒྱ་ནག་ཞིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་ཤིན་ཅང་རང་སྐྱོང་ལྗོངས་ས་གནས་རྒྱ་གཞུང་དམར་ཤོག་རྒྱུ་ལས་ཀྱིས་ཐག་གཅོད་ལྟར། ད་ལོ་ཤིན་ཅང་ནང་ཉེན་རྟོག་དམག་མི་ ༨༠༠༠
ལྷག་བསྡུ་རུབ་ཀྱིས་གཞི་རིམ་ས་ཁུལ་ཁག་ནང་། “སྡེ་བ་རེའི་ནང་དམག་མི་གཅིག་རེ་དང་། སྡེ་བ་རེའི་ནང་དམག་མི་འགའ་རེ་” ཡི་སྲིད་ཇུས་གསར་བ་ལག་བསྟར་བྱས་ཏེ། གྲོང་རྡལ་ཁག་ཏུ་སྲང་ལམ་དོ་དམ་ཁང་དང་།
སྡེ་བ་ཁག་ནང་ཉེན་རྟོག་ཁང་གསར་འཛུགས་བྱ་རྒྱུ་ཡིན་པ་མ་ཟད། ཆེད་མངགས་ཉེན་རྟོག་དམག་མི་ ༣ དང་དམངས་དམག་ ༦ ལས་མི་ཉུང་བའི་མཉམ་འབྲེལ་རུ་ཁག་བཙུགས་ཏེ།
གཞི་རིམ་གྲོང་སྡེ་དང་ས་ཁུལ་ཁག་ནང་སྐོར་བསྐྱོད་ཀྱིས་མང་ཚོགས་ཀྱི་འགྲུལ་བཞུད་ཐད་ཕྱོགས་ཡོངས་ནས་ལྟ་རྟོག་ཞིབ་བཤེར་གྱི་ལས་གཞིར་ཤུགས་བསྣན་དེ་སྤྱི་ཚོགས་བརྟན་ལྷིང་བཟོ་རྒྱུ་ཡིན་སྐོར་བརྗོད་འདུག
རྒྱ་གཞུང་གིས་ཤིན་ཅང་ནང་དམག་མིས་དམ་དྲག་སྒྲིག་གཞི་སྔར་བས་ཤུགས་ཆེ་གཏོང་བཞིན་པའི་ཐད། འཛམ་གླིང་ཡུ་གུར་འཐུས་ཚབ་ཚོགས་པའི་མགྲིན་ཚབ་པ་སྐུ་ཞབས་ཏིས་ལིས་ཞཱ་ཏིས་ཀྱིས། “
ང་ཚོས་ངོས་འཛིན་ནི་རྒྱ་ནག་གཞུང་ལ་ཤིན་ཅང་གི་གནད་དོན་སེལ་འདོད་ཀྱི་ལྷག་བསམ་རྩ་བ་ནས་མི་འདུག
དེང་སྐབས་རྒྱ་གཞུང་གིས་ལག་བསྟར་བྱེད་བཞིན་པའི་སྤྱི་ཚོགས་བརྟན་ལྷིང་གི་ལས་གཞི་དེ་དག་གིས་ཡུ་གུར་མི་མང་ལ་ཆབ་སྲིད་ཀྱི་འཇིགས་འཇིགས་སྣང་ཞིག་སྐྱེད་བཞིན་ཡོད་ལ།
ཅང་ཤིང་ནང་ཟང་ཟིང་འབྱུང་རྐྱེན་མཐའ་དག་ནི་ད་ལྟའི་རྒྱ་གཞུང་གི་སྲིད་ཇུས་དེ་དག་ལ་བརྟེན་ནས་བྱུང་བ་རེད། ” ཅེས་བརྗོད་པར་མ་ཟད། ཁོང་གིས་གལ་སྲིད་རྒྱ་གཞུང་ལ་ལྷག་བསམ་རྣམ་གི་ཐོག་ནས་གནད་དོན་སེལ་འདོད་ཡོད་ན།
ཐོག་མར་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་ཡུ་གུར་མི་རིགས་ལ་ཆབ་སྲིད་ཐད་ནས་རང་དབང་གདམ་ག་བྱ་རྒྱུའི་དབང་ཆ་ཡོད་པ་དེར་བརྩི་བཀུར་བྱ་དགོས་པ་དང་།
གཉིས་ནས་དཔལ་འབྱོར་ལམ་ལུགས་ཐད་ནས་རང་མོས་སྒྲིག་འགོད་ཀྱི་ཁེ་དབང་སྤྲོད་དགོས་པ་ནན་བརྗོད་བྱས་འདུག
ལོ་སྔོན་མའི་ཕྱི་ཟླ་ ༡༡ ཚེས་ ༢༣ ཉིན་དམག་མི་ ༣༠༠༠ ལྷག་ཤིན་ཅང་གཞི་རིམ་ས་ཁུལ་ཁག་ནང་ཆེད་གཏོང་འགྲེམས་འཇོག་བྱས་ཡོད་འདུག
དེང་སྐབས་ས་གནས་ཡུ་གུར་མི་རིགས་ཀྱིས་ཤིན་ཅང་ས་ཁུལ་ནང་ཡོད་སྤྱིའི་མི་འབོར་གྱི་བརྒྱ་ཆ་ ༤༠ མ་གཏོགས་ཟིན་གྱི་མེད་པ་རེད།
བོད་ལ་ཡང་འདི་ལྟར་བྱེད་ངེས་རེད།
དེ་རིང་ཕྱི་ཚེས་ ༢༧ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༤ པའི་སྟེང་དབུས་བོད་མི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། བོད་མི་མང་སྤྱི་འཐུས་ཀྱི་གསར་འགོད་གསལ་བསྒྲགས
ཐོག་མར་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཉེ་ལམ་བོད་ཀྱི་ཁམས་བྲག་མགོ་རྫོང་དང་། གསེར་རྟ། རྔ་པ། མགོ་ལོག་བཅས་སུ་རྒྱ་དམག་གིས་བོད་མི་དམར་གསོད་དང་འཛིན་བཟུང་བྱས་པའི་ལོ་རྒྱུས་སྐོར་ངོ་སྤྲོད་གནང་སོང་ལ། དེའི་རྗེས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། ༡༩༤༩
ལོ་ནས་ད་བར་རྒྱ་དམར་གྱིས་བོད་མི་དམར་གསོད་དང་དགོན་སྡེ་གཏོར་བཤིག ཆོས་དང་རིག་གཞུང་རྨེག་མེད་དུ་བཏང་བའི་ལོ་རྒྱུས་སྒྲོག་སྦྱང་དང་། ལྷག་པར་དུ་ ༢༠༠༩ ལོ་ནས་ ༢༠༡༢ ལོའི་ལོ་མགོ་བར་བོད་མི་ ༡༧
ཙམ་གྱིས་རང་ལུས་མེར་བསྲེགས་བཏང་བའི་གནས་སྟངས་སྐོར་ངོ་སྤྲོད་གནང་བྱུང་།
སྤྱི་འཐུས་ལྷན་ཚོགས་ཀྱི་གསལ་བསྒྲགས་ནང་འཁོད་དོན། “ རྒྱ་ནག་གི་དཔྱིད་གསར་དུས་ཆེན་སྐབས་ཏེ། ༢༠༡༢ ལོའི་ཟླ་ ༡ ཚེས་ ༢༣
ཉིན། བོད་ཀྱི་བྲག་འགོ་རྫོང་དུ་མང་ཚོགས་ཀྱིས་ངོ་རྒོལ་ཁྲོམ་སྐོར་བྱས་སྐབས་རྒྱ་གཞུང་གི་དྲག་ཆས་མི་སྣས་མེ་མདའ་གང་བྱུང་བརྒྱབ་སྟེ། བོད་མི་ནོར་པ་ཡོན་ཏན་དང་གེ་འཕེན་ལོ་བརྒྱ་ཚང་གི་བུ་གཉིས་དམར་གསོད་བཏང་བ་དང་། གཞན་བོད་མི་མང་པོ་ཞིག་ལ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད། ཕྱི་ཚེས་ ༢༤ ཉིན་གསེར་རྟ་རྫོང་དུ་མི་མང་གིས་ངོ་རྒོལ་སྐད་འབོད་བྱས་སྐབས། རྒྱ་ནག་ཉེན་རྟོག་པ་དང་དམག་མིས་མང་ཚོགས་ཁྲོད་མེ་མདའ་བརྒྱབ་སྟེ། དབོན་བཟའ་སྡེ་བའི་པོ་པོ་དང་། ཤོ་རེབ་གྲོང་ཚོའི་ཟླ་བ་གྲགས་པ་གཉིས་དམར་གསོད་དང་།
བོད་མི་བཅུ་ཕྲག་འགའ་ལ་རྨས་སྐྱོན་ཕོག་ཡོད། དེ་བཞིན། རྔ་བ་རྫོང་དང་། འཛམ་ཐང་རྫོང་། འབར་ཁམས་རྫོང་། པད་མ་རྫོང་གི་མང་ཚོགས་ཀྱིས་ཞི་བའི་སྒོ་ནས་གཞི་རྒྱ་ཆེ་བའི་རྔམ་སྟོན་ཁྲོམ་སྐོར་བྱས་སྐབས་བོད་མི་མང་པོ་ཞིག་འཛིན་བཟུང་བཙན་ཁྲིད་བྱས་འདུག ཕྱི་ཚེས་
༢༦ ཉིན་འཛམ་ཐང་རྫོང་བར་མ་ཤང་དུ་ཞི་རྒོལ་སྐབས། རྒྱ་ནག་ཉེན་རྟོག་པས་མེ་མདའ་བརྒྱབ་སྟེ། བར་མ་ཤང་བཤོས་མདའ་སྡེ་བའི་ཕ་སྤོས་ཐར་གྱི་བུ་ལོ་ ༢༠ ཅན་གྱི་ཨོ་རྒྱན་དམར་གསོད་དང་། བོད་མི་སྐོར་ཞིག་ལ་རྨས་སྐྱོན་ཕོག་ཡོད”
ཅེས་འཁོད་འདུག
གསལ་བསྒྲགས་དེར་མུ་མཐུད་དུ་འཁོད་དོན། “ རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་དང་མཚོ་སྔོན། ཁམས་པའི་བརྙན་འཕྲིན་སོགས་བོད་སྐད་འཕྲིན་ལམ་ཁག་ཏུ་བོད་མི་ཚོས་རྒྱའི་ལོ་གསར་དགའ་སྟོན་ལ་རོལ་བཞིན་པའི་རྣམ་པ་མངོན་ཐབས་བྱེད་བཞིན་པའི་སྐབས་སུ། ལུགས་རྙིང་གི་ལོ་ཐོ་དར་སའི་མདོ་ཁམས་ཀྱི་ཡུལ་སྡེ་ཁག་ཏུ་ལོ་གསར་གྱི་དུས་ཆེན་སྲུང་བརྩི་མ་བྱས་པར། རྣམ་པ་ཅི་རིགས་ཐོག་རང་ལུས་མེར་བསྲེགས་གཏོང་མཁན་དཔའ་བོ་དཔའ་མོ་ཚོར་གདུང་སེམས་མཉམ་སྐྱེད་བྱས་ཡོད་
” ཅེས་འཁོད་འདུག
མུ་མཐུད་དུ། “ ལྕགས་ཡོས་ལོར་རང་ལུས་མེར་བསྲེགས་གཏོང་མཁན་གྱི་འདས་གསོན་དཔའ་བོ་དཔའ་མོ་རྣམས་དང་།
རྒྱ་ནག་ལོ་གསར་སྐབས་ཀྱི་རྔམ་སྟོན་ཁྲོམ་སྐོར་ལས་འགུལ་བའི་འབོད་ཚིག་དག་ནི། ༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། ༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་ལ་རང་དབང་དགོས་ཞེས་པ་དེ་ཡིན་ཞིང་།
ཁོང་རྣམས་ཀྱི་བློས་གཏོང་ཆེན་པོའི་ལས་འགུལ་དེར་སྐབས་དུས་སོ་སོར་༧གོང་ས་མཆོག་དབུ་བཞུགས་ཐོག་བོད་ཀྱི་བླ་ཆེན་ཚོས་བསྔོ་སྨོིན་མཆོད་འབུལ་གནང་ཡོད་ལ།
བཀའ་སྤྱི་ཐུན་མོང་གི་གོ་སྒྲིག་འོག་གཞུང་འབྲེལ་ཐོག་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་ཏེ་རྒྱལ་སྤྱིའི་ནང་ཞུ་སྐུལ་རིམ་པར་བྱས་ཡོད། ཨ་རི་དང་ཡུ་རོབ་གྲོས་ཚོགས། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སོགས་རྒྱལ་ཁབ་ཁག་གི་གཞུང་དང་། གྲོས་ཚོགས་ཀྱིས་གདུང་སེམས་མཉམ་སྐྱེད་ཀྱི་གསལ་བསྒྲཊ་དང་། གྲོས་ཆོད་འཇོག་པ།
གྲོས་ཚོགས་སུ་བགྲོ་གླེང་། རྒྱ་གཞུང་ལ་དྲག་གནོན་མཚམས་འཇོག་དགོས་པའི་གསལ་འདེབས་བཅས་གནང་ཡོད་ལ། རྒྱལ་སྤྱིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ། རྒྱ་རིགས་དམངས་གཙོ་དོན་གཉེར་བའི་ཚོགས་པ། རྒྱ་བལ་འབྲུག་གཙོས་བོད་མི་གནས་ཡུལ་ཁག་དང་། དྲང་བདེན་ལ་དགའ་བའི་མི་སྒེར་བཅས་ཀྱིས་རྒྱབ་སྐྱོར་གནང་ཡོད ” ཅེས་འཁོད་འདུག
སྤྱི་འཐུས་ལྷན་ཚོགས་ཀྱིས་ཛ་དྲག་ལས་འགུལ་ཁག་ཅིག་སྤེལ་འཆར་ཡོད་པ་ནི། གཅིག སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་གཙོས་སྤྱི་འཐུས་རྨོག་རུ་བསྟན་པ་དང་། སྤྱི་འཐུས་འཇམ་དབྱངས་བཟོད་པ། སྤྱི་འཐུས་འཇུ་ཆེན་དཀོན་མཆོག་བཅས་ཀྱིས་ཕྱི་ཚེས་ ༢༩ ཉིན་ལྡི་ལིར་ཆེད་བསྐྱོད་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་། གཞུང་ཚབ་ཁག་ལ་བོད་ནང་གི་ཛ་དྲག་གནས་སྟངས་ཞུ་སྐུལ་དང་། རྒྱ་ནག་གཞུང་ཚབ་པར་ཐུག་འཕྲད་བྱས་ཏེ། སྤྱི་ལྷན་གྱི་ཛ་དྲག་དགོས་འདུན་ཁག་གདོང་ཐུག་གིས་སྤྲོད་རྒྱུ། གཉིས།
རྒྱ་ནག་སྲིད་འཛིན་ཧུའུ་ཅིན་ཐའོ་ལ་སྤྱི་ལྷན་ཡོངས་བསྒྲགས་ཀྱི་སྙན་ཞུ་སྤྲོད་རྒྱུ། གསུམ། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་དཔོན་རིགས་ཁག་ལ་ཞུ་སྙན་འབུལ་རྒྱུ།
གྲོས་ཚོགས་ཁག་སོ་སོར་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་འཕར་མ་འཇོག་ཐབས་དང་། རྒྱལ་ཚོགས་དྲུང་ཆེ་རྒྱུན་ལས་ཀྱི་སྐུ་ཚབ་ངོ་ཐུག་ཐུབ་ཐབས་ཀྱི་འབད་བརྩོན་བྱ་རྒྱུ། བཞི།
ཕྱི་རྒྱལ་བོད་རིགས་ཚོཊ་པ་དང་བོད་རིཊ་སྤྱི་མཐུན་ཚོཊ་པ་ཁག རྒྱ་གར་བོད་མི་སིལ་ཚོང་བ་བཅས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་ཐད་གདུང་སེམས་མཉམ་སྐྱེད་ཀྱི་ཞི་བའི་ལས་འགུལ་སྤེལ་རྒྱུ། ལྔ། ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༨ ཉིན་འཛིན་སྐྱོང་བཀའ་ཤག་གིས་ཡོངས་ཁྱབ་གསལ་བསྒྲགས་ནང་། རྒྱལ་སྤྱིའི་ཐོག་གདུང་སེམས་མཉམ་སྐྱེད་ལས་འགུལ་ཉིན་བརྒྱ་དུས་གཅིག་ཏུ་སྤེལ་རྒྱུར་བོད་མི་རྣམས་མཉམ་ཞུགས་དགོས་རྒྱུ། དྲུག སྤྱི་ཡོངས་ལྷག་དཀར་ཉིན་བོད་ཟས་དང་བོད་གོས། བོད་སྐད་བཀོལ་སྤྱོད་ཀྱིས་མཚོན་བྱེད་སྒོ་ཁག་བོད་མི་སྡོད་གནས་ཁག་ཏུ་སྲུང་བརྩི་ཞུ་རྒྱུ།
ལོ་གཅིག་རིང་གཞིས་ཆཊ་ཁག་ཏུ་ཟླ་རེའི་ལྷག་དཀར་སྲུང་བརྩི་ཞུ་ཆེད། ལྷག་དཀར་སྲུང་བརྩི་དགོས་པའི་རྒྱུ་མཚན་ངོ་སྤྲོད་དང་འབྲེལ།
བདེན་ཚིག་སྨོན་ལམ་དང་། བོད་སྐྱོང་ལྷ་སྲུང་འཕྲིན་བསྐུལ། གུ་རུའི་ཐུགས་དམ་གནད་བསྐུལ། གསོལ་འདེབས་བདེན་པའི་རྔ་སྒྲ་བཅས་སྒྲོག་འདོན་བྱ་རྒྱུ། བདུན། ཆུ་འབྲུག་ལོ་གསར་སྐབས། ལྕགས་ཡོས་ལོའི་བོད་ནང་གི་ཛ་དྲག་གནས་སྟངས་དང་བསྟུན་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཙམ་ལས། གཞས་ཞབས་བྲོ་སོགས་སྤྲོ་དགའི་རིགས་མི་གནང་རྒྱུའི་འབོད་སྐུལ་ཞུ་རྒྱུ།
བརྒྱད། ཆུ་འབྲུག་ལོ་གསར་ཚེས་གཅིག་ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཚེས་གཏོར་གྲུབ་མཚམས། ངྷ་སར་གནས་བཞུགས་སྤྱི་འཐུས་རྣམས་དགོང་དྲོའི་ཆུ་ཚོད་ ༥ བར་ཟས་བཅད་སྙུང་གནས་གནང་རྒྱུ། དགུ ༢༠༡༢ ཟླ་ ༣ ཚེས་ ༡༦ ཉིན། ལྕགས་ཡོས་རང་ལུས་མེར་བསྲེགས་ལས་འགུལ་གྱི་ལོ་འཁོར་སྲུང་བརྩིའི་ཚུལ་དུ། སྤྱི་ལྷན་གྲོས་ཚོགས་ཚོགས་དུས་ ༣ པར་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཕུལ་ཏེ་བགྲོ་གླེང་གནང་རྒྱུ་བཅས་བསྟན་འདུག
དེ་རིང་བོད་ནང་གི་ཆུ་ཚོད་ ༢ ཙམ་ལ་རྔ་པ་ཁུལ་འཛམ་ཐང་རྫོང་བར་མ་ཞང་གི་བོད་མི་ཚོས་རྒྱ་གཞུང་ལ་ངོ་རྒོལ་བྱས་སྐབས།
རྒྱ་ནག་ཉེན་རྟོག་པ་དང་དམག་མིས་མེ་མདའ་བརྒྱབ་སྟེ་བོད་མི་ཚོར་ཤི་རྨས་ཚབས་ཆེན་ཐེབས་ཡོད་པ་དང་། ཕྱི་དྲོའི་རྒྱ་གར་གྱི་ཆུ་ཚོད་ ༧ ཙམ་ལ་བར་མ་ཞང་ཐོག་ཏུ་འཛུ་སྟོད་སྨད་གཉིས་ཀྱི་བོད་མི་ཆིག་ཁྲི་ ༡༠༠༠༠
ལྷག་འཛོམས་ཏེ་གནས་ཚུལ་ཛ་དྲག་ཆགས་ཡོད་འདུག
ད་ལྟ་རང་གནས་ཚུལ་འབྱོར་བ་ལྟར་ན། དེ་རིང་ཉིན་གུང་བོད་ནང་གི་ཆུ་ཚོད་ ༡༢ ཙམ་ལ་རྔ་པ་ཁུལ་འཛུ་སྟོད་འཛམ་ཐང་བར་མ་ཞང་ཐོག་ཏུ། རི་སྤུངས་ནོར་མོའི་བུ་ཐར་པ་ཞུ་བས་སྦྱར་ཡིག་ཅིག་བཀྲམས་ཏེ། ད་བར་མི་མང་པོ་ཞིག་གིས་རང་ལུས་མེར་བསྲེགས་གཏོང་དགོས་པའི་རྒྱུ་མཚན་བོད་ལ་རང་དབང་དགོས་པ་དང་། ༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་རྒྱུའི་ཆེད་ཡིན་པ། དམིགས་ཡུལ་དེ་མ་འགྲུབ་བར་དུ་ང་ཚོ་བོད་མི་ཚོས་ལས་འགུལ་མཚམས་འཇོག་མི་སྲིད་སྐོར་སོགས་བཀོད་ཡོད་ཅིང་། སྦྱར་ཡིག་གི་མཇུག་ཏུ་ཡི་གེ་དེ་སྦྱར་མཁན་ཐར་པ་ཁོ་རང་ཡིན་པའི་མིང་ཁ་གསལ་བཀོད་ཡོད་པ་མ་ཟད་ཁོང་གི་འདྲ་པར་ཡང་བཀོད་དེ། ཁྱེད་རྒྱ་གུང་ཁྲན་འཛིན་བཟུང་བྱེད་དུ་ཤོག་ཅེས་བྲིས་ཡོད་འདུག
ཉིན་རྒྱབ་བོད་ནང་གི་དུས་ཚོད་ ༢ ཙམ་ལ་རྒྱ་ནག་གི་ཉེན་རྟོག་པ་དང་དམག་མི་མང་པོ་འབྱོར་ཏེ་རི་སྤུངས་ནོར་མོ་ཚང་བསྐོར་ཏེ་ཐར་པ་ཟེར་བ་ཁོང་འཛིན་བཟུང་གིས་བཙན་ཁྲིད་བྱེད་སྐབས། ས་གནས་བོད་རིགས་མི་མང་གིས་ནུས་ཤུགས་ཡོད་དགུས་བཀག་འགོག་བྱས་ཤིང་། དེ་དང་མཉམ་དུ་ངོ་རྒོལ་སྐད་འབོད་དང་། གལ་སྲིད་ཐར་པ་བཟུང་ཚེ་བོད་མི་ཚང་མས་ཡར་ལངས་རྒྱག་རྒྱུ་ཡིན་ཚུལ་སོགས་བརྗོད་སྟབས། ཉེན་རྟོག་པས་མི་མང་ཐོག་མེ་མདའ་སོགས་དྲག་ཆས་བེད་སྤྱོད་བཏང་སྟེ། གནས་ཚུལ་ཡོང་ཁུངས་ཀྱིས་བརྗོད་ན། མི་གཅིག་སྐབས་དེ་རང་དུ་འདས་གྲོངས་སུ་གྱུར་ཡོད་པ་དང་། གཞན་མི་མང་རྨས་སྐྱོན་ཕོག་ཡོད་ཀྱང་། ཁོང་རྣམས་ཀྱི་མིང་དང་ས་གནས་སོགས་ད་སྔ་ཤེས་རྟོགས་ཐུབ་མི་འདུག
ད་ལྟ་འཛམ་ཐང་ཉེ་འཁོར་གྱི་བོད་རིགས་ཧ་ཅང་ཕོན་ཆེན་པོ་འཛོམ་བཞིན་ཡོད་ཅིང་། དོ་ནུབ་རྒྱ་གར་གྱི་ཆུ་ཚོད་ ༧
ཙམ་ལ་བར་མ་ཞང་ཐོག་ཏུ། འཛུ་སྟོད་འཛུ་སྨད་སོགས་ཀྱི་ས་གནས་མང་པོ་ནས་མི་མང་ཆིག་ཁྲི་ ༡༠༠༠༠ ཡས་མས་འདུ་འཛོམས་བྱུང་ཡོད་པ་དང་།
ད་དུང་ས་གནས་མང་པོ་ནས་མི་མང་བར་མ་ཞང་དུ་འདུ་བཞིན་ཡོད་འདུག
གཞན། ཕྱི་ཚེས་ ༢༣ ཉིན་ཏེ་ལོ་གསར་ཚེ་གཅིག་ཉིན་རྔ་པ་རང་སྐྱོང་ཁུལ་འཛམ་ཐང་རྫོང་ན་འཛུ་སྨད་མདའ་ཞང་ཐོག་ནས་སྐྱ་སེར་ཕོ་མོ་གཅིག་སྟོང་ལྷག་གིས་མར་མེ་ཁྲོམ་སྐོར་བྱས་ཤིང་།
སྐབས་དེར་ལས་འགུལ་སྣེ་ཁྲིད་པས་ལོ་གསར་གྱི་ཉིན་མོ་འདི་ནི་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་རྗེས་དྲན་ཞུ་བའི་ཉིན་མོ་ཞིག་ལས་དགའ་སྤྲོས་ཁེངས་པའི་ཉིན་མོ་ཞིག་མིན་ཚུལ་དང་། རང་ལུས་མེར་བསྲེགས་གཏོང་མཁན་དཔའ་བོ་དཔའ་མོ་རྣམས་རེ་རེ་བཞིན་མི་མང་ལ་ངོ་སྤྲོད་དང་བཅས་གཏམ་བཤད་གནང་ཡོད་འདུག
གནས་ཚུལ་མཁོ་སྤྲོད་པ། གྲྭ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་།
དེ་རིང་ཉིན་གུང་བོད་ནང་གི་ཆུ་ཚོད་ ༡།༣༠ ཙམ་ལ། རྔ་པ་རྫོང་ཐོག་ཏུ་མི་སྐྱ་རང་ལོ་ཉི་ཤུ་ཡས་མས་ཅན་ཞིག་གིས་རྒྱ་གཞུང་ལ་ངོ་རྒོལ་
སྐད་འབོད་སྒྲོག་བཞིན་རང་ལུས་མེར་བསྲེགས་བཏང་ཡོད་འདུག འོན་ཀྱང་། སྐབས་དེའི་ཁོང་གི་འབོད་ཚིག་གི་ནང་དོན་ཅི་ཡིན་དང་། མིང་དང་ལོ་རྒྱུས་ས་ཆ་གང་ནས་ཡིན་པ་སོགས་ད་སྔ་ཤེས་ཐུབ་མ་སོང་ཟེར།
དེ་མ་ཐག་རྒྱ་ནག་གི་ཉེན་རྟོག་པ་དང་དམག་མི་མང་པོ་འབྱོར་ཏེ། ལྕག་མདུང་གི་སྣེ་རུ་ལྕག་གི་འཛེར་མ་མང་པོ་བསྟར་ཡོད་པའི་མཚོན་ཆ་སོགས་ཀྱིས་ ཕྱོགས་སོ་སོ་ནས་རུབ་རྡུང་བྱས་སྐབས།
ས་གནས་བོད་རིགས་མང་པོ་འདུ་འཛོམས་ཀྱིས་རེ་ཟུང་གིས་སྐད་འབོད་རྒྱག་པ་དང་རེ་ ཟུང་གིས་ཞུ་བ་བྱས་ཏེ། མེར་བསྲེགས་གཏོང་མཁན་དེ་ཚུར་ལེན་ཐབས་བྱས་ཀྱང་དམག་མི་དང་ཉེན་རྟོག་པ་ཧ་ཅང་མང་
བའི་དབང་གིས་ལོན་ཐུབ་མི་འདུག
སྐབས་དེར་མང་ཚོགས་དང་ཉེན་རྟོག་པའི་བར་འཁྲུག་འཛིང་ཤོར་ཏེ་མི་སྐྱ་གཉིས་དང་ བཙུན་མ་གཅིག་འཛིན་བཟུང་བྱས་ཡོད་པ་དང་། ལོ་ན་ཅུང་ཐོ་བའི་བུད་མེད་ཅིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་ཤི་ཟིན་པར་ཚོད་
དཔག་བྱེད་ཀྱི་ཡོད་འདུག ས་གནས་སོ་སོ་ནས་བོད་རིགས་སྐྱ་སེར་ཧ་ཅང་མང་པོ་འཛོམས་ཏེ་གནས་ཚུལ་སྔར་ལས་ཛ་ དྲག་ཏུ་ཕྱིན་སྐབས། རྒྱ་དམག་གིས་མང་ཚོགས་ཁྲོད་དུག་རླངས་གཏོར་ཏེ་མི་མང་པོ་ས་རུ་འགྱེད་ཡོད་པ་མ་ ཟད།
དེའི་རྗེས་མང་ཚོགས་ཁྲོད་གང་བྱུང་དུ་མེ་མདའ་བརྒྱབ་སྟེ། མང་ཚོགས་ཀྱིས་མཐོང་ས་ནས་ཕོ་གསར་གཅིག་དང་བུད་མེད་གཅིག་བཅས་མི་གཉིས་ལ་མེ་མདའ་ ཕོག་ཡོད་ཅིང་།
བུད་མེད་དེར་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་གདོང་པ་ཁྲག་གིས་གཡོག་ཡོད་པ་མང་པོ་ ཞིག་གིས་མཐོང་འདུག
རྙོག་དྲ་དེ་བྱུང་མ་ཐག་རྒྱ་གཞུང་གིས་རྔ་པ་ཀིརྟི་དགོན་པའི་སྒོ་ཆེན་བརྒྱབ་ཡོད་ ཀྱང་། དགེ་འདུན་པ་མང་པོ་ཞིག་ཡུལ་དངོས་ལ་འབྱོར་ཡོད་འདུག་ལ། དེ་མིན།
དགོན་པ་གཞན་དག་དང་རྫོང་ཉེན་འཁོར་གྱི་བོད་རིགས་མང་ཚོགས་ས་གནས་དེར་འཛོམ་བཞིན་ ཡོད་འདུག ད་ལྟ་ཕྱོགས་གཉིས་ཀའི་མི་འབོར་མང་དུ་འགྲོ་བཞིན་ཡོད་སྟབས་གནས་ཚུལ་ཛ་དྲག་ཆགས་ ཡོད་འདུག"
ཚེས་༢༥ཉིན།
་གནས་ཚུལ་མཁོ་སྤྲོད་བྱས་དོན་ལྟར་ན། ལུགས་རྙིང་ལོ་སར་ཚེས་ ༢ ཉིན་ཏེ་ཁ་སང་ཕྱི་ཚེས་ ༢༤ ཉིན་གྱི་ཉིན་གུང་ཙམ་ལ། ཨ་མདོ་མགོ་ལོག་པདྨ་རྫོང་གི་ཁྲོམ་གཞུང་དུ་བོད་མི་སྐྱ་བོ་སྐོར་ཞིག་གིས་སྐད་འབོད་ཁྲོམ་སྐོར་བྱས་སྐབས། རྒྱ་གཞུང་གི་ཉེན་རྟོག་པ་དང་དམག་མི་ཕོན་ཆེན་འབྱོར་ཏེ་བོད་མི་ངོ་རྒོལ་བ་ ༣༠ ཙམ་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག
ཐེངས་འདིའི་གནས་ཚུལ་དེ་ནི་ཉེ་ལམ་མགོ་ལོག་ཁུལ་གྱི་བླ་མ་བསོད་བྷོ་རིན་པོ་ཆེ་མཆོག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་རྗེས་མགོ་ལོག་ཁུལ་གྱི་ལྕགས་རི་དགོན་པ་དང་ཨ་སྐྱོང་རྒྱ་དགོན་པ།
དར་ལག་དགོན་པའི་དགེ་འདུན་པ་ཁག་ཅིག་བཅས་ཀྱིས་མགོ་ལོག་ཁུལ་ཐོག་ཏུ་བསྟུར་མུར་ཐེངས་གསུམ་ཙམ་ལ་༧གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་དགོས་པ་དང་བོད་ལ་རང་དབང་དགོས་པའི་ངོ་རྒོལ་སྐད་འབོད་བྱས་ཡོད་སྟབས།
ཉིན་ཤས་གོང་རྒྱ་གཞུང་གིས་ཡིག་ཆ་ཞིག་བཀྲམས་ཏེ་ལས་འགུལ་དེར་ཞུགས་མཁན་གྱི་གྲྭ་བ་ཡོངས་འཛིན་བཟུང་བྱ་རྒྱུའི་བཀའ་རྒྱ་ཞིག་བཏང་བ་ཡོད་སྟབས།
ས་གནས་མི་མང་ཚོས་དགེ་འདུན་པ་དེ་དག་རྒྱ་ལག་ཏུ་མི་ཤོར་ཆེད་ཁ་སང་མགོ་ལོག་པདྨ་རྫོང་གི་ཁྲོམ་གཞུང་དུ་ངོ་རྒོལ་སྐད་འབོད་ཀྱི་གནས་ཚུལ་དེ་སྤེལ་བ་ཞིག་ཡིན་འདུག
ད་སྔ་ཁ་སང་འཛིན་བཟུང་བྱས་པའི་བོད་མི་དེ་དག་གི་མིང་དང་ལོ་རྒྱུས།
གྲོང་སྡེ་དང་ཚོ་ཁག་གང་ནས་ཡིན་པ་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་མི་འདུག
ཁ་སང་ཕྱི་ཚེས་ ༢༤ ཉིན། ཨ་རིའི་གཞུང་གི་ཕྱི་འབྲེལ་མགྲིན་ཚབ་པ་ལྕམ་ནཱ་ལན་ཌི་(Victoria Nuland) ལགས་དང་། ཨ་རིའི་མི་དམངས་ཀྱི་བདེ་དོན་དང་དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་ལས་དོན་དྲུང་ཆེ་དང་། བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབས་ལྕམ་མའེ་རེ་ཨོ་ཊི་རའོ་(Maria Otero)ལགས་རྣམ་གཉིས་ཀྱིས་སྔ་ཕྱིར་གསལ་བསྒྲགས་སྤེལ་ཏེ། ཉེ་ཆར་ལུགས་རྙིང་ལོ་གསར་ཚེས་ ༡ ཉིན་ཁམས་བྲག་མགོ་དང་གསེར་རྟ་བཅས་སུ་བོད་མིས་ཞི་རྒོལ་སྐབས། རྒྱ་དམག་དྲག་ཆས་ཉེན་རྟོག་པས་མང་ཚོགས་ཁྲོད་གང་བྱུང་མེ་མདའ་བརྒྱབ་སྟེ་དམར་གསོད་དྲག་གནོན་བྱས་པའི་ཛ་དྲག་གནས་སྟངས་ཐད། ཨ་རིའི་གཞུང་གིས་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད་པ་གསལ་འདོན་བྱས་ཡོད་པ་དང་། རྒྱ་གཞུང་གིས་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་དོན་ཕན་ལྡན་པའི་གྲོས་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་སེལ་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།
ཨ་རིའི་ཕྱི་འབྲེལ་མགྲིན་ཚབ་པ་ལྕམ་ནཱ་ལན་ཌི་ལགས་ཀྱིས་བརྗོད་དོན། “ང་ཚོས་ཧ་ཅང་བློ་འཚབ་ཆེན་པོའི་སྒོ་ནས་བོད་ནང་མུ་མཐུད་ཛ་དྲག་གནས་སྟངས་འབྱུང་བཞིན་ཡོད་པར་དོ་སྣང་ཤུགས་ཆེན་པོ་བྱེད་ཀྱིན་ཡོད་ལ། གནས་ཚུལ་དེ་དག་ཁྲོད་ཟི་ཁྲོན་ཞིང་ཆེན་དྲག་ཆས་དམག་མིས་ཞི་རྒོལ་བའི་སྟེང་མེ་མདའ་བརྒྱབ་སྟེ། མི་འགའ་ཤས་དམར་གསོད་དང་། མི་འགའ་ཤས་ལ་རྨས་སྐྱོན་བཟོས་ཡོད་འདུག” ཅེས་བརྗོད་དེ། ཨ་རིའི་གཞུང་གིས་བོད་ནང་གི་ཛ་དྲག་གནས་སྟངས་ཐད་བློ་འཚབ་ཆེན་པོ་བྱེད་བཞིན་པ་གསལ་སྟོན་གནང་བ་མ་ཟད། རྒྱ་གཞུང་གིས་བོད་མིའི་བསམ་བློའི་དབུ་ཁྲིད་ཏཱ་ལའི་བླ་མ་མཆོག་དང་ཁོང་གི་སྐུ་ཚབ་ལྷན་དུ་གྲོས་མོལ་གནང་དགོས་པའི་འབོད་སྐུལ་དང་། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་དེའི་རྐྱེན་པས། བོད་ནང་གནས་སྟངས་ཛ་དྲག་ཏུ་འགྱུར་བཞིན་པ་མ་ཟད། བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ལ་དཀའ་ཉེན་འཕྲད་བཞིན་ཡོད་པར་བརྟེན། བོད་ཐོག་འཛིན་པའི་རྒྱ་གཞུང་གི་སྲིད་ཇུས་དེར་བསྐྱར་ཞིབ་བྱ་དགོས་པ་ནན་བརྗོད་བྱས་འདུག
ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་ལྕམ་མའེ་རེ་ཨོ་ཊི་རའོ་ལགས་ཀྱིས། “ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུན་པ་ཡིན་པའི་ངོས་ནས། ཉེ་ཆར་ཟི་ཁྲོན་ཞིང་ཆེན་དྲག་ཆས་ཉེན་རྟོག་པས་བོད་མི་ཞི་རྒོལ་བའི་ཁྲོད་མེ་མདའ་བརྒྱབ་སྟེ་མི་སེར་དཀྱུས་མར་ཤི་རྨས་དོན་རྐྱེན་བཟོས་པ་དང་། བོད་ནང་མུ་མཐུད་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་པའི་ཐད་བློ་འཚབ་བྱེད་བཞིན་ཡོད” ཅེས་བརྗོད་པ་མ་ཟད། ཉེ་སྔོན་རྒྱ་གཞུང་ལ་འབོད་སྐུལ་ནན་བརྗོད་བྱས་པ་ལྟར། རྒྱ་གཞུང་གིས་ནོར་འཁྲུལ་ཅན་གྱི་སྲིད་ཇུས་མུ་མཐུད་ལག་སྟར་བྱས་ཏེ། ཆོས་སྤྱོད་ཀྱི་འཚོ་བ་དང་ཆོས་ལུགས་བྱ་འགུལ་བཅས་ལ་བཀག་སྡོམ་དང་། དགོན་སྡེ་ཁག་ནང་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྲིད་ཇུས་སྤེལ་ཏེ་གྲྭ་བཙུན་ཚོར་བཙན་ཤུགས་ཀྱིས་༸གོང་ས་མཆོག་ལ་སྐྱོན་བརྗོད་བྱེད་འཇུག་པ། དགོན་སྡེ་ཁག་ནང་རྒྱ་གཞུང་དཔོན་རིགས་གཏན་སྡོད་ཀྱིས་དགོན་པའི་བྱ་བར་ལྟ་རྟོག་སུན་གཙེར་བཟོ་བ། རང་ལུས་མེར་བསྲེགས་གཏོང་མཁན་དག་གི་ནང་མི་ཉེ་འབྲེལ་རྣམས་ལ་གནོན་ཤུགས་སྤྲོད་པ། བོད་མི་ཚོ་གང་བྱུང་བཀག་སྐྱིལ་དང་འདྲི་གཅོད་བྱེད་ཤུགས་ཆེ་རུ་བཏང་སྟེ་བོད་མི་མང་པོ་གར་སོང་ཆ་མེད་དུ་འགྱུར་བཞིན་པ། དེ་བཞིན། ལོ་སྔོན་ནས་བཟུང་རྒྱ་གཞུང་བདེ་སྲུང་དང་ཁྲིམས་ལུགས་སྡེ་ཁག་དག་གིས། རྒྱ་གཞུང་གི་སྲིད་ཇུས་ལ་སྐྱོན་བརྗོད་བྱེད་མཁན་བོད་མི་རྩོམ་པ་པོ་དང་། སྒྱུ་རྩལ་བ། ཤེས་ལྡན་པ། རིག་གནས་བྱ་འགུལ་བ་བཅས་འཇུ་བཟུང་བཙོན་འཇུག་དང་ཁྲིམས་གཅོད་བཞིན་པ་སོགས་ཐེར་འདོན་སྐྱོན་བརྗོད་བྱས་ཡོད་པ་རེད།
ད་དུང་། མའེ་རེ་ཨོ་ཊི་རའོ་ལགས་ཀྱིས་གསལ་བསྒྲགས་སྐབས། ཨ་རིའི་གཞུང་གིས་དེ་སྔོན་ནས་རྒྱུན་མཐུད་དང་ཐད་ཀར་གྱི་སྒོ་ནས་རྒྱ་གཞུང་ལ་བོད་ཀྱི་གནད་དོན་གླེང་སློང་བྱས་ཡོད་ལ། ཨ་རིའི་གཞུང་གིས་རྒྱ་ནག་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་དེས་བོད་ཁུལ་གྱི་གནས་སྟངས་སྔར་བས་ཛ་དྲག་ཏུ་འགྱུར་བཞིན་པ་དང་། སྲིད་ཇུས་དེ་དག་གིས་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ལ་དཀའ་ཉེན་བཟོ་བཞིན་པར་བསྐྱར་དུ་ནན་བརྗོད་བྱས་ཡོད་པ་མ་ཟད། ཁོ་མོས་ “ ང་ཚོའི་ངོས་ནས་བོད་ནང་དུ་གསར་འགོད་པ་དང་ཕྱི་འབྲེལ་མི་སྣ། དེ་བཞིན་ལྟ་ཞིབ་ཚོགས་པ་སོགས་གཏོང་དགོས་པའི་འབོད་སྐུལ་བྱེད་རྒྱུ་ཡིན་ལ། ང་ཚོས་རེ་བར་རྒྱ་གཞུང་གིས་ཏཱ་ལའི་བླ་མ་མཆོག་དང་། ཁོང་གི་སྐུ་ཚབ་ལྷན་དུ་དོན་ཕན་ལྡན་པ་དང་། གཞི་འཛིན་ས་ཡོད་པའི་གྲོས་མོལ་བྱས་ཏེ་བོད་མིའི་གནད་དོན་མཐའ་དག་སེལ་ཐབས་བྱ་དགོས” ཅེས་བརྗོད་འདུག
བོད་ནང་དུ་གནས་སྟངས་སྔར་བའི་ཛ་དྲག་ཏུ་འགྲོ་བཞིན་ཡོད་སྐབས་འདིར། རྒྱ་གཞུང་སྲིད་འཛིན་གཞོན་པ་ཞི་ཅིན་ཕེན། ཕྱི་ཟླ་ ༢ ཚེས་ ༡༤ ཉིན་ཨ་རིའི་ནང་རྒྱལ་དོན་ལྟ་སྐོར་ལ་སྐྱོད་གཏན་ཁེལ་ཡོད་པ་རེད། ཨ་རིའི་གསར་ལམ་ཁག་ཏུ་དཔྱད་བརྗོད་སྤེལ་བ་ལྟར་ན། རྒྱ་གཞུང་གི་ངོས་ནས་ཨ་རིའི་སྲིད་འཛིན་ཟུར་པ་ནེ་ཁུ་སུང་(Richard Nixon )རྒྱ་ནག་ཏུ་གཟིགས་སྐོར་ལ་ཕྱིན་ཏེ་ལོ་ ༤༠ འཁོར་བའི་དུས་ཚིགས་སྲུང་གཙིའི་རྣམ་པའི་ཐོག་ཕན་ཚུན་འབྲེལ་མོལ་ལ་གྲུབ་འབྲས་འཐོན་རྒྱུའི་རེ་བ་འཆིང་བཞིན་ཡོད་ནའང་། མ་གཞི་ནས་འགྲོ་བ་མིའི་ཐོབ་ཐང་དང་བོད་ཀྱི་གནད་དོན་ཐད་ཨ་རྒྱ་གཉིས་བར་ལངས་ཕྱོགས་མི་མཐུན་པའི་རྩོད་པ་ཤུགས་ཆེན་པོ་ཡོད་པ་མ་ཟད། ཉེ་ཆར་ཨ་རིའི་ས་ཁུལ་ཁག་ནང་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་འགྲན་རྩོད་ཀྱི་སྐབས་དང་ཁེལ་ཡོད་པ་དང་། སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་དག་གིས་ཨོ་བྷ་མ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གནད་དོན་ཐད། རྒྱ་གཞུང་ལ་གུ་ཡངས་ཀྱི་རྣམ་འགྱུར་འཛིན་བཞིན་པར་སྐྱོན་བརྗོད་ཤུགས་ཆེན་བྱེད་བཞིན་ཡོད་སྟབས། ཐེངས་འདིར་ཨོ་བྷ་མ་གཞུང་གིས་གནད་དོན་དེ་དག་ཐད་ལངས་ཕྱོགས་མཁྲེགས་པོ་འཛིན་སྲིད་པའི་ངོས་འཛིན་བྱ་བཞིན་ཡོད་འདུག
ཁ་སང་་ཕྱི་ཚེས་ ༢༣།༢༤ ཉིན་གསེར་རྟ་རྫོང་ཐོག་ཏུ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གཏོང་
རྒྱུ་ཡིན་པའི་ཡིག་ཆ་ཞིག་བཀྲམ་ཡོད་པར་བརྟེན། ཉིན་དེར་བོད་མི་མང་པོ་རྫོང་ཐོག་ཏུ་འཛོམས་ཏེ།
ངོ་རྒོལ་བྱེད་མཁན་གྱི་ ཕུང་པོ་རྒྱ་ནག་གཞུང་གི་ལག་ཏུ་མ་ཤོར་བ་བྱེད་དགོས་སྐོར་བརྗོད་ཡོད་པ་དང་།
རྒྱ་ནག་གཞུང་ངོས་ནས་ཀྱང་དྲག་གནོན་བྱེད་རྒྱུ་གྲ་སྒྲིག་ཆ་ཚང་བྱས་ཡོད་འདུག འོན་ཀྱང་ཕྱི་ཚེས་ ༢༤ ཉིན་བོད་མི་ཚོས་རྒྱ་གཞུང་ལ་ངོ་རྒོལ་གྱི་སྐད་འབོད་བྱས་པར་བརྟེན།
རྒྱ་ནག་གཞུང་ཕྱོགས་ནས་དམག་མི་དང་ཉེན་རྟོག་པ་བཏང་སྟེ་དྲག་གནོན་བྱེད་བཞིན་ ཡོད་པ་དང་། མི་གཉིས་ལ་མེ་མདའ་བརྒྱབ་སྟེ་རྐྱེན་ལམ་དུ་བཏང་ཡོད། དེ་ཡང་ཁོང་གཉིས་ནི་མཆོག་ཚང་འོན་ཟ་བདེ་བའི་པོ་པོ་རང་ལོ་ ༣༥
འབྲོག་ས་ནས་ཡིན་པ་དང་། ཡང་ཞིང་ཁུལ་ནས་ཡིན་པ་གསེར་བ་གསར་སྡེའི་རང་ལོ་ ༢༨ ནས་ ༣༣ བར་ཡིན་པ་ཟླ་བ་གྲགས་པ་ཡིན་འདུག དེ་མིན་གསེར་རྟ་གསེར་ཐང་ཡུལ་མཚོ་དཔལ་ཤུལ་ཤོལ་ཐའི་སློབ་ཕྲུག་སངས་སྐྱབས་ལ་མེ་
མདའ་བརྒྱབ་སྟེ་མདེའུ་བདུན་ཕོག་ཡོད་པའི་ཛ་དྲག་གི་གནས་ཚུལ་ཐོན་ཡོད།
ད་ལྟ་ས་ཁུལ་དེར་དྲག་གནོན་ ཤུགས་ཆེ་བྱེད་བཞིན་པར་བརྟེན་མི་ཚང་མ་ཕྱི་ལོག་ཏུ་འགྲོ་མ་བཅུག་པ་དང་།
རྫོང་ཐོག་ནས་ཟ་ཁང་དང་ཚོང་ཁང་ཚང་མ་སྒོ་བརྒྱབ་བཅུག་ཡོད་པ་མ་ཟད། གཞུང་ལམ་གང་སར་དམག་མི་ཧ་ཅང་མང་པོ་བཀྲམ་ཡོད་འདུག གཞན་ཡང་བོད་མི་རྨས་སྐྱོན་ཚབས་ཆེན་ཕོག་མཁན་བྱུང་ཡོད་པ་རྣམས་ལ་སྨན་བཅོས་ཀྱི་
མཐུན་རྐྱེན་མེད་པའི་དཀའ་ངལ་འཕྲད་བཞིན་ཡོད་འདུག་པ་བཅས།།
དེ་རིང་རྒྱའི་ལོ་སར་ཚེས་ ༡ ཉིན་སྟེ། ཕྱི་ཟླ་ ༡
པོའི་ཚེས་ ༢༣
ཉིན་གྱི་སྔ་དྲོ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བྲག་མགོ་རྫོང་གི་གེ་འཕན་ལུ་ཁོག་མ་དང་ནོར་པ་ས་ཁུལ་བཅས་ཀྱི་བོད་མི་ཚོས་བོད་ཀྱི་རྒྱལ་དར་འཕྱར་བཞིན་ “
བོད་ལ་རང་དབང་དགོས། ” ཞེས་རྒྱ་ནག་གཞུང་ལ་ཞི་བའི་སྐད་འབོད་བྱས་སྐབས། རྒྱ་ནག་ཉེན་རྟོག་མི་སྣས་མེ་མདས་བརྒྱབ་ཏེ་མིང་ལ་ཡོན་ཏན་འབོད་པའི་བོད་མི་ཞིག་དམར་གསོད་བཏང་བ་དང་། དགེ་འདུན་པ་ ༣ ལ་རྨས་སྐྱོན་ཚབས་ཆེན་བཟོས་འདུག ད་ཆར་ས་གནས་བོད་མི་ཚོས་ཡོན་ཏན་ལགས་ཀྱི་སྐུ་ཕུང་བྲག་མགོ་དགོན་དུ་ཉར་ཐུབ་ཡོད་པ་ལས།
དགེ་འདུན་པ་གཞན་རྣམས་ཤི་གསོན་གྱི་གནས་སྟངས་གང་ཡང་ཤེས་རྟོགས་མི་འདུག་ལ། དེ་རིང་གི་ལས་འགུལ་ཁྲོད་ཉེན་རྟོག་པས་ཁྱོན་བོད་མི་ ༢༠༠
ཙམ་འཛིན་བཟུང་བྱས་ཡོད་འདུག
ཡང་གནས་ཚུལ་ཡོང་ཁུངས་གཞན་ཞིག་གིས། དེ་རིང་ལས་འགུལ་སྐབས་ཉེན་རྟོག་པས་མེ་མདས་བརྒྱབ་ཏེ། ལུ་ཁོག་མ་ནས་ཡིན་པའི་གེ་འཕན་ལོ་བརྒྱ་ཚང་གི་བུ་དང་།
ནོར་པ་ནས་ཡིན་པའི་བུ་གཅིག་བཅས་བསད་ཡོད་པ་མ་ཟད། བོད་མི་མང་པོ་ཞིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་ཚུལ་བརྗོད་འདུག་ཟེར།
ཨ་མདོ་རྔ་བ་རྨེའུ་རུ་མའི་མང་ཚོགས་རྣམས་ཀྱང་རྔ་བ་ཁྲོམ་གཞུང་དུ་འཛོམས་ཏེ།
སྟོད་གོས་མ་གྱོན་པར་འདས་ཟིན་པའི་དཔའ་བ་དཔའ་མོ་ཚོར་རྗེས་དྲན་བྱས་པའི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་འདུག་ཟེར།
དེ་རིང་ཕྱི་ཚེས་ ༢༣ ཉིན་གྱི་ཞོགས་པར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་དང་། འགན་འཛིན་ལས་རོགས་འཇམ་དཔལ་སྨོན་ལམ་གཉིས་ཀྱིས་ ༢༠༡༡ ལོའི་བོད་ནང་གི་གནས་སྟངས་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ལོ་འཁོར་སྙན་ཐོ་འགྲེམས་སྤེལ་དང་འབྲེལ་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་ཏེ། ༢༠༡༡ ལོར་རྒྱ་གཞུང་གིས་བོད་མིར་རྡུང་རྡེག་ཚ་ནན་དང་། དམ་དྲག སྒྲིག་གཞི་བྱ་ཐབས་སོགས་གཅིག་རྗེས་གཉིས་མཐུད་སྟེང་། རྒྱལ་སྤྱིའི་སྤྱི་དམངས་ཆབ་སྲིད་ཐོབ་ཐང་དང་། སྤྱི་ཚོགས། དཔལ་འབྱོར། རིག་གཞུང་བཅས་ཀྱི་ཐོབ་ཐང་རྡོག་རོལ་ཚབས་ཆེན་བཏང་བ།བོད་མིའི་མངོན་འདོད་དང་མི་མཐུན་པའི་སྲིད་ཇུས་དང་བྱ་ཐབས་ལག་བསྟར་བྱས་སྟབས། བོད་མི་ཚོ་འུ་ཐུག་ཐབས་ཟད་ཀྱིས་རང་ལུས་མེར་བསྲེགས་ཀྱིས་ཞི་རྒོལ་རིམ་པར་བྱུང་ཞིང་།མི་རྣམས་ཧང་སངས་དགོས་པ་དང་། བློ་སྟོབས་དང་སྐྱོ་སྣང་ཅིག་ཅར་བྱུང་བའི་རྒྱུན་ལྡན་མ་ཡིན་པའི་ལོ་ཞིག་ཡིན་པར་བསྒྲགས་སོང་།
འགན་འཛིན་ལས་རོགས་འཇམ་དཔལ་སྨོན་ལམ་ལགས་ཀྱིས། བོད་མིའི་ཞི་རྒོལ་ལ་ཁྲག་དྲི་བྲོ་བའི་དྲག་གནོན་དང་། བོད་མི་རིགས་ཀྱི་ལ་རྒྱ། རིག་གཞུང་དང་ཁོར་ཡུག་སྲུང་སྐྱོབ། བསམ་ཚུལ་འདོན་པ། རྩོམ་ཡིག་འབྲི་བ། གླུ་གཞས་གཏོང་པ། ཆོས་ལུགས་དད་མོས། ཆོས་ལུགས་ཀྱི་བྱེད་སྒོ་ཁག་གི་ཐོག་ཆབ་སྲིད་ཀྱི་དོགས་གཞིའི་འོག་ཉེས་མིང་འདྲ་མིན་བཏགས་ཏེ། གང་བྱུང་འཇུ་བཟུང་བཙོན་འཇུག གར་སོང་ཆ་མེད་དུ་གྱུར་བ། མི་ཆོས་ལས་འདས་པའི་མནར་གཅོད་གཏོང་བ།དྲང་བདེན་མིན་པའི་ཁྲིམས་ཆད་གཅོད་པ་སོགས་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དམ་ཡིག་ལ་རྡོག་རོལ་དང་། ལྷག་པར་དུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དོན་ཚན་ ༣༣ ནང་རྒྱལ་ཁབ་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་དང་འགན་ལེན་བྱ་རྒྱུ་ཞེས་འཁོད་པ་ལས་ལྡོག་སྟེ། བོད་དང་བོད་མིའི་སྟེང་ཕྱོགས་ཡོངས་ནས་དྲག་གནོན་དང་།
དམ་དྲག་གིས་བོད་མི་རྣམས་སྡོད་བཟོད་མི་ཐུབ་པའི་གནས་སུ་དེད་སྟབས། ༢༠༡༡ ལོར་སྔར་བྱུང་མ་མྱོང་པའི་བོད་མི་ ༡༢ རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་སྐོར་བརྗོད་སོང་། རང་ལུས་མེར་བསྲེགས་བཏང་བའི་ཁྲོད་ཀྱི་མི་ ༧ སྐུ་གྲོངས་ཡོད་ཅིང་།མི་ ༣
སྨན་ཁང་དུ་ལྷག་ཡོད་པ་མ་ཟད། མི་ ༡ སྲོག་ཉེན་འོག་གནས་ཡོད་འདུག་ལ། གཞན་མི་ ༡ འཆི་གསོན་གང་ཡིན་ཤེས་རྟོགས་མེད་པར་གྱུར་ཡོད་འདུག
ལོ་འཁོར་སྙན་ཐོའི་ནང་འཁོད་དོན་ལྟར་ན། རྒྱ་ནག་ཆོས་དོན་ཅུས་ཀྱིས་ ༢༠༡༠ ཟླ་ ༨ ཚེས་ ༣༠ ཉིན་བོད་བརྒྱུད་ནང་བསྟན་དགོན་སྡེའི་དོ་དམ་བྱ་ཐབས་ཞེས་པའི་དོན་ཚན་ ༤༤ ཡོད་པ་ཞིག་སྤེལ་ཏེ། ༢༠༡༡ ཟླ་ ༡ ནད་དངོས་སུ་ལག་བསྟར་ཐོག བོད་བརྒྱུད་ནང་བསྟན་དགོན་སྡེར་གཅིག་གྱུར་དམ་དྲག་དོ་དམ་དང་།ཚོད་འཛིན། བོད་ཀྱི་དགོན་སྡེ་ཁག་གི་དགོན་བདག་གམ་བོད་ཕྱི་ཕྱོགས་སུ་བཞུགས་པའི་བླ་ཆེན་དང་། དགེ་བཤེས་སློབ་དཔོན་སོགས་ཀྱི་དགོན་པ་དང་དགོན་བདག་བར་གྱི་འབྲེལ་བ་དང་། བླ་མ་དང་སློབ་མའི་འབྲེལ་བ་མེད་པར་བཟོ་བའམ་བཀག་སྡོམ་བྱས་ཡོད་ཅིང་། དགོན་སྡེ་ཁག་གི་ནང་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་དང་། ཏང་གི་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་སོགས་སྤེལ་པ་མ་ཟད། ས་གནས་ཆོས་དོན་ལས་ཁུངས་དང་འཐབ་ཕྱོགས་གཅིག་གྱུར་ལས་ཁུགས་གཉིས་ཀྱི་གཙོ་འགན་འོག དགོན་པ་ཁག་གཙང་བཤེར་བྱེད་ཆེད་འཆམ་མཐུན་མིག་དཔེའི་དགོན་པ་དང་།
རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་དཔྱད་འདེམས་གཟེངས་བསྟོད་ཀྱི་ལས་འགུལ་ཚ་ཚ་འུར་འུར་ངང་ཁྱབ་སྤེལ་ཐོག གྲྭ་བཙུན་ཚོར་ཏཱ་ལའི་རུ་ཚོགས་ལ་ངོ་རྒོལ་དང་། ཆབ་སྲིད་ལ་ཐེ་ཇུས་མི་བྱེད་པ། ཟིང་ཆའི་ནང་འཛུལ་ཞུགས་མི་བྱེད་པའི་རིགས་ལ་འཚོ་བའི་འགན་ལེན་དང་། རྒས་གསོ་འགན་བཅོལ་ཐོབ་ཐང་སྤྲོད་རྒྱུ་སོགས་ཀྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་པར་གསལ་འདུག གནད་དོན་དེའི་ཐད་འཇམ་དཔལ་སྨོན་ལགས་ཀྱིས་ “གྲྭ་བཙུན་ཚོར་༧གོང་ས་མཆོག་ལ་སྐྱོན་བརྗོད་དང་ངོ་རྒོལ་བྱེད་དུ་འཇུག་པའི་བྱ་སྤྱོད་དེ་ནི། བོད་མི་ཚོ་དང་ལྷག་དོན་གྲྭ་བཙུན་ཚོའི་བསམ་ཡུལ་ལ་ཤོང་མི་ཐུབ་ཅིང་བཟོད་དཀའ་བའི་བཙན་ཤེད་ཅིག་རེད་”ཅེས་བརྗོད་བྱུང་།
སྙན་ཐོ་དེའི་ནང་། ༢༠༡༡ ཟླ་ ༣ ཚེས་ ༡༦ ཉིན་རྔ་བ་ཀིརྟི་དགོན་གྱི་གྲྭ་ཕུན་ཚོགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་ཞི་རྒོལ་གནང་རྗེས། ཀིརྟི་དགོན་པར་ཉེན་རྟོག་པ་དང་དྲག་ཆས་དམག་གིས་དམ་དྲག་ནན་མོ་བྱས་ཏེ། ཀིརྟི་དགོན་གཙོས་པའི་བོད་ཀྱི་དགོན་སྡེ་ཁག་གི་གྲྭ་བཙུན་གང་བྱུང་འཇུ་བཟུང་དང་ཕྱིར་འབུད།འགྲོ་འོང་སྟེང་དམ་དྲག ལོ་ ༡༨ མ་སོན་པའི་གྲྭ་བཙུན་རྣམས་གྲྭ་བཙུན་གྱི་ཐོབ་ཐང་ལག་འཁྱེར་མ་སྤྲད་པ་མ་ཟད། དགོན་པ་ནས་སྡོད་མི་ཆོག་པའི་ཁྲིམས་གཞི་བཟོས་ཡོད་འདུག་ལ། དེ་བཞིན་ ༢༠༡༡ ཟླ་ ༦ ཚེས་ཤར་ནས་དཀར་མཛེས་ཁུལ་དུ་བོད་མིའི་ཞི་རྒོལ་རིམ་པར་བྱུང་བར། དྲག་གནོན་འཛིན་བཟུང་དང་། ཞིི་རྒོལ་བར་རྡོང་རྡེག དཀར་མཛེས་རྫོང་ཁོངས་ཡུལ་དགོན་གཉིས་ལ་དམ་དྲག་ཤུགས་ཆེན་བྱས་འདུག འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་ “རྔ་བ་ཀིརྟི་དགོན་པའི་གྲྭ་བ་ ༣༠༠ ལྷག་རྒྱ་གཞུང་གིས་འཇུ་བཟུང་བྱས་རྗེས་གར་སོང་ཆ་མེད་དུ་གྱུར་པའི་གནས་ཚུལ་དེ་ནི། འཛམ་གླིང་ནང་དུ་གཞུང་གིས་དྲག་གནོན་འོག་གར་སོང་ཆ་མེད་དུ་གྱུར་བའི་གྲངས་ཚད་མང་ཤོས་དང་ཛ་དྲག་ཆེ་ཤོས་ཤིག་ཆགས་ཡོད་”ཅེས་བརྗོད་སོང་།
འཇམ་དཔལ་སྨོན་ལམ་ལགས་ཀྱིས་ ༢༠༡༡ ལོར་རྒྱ་གཞུང་གིས་བོད་ནང་རྟོག་ཞིབ་དང་སློབ་གསོའི་ལས་འགུལ་སྤེལ་ཕྱོགས་སྐོར་ནས་བརྗོད་པ་ལྟར་ན། ༢༠༡༡ཟླ་ ༡༠ ནང་རྒྱ་གཞུང་གིས་ལས་བྱེད་ཁྲི་ ༢ ལོ་གསུམ་རིང་གི་ལས་གན་འོག ལས་དོན་ཚོགས་ཆུང་ཆེད་འཛུགས་ཐོག བོད་རང་སྐྱོང་ལྗོངས་ཀྱི་གཞི་རིམ་ས་ཁུལ་ཁག་ནང་བསྐྱོད་དེ་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་མགོ་བརྩམས་ཏེ། ཁྱིམ་ཚང་རེ་རེར་ཆེད་སྐྱོད་ཀྱིས་རྒྱ་ནག་མགོ་ཁྲིད་མི་རབས་བཞིའི་འདྲ་པར་བཀྲམ་པ།ཁྱིམ་ཚང་རེ་རེ་བཞིན་རྒྱལ་དར་སྤྲད་དེ་ཁང་སྟེང་དུ་བསྒྲེང་དུ་བཅུག་པ། གྲོང་ཚོའི་ནང་གཞི་རིམ་གྱི་སྒྲིག་འཛུགས་སྲ་བརྟན་དང་བརྟན་རླིང་སྲུང་སྐྱོབ་ཀྱི་ལས་གཞིའི་འོག མང་ཚོགས་ལ་ཏང་གི་སློབ་གསོ་སྤྲོད་བཞིན་ཡོད་འདུག འཇམ་དཔལ་སྨོན་ལམ་ལགས་ཀྱིས་ “ ༢༠༡༡ ལོར་བོད་རང་སྐྱོང་ལྗོངས་གཅིག་པུའི་ནང་རྒྱ་གཞུང་གིས་ལས་བྱེད་ཁྲི་ ༢ བཏང་ཡོད་པ་རེད། དེ་བཞིན་བོད་ཀྱི་ས་ཁུལ་གཞན་དག་ནང་རྒྱ་གཞུང་གི་ལས་བྱེད་དང་ཉེན་རྟོག་པ། དྲག་ཆས་དམག་སོགས་བཏང་དང་གཏོང་བཞིན་པ་བཅས་ཀྱིས་བོད་ནང་གི་གནས་སྟངས་གང་འདྲ་ཞིག་གི་འོག་ཚུད་ཡོད་པ་གསལ་རྟོགས་ཐུབ་ངེས་པ་ཞིག་རེད་”ཅེས་བརྗོད་བྱུང་།
གཞན་སྙན་ཐོ་དེའི་ནང་། ལོ་དེའི་ནང་བོད་ནང་གི་བོད་མིའི་འགྲོ་འོང་དང་། བལ་བོད་ས་མཚམས་ཁག་ལ་སྔར་བས་དམ་དྲག་ཤུགས་ཆེར་བྱས་སྟབས། ༢༠༡༡ལོར་བོད་ནས་རྒྱ་གར་དུ་ཡོང་མཁན་བོད་མི་སྐྱབས་བཅོལ་བ་གྲངས་ ༦༥༤ ལས་འབྱོར་མེད་པར་གསལ་ཡོད་འདུག
ཨ་རིའི་ནང་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་རྩ་འཛུགས་ཚོགས་པ་༼རང་དབང་ཁྱིམ་གཞི༽ཡིས། ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་ཚོགས་པའི་དྲ་རྒྱའི་སྟེང་སྤེལ་བའི་༼༢༠༡༢
ལོའི་འཛམ་གླིང་གི་རང་དབང་༽ ཞེས་པའི་ལོ་འཁོར་སྙན་ཐོའི་ནང་། འདས་པའི་ལོ་གཅིག་རིང་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་ཁག་ ༡༩༥ ནང་སྤྱི་དམངས་ཀྱི་རང་དབང་དང་།
ཆབ་སྲིད་ཁེ་དབང་གི་གནས་སྟངས་ཐད་ཉམས་ཞིབ་གནང་སྟེ། རང་དབང་ལྡན་པའི་རྒྱལ་ཁབ་དང་། རང་དབང་ཕྱེད་ཙམ་ལྡན་པའི་རྒྱལ་ཁབ། རང་དབང་མི་ལྡན་པའི་རྒྱལ་ཁབ་བཅས་རིམ་པ་གསུམ་དུ་བགར་དེ་མིང་འདོན་བྱས་ཡོད་པ་དང་།
རང་དབང་མི་ལྡན་པའི་རྒྱལ་ཁབ་དང་ས་ཁུལ་གྱི་ཁྲོད་ནས། བོད་ནི་འཛམ་གླིང་སྒང་རང་དབང་ཆེས་སྡུག་ཤོས་ཀྱི་ས་ཁུལ་དང་། རྒྱ་ནག་ནི་རང་དབང་སྡུག་ཤོས་ཀྱི་རྒྱལ་ཁབ་མིང་ཐོའི་ནང་བཀོད་འདུག
རང་དབང་མི་ལྡན་པའི་རྒྱལ་ཁབ་ ༤༨ ཡོད་པའི་ནང་ནས། རང་དབང་ཆེས་སྡུག་ཤོས་ཀྱི་ས་ཁུལ་ ༢ དང་རྒྱལ་ཁབ་ ༩
མིང་འདོན་བྱས་ཡོད་པ་དང་། དེའི་ཁྲོད་ཀྱི་ས་ཁུལ་གཉིས་ནི་རྒྱ་གཞུང་གི་དབང་སྒྱུར་འོག་ཡོད་པའི་བོད་དང་བྱང་ཨ་ཧྥི་རི་ཀའི་ནང་ཡོད་པའི་ནུབ་ས་ཧ་རཱ་(Western Sahara)གཉིས་ཡིན་པ་དང་།
རྒྱལ་ཁབ་དགུ་ནི་ཨེ་རི་ཊེ་ཡ་(Eritrea)དང་། ཐིག་དམར་གྷི་ནི་ཡ(Equatorial Guinea)། བྱང་ཀོ་རི་ཡ། སའོ་དྷི་ཨ་རབ། སོ་མ་ལི་ཡ། སུ་ཌན། སི་རི་ཡ། ཏུར་མེན་སི་ཐན(Turkmenistan)།
ཨུ་ཛུ་བྷེ་ཁི་སི་ཐན(Uzbekistan)བཅས་ཡིན་པ་རེད། དེ་བཞིན། རྒྱ་ནག་དང་ལེ་བྷེ་ཡ། ཨུ་རུ་སུ་དཀར་པོ(Belarus)། བྷེ་ལ་རུ་སི(Belarus)། ཆེ་ཌ(Chad)། ཁྱིའུ་བྷ(Cuba)། ལའོ(Lao)བཅས་རྒྱལ་ཁབ་ ༧ དང་། ལྷོ་ཨོ་སེ་ཁྲའེ་ཡཱ(South Ossetia)ས་ཁུལ་བཅས་ནི་རང་དབང་སྡུག་ཤོས་ཨང་གཉིས་པའི་མིང་ཐོའི་ཁྲོད་བཀོད་ཡོད་པ་རེད།
ལོ་འཁོར་སྙན་ཐོ་དེའི་ནང་སྤྱི་དམངས་ལ་རང་དབང་ལྡན་པའི་རྒྱལ་ཁབ་ ༨༧ ཡོད་པ་དང་།
འཛམ་གླིང་རྒྱལ་ཡོངས་ཀྱི་བརྒྱ་ཆ་ ༤༥ ཟིན་འདུག་ལ། རྒྱལ་ཁབ་དེ་དག་ནང་མི་འབོར་དུང་ཕྱིར་ ༣༠
དང་ཁྲི་ ༡༦༥༦ ལྷག་ཡོད་པ་དང་། འཛམ་གླིང་མི་འབོར་སྤྱིའི་བརྒྱ་ཆ་ ༤༣ ཟིན་ཡོད། རང་དབང་ཕྱེད་ཙམ་ལྡན་པའི་རྒྱལ་ཁབ་ ༦༠ ཡོད་པ་དང་། འཛམ་གླིང་རྒྱལ་ཡོངས་ཀྱི་བརྒྱ་ཆ་ ༣༡ ཟིན་འདུག་ལ།
རྒྱལ་ཁབ་དེ་དག་ནང་མི་འབོར་དུང་ཕྱིར་ ༡༤ དང་ཁྲི་ ༩༧༤༤ ལྷག་ཡོད་པ་དང་།
འཛམ་གླིང་མི་འབོར་སྤྱིའི་བརྒྱ་ཆ་ ༢༢ ཟིན་ཡོད། རང་དབང་མི་ལྡན་པའི་རྒྱལ་ཁབ་ ༤༨ ཡོད་པ་དང་།
འཛམ་གླིང་རྒྱལ་ཡོངས་ཀྱི་བརྒྱ་ཆ་ ༢༤ ཟིན་འདུག་ལ། རྒྱལ་ཁབ་དེ་དག་ནང་མི་འབོར་དུང་ཕྱིར་ ༢༤
དང་ཁྲི་ ༥༣༢༣ ལྷག་ཡོད་པ་དང་། འཛམ་གླིང་མི་འབོར་སྤྱིའི་བརྒྱ་ཆ་ ༣༥ ཟིན་ཡོད་འདུག
ཡུལ་ཕྱོགས་རང་བཞིན་གྱི་སྤྱི་དམངས་ལ་རང་དབང་ལྡན་མིན་གྱི་ཐད་ནས། ལྷོ་ཨ་ཧྥི་རི་ཀ་གླིང་དུ་རང་དབང་ལྡན་པའི་རྒྱལ་ཁབ་ཀྱིས་བརྒྱ་ཆ་ ༡༨ དང་།
རང་དབང་ཕྱེད་ཙམ་ལྡན་པའི་རྒྱལ་ཁབ་ཀྱིས་བརྒྱ་ཆ་༤༣ ། རང་དབང་མི་ལྡན་པའི་རྒྱལ་ཁབ་ཀྱིས་བརྒྱ་ཆ་ ༣༩ བཅས་ཟིན་ཡོད།
དཀྱིལ་ཤར་ཡུལ་གྲུ་དང་བྱང་ཨ་ཧྥི་རི་ཀའི་གླིང་དུ་རང་དབང་ལྡན་པའི་རྒྱལ་ཁབ་ཀྱིས་བརྒྱ་ཆ་༦ དང་། རང་དབང་ཕྱེད་ཙམ་ལྡན་པའི་རྒྱལ་ཁབ་ཀྱིས་བརྒྱ་ཆ་ ༢༢།
རང་དབང་མི་ལྡན་པའི་རྒྱལ་ཁབ་ཀྱིས་བརྒྱ་ཆ་ ༧༢ བཅས་ཟིན་ཡོད། ཡུ་རོབ་དཀྱིལ་མ་དང་ཤར་མའི་ཁུལ་དུ་རང་དབང་ལྡན་པའི་རྒྱལ་ཁབ་ཀྱིས་བརྒྱ་ཆ་ ༤༥ དང་། རང་དབང་ཕྱེད་ཙམ་ལྡན་པའི་རྒྱལ་ཁབ་ཀྱིས་བརྒྱ་ཆ་ ༣༡ ། རང་དབང་མི་ལྡན་པའི་རྒྱལ་ཁབ་ཀྱིས་བརྒྱ་ཆ་ ༢༤ བཅས་ཟིན་ཡོད། ཨེ་ཤ་ཡའི་ནང་རང་དབང་ལྡན་པའི་རྒྱལ་ཁབ་ཀྱིས་བརྒྱ་ཆ་ ༤༡ དང་།
རང་དབང་ཕྱེད་ཙམ་ལྡན་པའི་རྒྱལ་ཁབ་ཀྱིས་བརྒྱ་ཆ་ ༣༨ ། རང་དབང་མི་ལྡན་པའི་རྒྱལ་ཁབ་ཀྱིས་བརྒྱ་ཆ་ ༢༡
བཅས་ཟིན་ཡོད། ཨ་མེ་རི་ཁ་གླིང་དུ་རང་དབང་ལྡན་པའི་རྒྱལ་ཁབ་ཀྱིས་བརྒྱ་ཆ་ ༦༩ དང་། རང་དབང་ཕྱེད་ཙམ་ལྡན་པའི་རྒྱལ་ཁབ་ཀྱིས་བརྒྱ་ཆ་ ༢༨ ། རང་དབང་མི་ལྡན་པའི་རྒྱལ་ཁབ་ཀྱིས་བརྒྱ་ཆ་ ༣ བཅས་ཟིན་ཡོད།
ནུབ་ཡུ་རོབ་གླིང་དུ་རང་དབང་ལྡན་པའི་རྒྱལ་ཁབ་ཀྱིས་བརྒྱ་ཆ་ ༩༦ དང་། རང་དབང་ཕྱེད་ཙམ་ལྡན་པའི་རྒྱལ་ཁབ་ཀྱིས་བརྒྱ་ཆ་ ༤ ཟིན་ཡོད་པ་དང་། རང་དབང་མི་ལྡན་པའི་རྒྱལ་ཁབ་གཅིག་ཀྱང་མེད་པ་རེད།
ལོ་སྔོན་མ་དང་བསྡུར་ན་སྤྱི་དམངས་ཀྱི་རང་དབང་གནས་སྟངས་ཉམས་ཆག་ཏུ་ཕྱིན་ཡོད་པའི་རྒྱལ་ཁབ་ ༢༦ དང་།
གནས་སྟངས་ཡར་རྒྱས་ཕྱིན་ཡོད་པའི་རྒྱལ་ཁབ་ ༡༢ ཡོད་འདུག
འདི་ལོ་ཆབ་སྲིད་ལམ་ལུགས་དམངས་གཙོའི་འོས་བསྡུའི་ལམ་དུ་བསྐྱོད་བཞིན་པའི་རྒྱལ་ཁབ་ ༡༡༧ ཡོད་པ་དང་། དེའི་ཁྲོད་ནེ་ཇར་(Niger) དང་ཐེ་ལན་ཌི། ཋུ་ནི་ཤི་ཡ(Tunisi)གསུམ་ནི་ལོ་སྔོན་མའི་ནང་གསར་དུ་དམངས་གཙོའི་འོས་བསྡུའི་ལམ་དུ་ཕྱིན་ཡོད་པ་རེད། ཡིན་ནའང་། ནི་ཁ་ར་གུ(Nicaragua) ནི་ལོ་སྔོན་མའི་ནང་སྔར་གྱི་འོས་བསྡུའི་ལམ་ནས་འོས་བསྡུ་མིན་པའི་ཆབ་སྲིད་ལམ་ལུགས་སུ་བསྐྱར་ལོག་བརྒྱབ་ཡོད་འདུག
བླ་མ་བསོད་བྷེ་མཆོག་གི་ཞལ་ཆེམས།
བོད་མི་ས་ཡ་དྲུག་གི་ གཙོས་ རྒྱལ་ཕྱི་ནང་གི་བོད་རིགས་སྤུན་ཟླ་ཡོངས་ལ།
དེ་སྔ་འདས་སོང་བའི་དཔའ་བོ་ཐུབ་བསྟན་དངོས་གྲུབ་ཀྱི་གཙོས་རྒྱལ་ཕྱི་ནང་གི་དཔའ་ བོ་དཔའ་མོ་ཐམས་ཅད་ཀྱིས། བོད་མི་ཡ་ས་དྲུག་གི་གཞིས་བྱེས་ལྷན་འཛོམས་ཀྱི་ཆེད་དང་།
བོད་ཀྱི་བདེ་དོན་ཆེད་དུ་སྐུ་སྲོག་བཏང་བ་ཡིན་པས་ཁོང་རྣམ་པ་ཚང་མར་བཀའ་དྲིན་ ཆེ་ཞུ་བ་དང་ཆབས་གཅིག་ཏུ། བདག་ལྟ་བུར་མཚོན་ན་ད་ལྟ་ལོ་ན་བཞི་བཅུའི་ནང་དུ་སོན་ཡོད་མོད།
ད་བར་དུ་དེ་ལྟ་བུའི་སྙིང་སྟོབས་མ་ཡོད་པར་ལྷག་བསྡད་པ་རེད། ཡིན་ན་ཡང་། བོད་ཀྱི་རིག་གནས་ཆེ་བ་ལྔ་དང་། ཆུང་བ་ལྔ་བཅས་དར་སྤེལ་ཙམ་རེ་བྱས་པ་ཡིན།
ད་ལྟ་ནི་དུས་རབས་ཉེར་ གཅིག་པ་ཡིན་ལ།
ད་ལོ་ནི་སྐུ་སྲོག་བློས་བཏང་བའི་དཔའ་བོ་དཔའ་མོ་མང་པོ་ཞིག་གཤེགས་སོང་བའི་ལོ་ རེད། དེས་ན་ངས་ཁོང་རྣམ་པར་ལུས་ཤ་ཁྲག་གི་མཚོན་བྱེད་ཙམ་ལས། རང་གི་བྱས་རྗེས་དང་གཟི་བརྗིད་ཙམ་གྱི་ཆེད་མ་ཡིན་པར།
སྙིང་ཐག་པ་ནས་སོར་བྱང་སྔགས་གསུམ་དང་། སྔགས་ཀྱི་ནང་ནས་སྔགས་ཀྱི་དམ་ཚིག་གི་གཙོ་བོ་རང་རང་གི་ལུས་དང་སྲོག་བཏང་སྟེ་ འགྱོད་བཤགས་བྱེད་རྒྱུ་དེ་རེད། ཁྱད་པར་དུ་རིས་སུ་མ་ཆད་པའི་སེམས་ཅན་ཐམས་ཅད་ཕ་མར་མ་གྱུར་བ་མེད།
མཐའ་མེད་པའི་སེམས་ཅན་དེ་དག་ནི་ཀླ་ཀློ་དང་དེ་ལྟ་བའི་ཆོས་མིན་གྱི་དབང་དུ་སོང་ སྟེ། མི་དགེ་བའི་ལས་ཚབས་ཆེན་བསགས་བཞིན་ཡོད་པས། སྙིང་ཐག་པ་ནས་དེ་རྣམས་ཀྱི་ལས་སྒྲིབ་སྦྱང་ཕྱིར་དང་།
གཞན་ཡང་ཤིག་དང་སྲོ་མང་ཡན་ཆོད་དབུགས་ལ་བརྟེན་ཚད་དེ་ནམ་མཁས་གར་ཁྱབ་ཀྱི་སེམས་ ཅན་ཐམས་ཅད་ཀྱིས་འཆི་ཁ་མནར་གཅོད་ཀྱི་སྡུག་བསྔལ་མི་མྱོང་བར་མགོན་པོ་འོད་དཔག་ མེད་པའི་སྐུ་དྲུང་དུ་སྐྱེས་ཏེ།
རྣམ་མཁྱེན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ ཕྱིར་དུ། རང་གི་ཚེ་དང་སྲོག་གི་མཆོད་པ་འདི་ཕུལ་བ་ཡིན།
དེ་ནས་༧གོང་ས་ལྷ་ མིའི་ རྣམ་འདྲེན་༧རྒྱལ་དབང་བསྟན་འཛིན་རྒྱ་མཚོ་དབུ་བཞུགས་པའི་བླ་སྤྲུལ་ཡོངས་རྫོགས་ ཀྱི་སྐུ་ཚེ་ཞབས་པད་བརྟན་ཆེད་རང་གི་ལུས་དང་སྲོག་འདི་མཎྜལ་གྱི་ཚུལ་དུ་ཕུལ་བ་ ཡིན།
ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམས།། རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི།། སངས་རྒྱས་ཞིང་ལ་དམིགས་ཏེ་ཕུལ་བ་ཡིས།། འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག། བདག་གཞན་ལུས་ངག་ཡིད་གསུམ་དུས་གསུམ་དགེ་ཚོགས་བཅས།།
རིན་ཆེན་མཎྜལ་བཟང་པོ་ཀུན་བཟང་མཆོད་པའི་ཚོགས་བཅས་པ།། བློ་ཡི་དམིགས་ནས་བླ་མ་དཀོན་མཆོག་གསུམ་ལ་འབུལ།། ཐུགས་རྗེའི་དབང་གིས་བཞེས་ནས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ།།
ཨེ་དཾ་གུ་རུ་རདྣ་མཎྜ་ལ་ཁཾ་ནིརྱ་ཏ་ཡ་མི།
ད་ང་རང་གི་མི་སྒེར་ གྱི་ དབང་གིས་འདི་ལྟ་བུའི་ལས་བགྱིས་པ་མ་ཡིན་ལ།
འདོད་དང་བསྙེན་བཀུར་གྱི་དབང་གིས་ཡང་འདི་ལྟ་བུ་བྱས་པ་མ་ཡིན། རང་གི་བསམ་པ་རྣམ་པར་དག་པའི་སྒོ་ནས་རང་གི་ཚེ་འདི་སྙིང་སྟོབས་ཆེན་པོས་སྟག་མོ་ ལ་ལུས་ཡོངས་སུ་བཏང་བ་ལྟར་བཏང་བ་ཡིན།
དེ་བཞིན་དུ་བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ཀྱིས་ཀྱང་དེ་བཞིན་སྲོག་བཏང་བ་ཡིན་ མོད། ལག་ལེན་གྱི་ཐོག་ནས་ཞེ་སྡང་ལྟ་བུའི་ངང་ནས་གཤེགས་སོང་བ་ཡིན་པས་ཐར་ལམ་བགྲོད་ ཐུབ་མིན་དཀའ་མོ་རེད།
དེར་བརྟེན་དེ་དག་གི་ལམ་སྣ་འདྲེན་པའི་དེད་དཔོན་དང་། འདི་ལྟ་བུའི་མཆོད་པ་ཕུལ་བའི་དགེ་བའི་མཐུ་ལ་བརྟེན་ནས་མ་འོངས་པར་སེམས་ཅན་ཐམས་ ཅད་རྣམ་མཁྱེན་བླ་ན་མེད་པ་སངས་རྒྱས་ཀྱི་སར་བགྲོད་པའི་སྨོན་འདུན་དང་།
རྒྱལ་ཕྱི་ནང་གི་བླ་སྤྲུལ་ཡོངས་ཀྱི་སྐུ་ཚེ་བརྟན་པ་དང་། ཁྱད་པར་དུ་༧རྒྱལ་དབང་བསྟན་འཛིན་རྒྱ་མཚོ་མི་འཇིགས་གདོང་ལྔའི་ཁྲི་ལ་མངའ་གསོལ་ ཏེ། བོད་ཀྱི་ཆོས་སྲིད་གཉིས་ཀྱི་མངའ་བདག་ཏུ་བཞུགས་པའི་སྨོན་འདུན་དུ།
གངས་རིའི་ར་བས་བསྐོར་བའི་ཞིང་ཁམས་འདིར།། ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས།། སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི།། ཞབས་པད་སྲིད་མཐུའི་བར་དུ་བརྟན་གྱུར་ཅིག།
འཕྲིན་ལས་ནམ་མཁའ་ལྟ་བུར་ཁྱབ་པར་ཤོག།
སྨོན་ལམ་ལོག་པའི་ རྒྱལ་ བའི་བསྟན་པ་ལ།། འཁུ་བའི་ནག་ཕྱོགས་གཟུགས་ཅན་གཟུགས་མེད་སྡེ།།
བསམ་སྦྱོར་ངན་པའི་འཇུག་པ་མ་ལུས་པ།། མཆོག་གསུམ་བདེན་པས་རྩད་ནས་གཅོད་གྱུར་ཅིག། ༼འདི་ལྟར་བགྱིས་པའི་རྣམ་དཀར་སོགས་ཤོ་ལོ་ཀ་གཉིས་དང་། སྨོན་ལམ་རྒྱལ་པོ་འདི་དག་སོགས་ཤོ་ལོ་ཀ་གཅིག
འདི་དང་དུས་གསུམ་སོགས་ཤོ་ལོ་ཀ་གཅིག ཏདྱཐ། པཎྩ་ཏྲི་ཡ་ཕྱག་འཚལ་བའི་གཟུངས་ལན་གསུམ་གསུང་འདུག༽
ཡ་དེ་ནས་རྡོ་རྗེའི་ སྤུན་ གྲོགས་རྣམས་དང་། ཕྱོགས་སོ་སོ་ན་ཡོད་པའི་དད་ལྡན་ཡོངས་ལ་ཞུ་རྒྱུ་ཞིག་ལ། ཐམས་ཅད་ཀྱིས་མཐུན་སྒྲིལ་ལག་སྡང་སྤྲེལ་ནས་བོད་མི་རིགས་ཟེར་བ་འདི་མ་འོངས་པར་
འོད་སྟོང་འབར་བའི་གཟི་བྱིན་ཅན་གྱི་རྒྱལ་ཁབ་ཞིག་ཏུ་བསྐྲུན་ཐུབ་རྒྱུ་འདི་དཔའ་ བོ་དཔའ་བོ་རྣམས་ཀྱི་ཐུགས་བཞེད་ཡིན། དེས་ན་ཁྱེད་རྣམས་ཀྱིས་ཁ་མཐུན་གྲོས་ཀྱི་སྒོ་ནས་ནང་ཁུལ་ནས་ས་རྩོད་དང་ཆུ་རྩོད་
ལ་སོགས་པ་མི་དགོས་པའི་བྱ་བ་ངན་རིགས་མི་བྱེད་པར་མཐུན་པའི་ལམ་ནས། ལོ་ཆུང་རྣམས་ཀྱིས་བཅུ་ཕྲག་རིག་གཞུང་ལ་སྦྱང་བརྩོན་དང་གཅེས་སྤྲས་བྱོས། ལོ་ལོན་རྣམས་ཀྱིས་རང་རང་གི་ལུས་ངག་ཡིད་གསུམ་དགེ་བ་ལ་བཀོལ་ཏེ།
བོད་མིའི་ཡུལ་སྲོལ་དང་གོམས་གཤིས་དང་། སྐད་ཡིག་སོགས་ཉམ་དུ་མི་འཇུག་པར་བོད་མིའི་ངོ་བོ་རྒྱུན་འཛིན་ཐུབ་པ་དགོས། དེ་བཞིན་དུ་བོད་མིའི་བདེ་དོན་དང་།
སེམས་ཅན་ཐམས་ཅད་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་ཆེད་ཆོས་རྣམ་པར་དག་པ་ ཞིག་བསྒྲུབ་རྒྱུ་གལ་ཆེན་པོ་རེད། བཀྲ་ཤིས་བདེ་ལེགས།
དེ་ནས་ང་རང་གི་འཁོར་ སྡེ་ བརྒྱད་དང་། ཡུལ་བ་དང་ཉེ་རིང་ཡོངས་སུ་རྫོགས་པ། གཙོ་བོ་༼མི་ཞིག་གི་མིང་ནས་སྨྲོས་ཀྱང་མི་གསལ།༽སོགས་འདི་དག་ཚང་མར་ཞུ་རྒྱུར། ང་རང་ལ་རྒྱུ་ཁབ་སྐུད་ཙམ་ཡང་མེད།
གང་ཡོད་པ་ཚང་མ་སྔོན་མ་ནས་ཆོས་ཕྱོགས་སུ་བཏང་ཚར། རྗེས་སུ་ཅིག་ཅིག་ན་སྒོར་ཁྲི་མང་པོ་ཡོད་ཟེར་བ་དང་། ཅིག་བྱས་པ་རེད་ཉུག་བྱས་པ་རེད་སོགས་བཤད་རྒྱུ་གཏམ་རྒྱུ་གང་ཡང་མེད་པས། ཤ་ཕུ་ནུ། གཉེན་ཉེ་འབྲེལ་ཡོངས་དང་།
ཡུལ་སྡེ་ཕྱོགས་སོ་སོ་ན་ཡོད་པའི་སྦྱིན་བདག་ཚང་མས་དེ་དོན་ཡིད་ལ་འཇགས་པར་ཞུ་ ཞུ།
དེ་མིན་བར་འདུག་བྱས་ཡོད་ པ་དང་། བཅའ་དངོས་གཞན་པ་རྣམས་སྦྱིན་བདག་རྣམས་ཀྱིས།
ཡུལ་སྡེ་མི་སྡེ། བླ་སྤྲུལ་སུ་ཡིན་ལ་ཡག་པོ་ཞིག་སྤྲོད་རྒྱུ་རེ་བ་ཡིན།
དེ་ནས་རང་གཞན་གཉིས་ ཀྱིས་ དུས་གསུམ་དུ་བསགས་པའི་དགེ་རྩ་ཐམས་ཅད་མ་རྒན་སེམས་ཅན་ཐམས་ཅད་དང་།
སྒོས་སུ་དམྱལ་ཁམས་སོགས་ན་སྡུག་བསྔལ་མྱོང་བཞིན་པ་རྣམས་ཐར་བ་ཐོབ་ཕྱིར་བསྔོ་ སྨོན་འདི་ལྟར་མཛོད། ༼སྨོན་ལམ་རྒྱལ་པོ་སོགས་ཤོ་ལོ་ཀ་གཅིག་དང་།
འདི་དང་དུས་གསུམ་སོགས་ཤོ་ལོ་གཅིག་གསུང་འདུག༽
ད་རྒྱལ་ཕྱི་ནང་གི་ ཆོས་ གྲོགས་ཕོ་མོ་ཡོངས་ལ་ངས་ཞུ་རྒྱུ་ཞིག་ལ། ཁྱེད་ཅག་གི་ཐུགས་མ་ཕམ།
བླ་མ་དགེ་བའི་དགེ་གཉེན་ལ་གསོལ་བ་རྩེ་གཅིག་ཏུ་ཐོབས་དང་། ཇི་སྲིད་བྱང་ཆུབ་མ་ཐོབ་བར་དུ་སྐད་ཅིག་ཙམ་ཡང་འབྲལ་བ་མེད། དེ་བཞིན་དུ་རྒ་རྒས་རྣམས་དང་། མང་ཚོགས་ཚང་མར་དེ་བཞིན་ཡིན། སྐྱིད་ན་སྡུག་ན། ཡག་ན་ཉེས་ན།
བཟང་ན་ངན་ན་སྐྱབས་དཀོན་མཆོག་གསུམ་མ་གཏོགས་རེ་ས་ཡོད་ནི་མ་རེད། དེ་ཁྱེད་རྣམས་ཀྱིས་བརྗེད་མི་ཉན། བཀྲ་ཤིས་བདེ་ལེགས།
སྒྲ་ཐག་ལས་ཡི་གེར་ཕབ་མཁན། མཁན་པོ་ངག་དབང་རྡོ་རྗེ།
སྐྱབས་སུ་མཆི། ངོ་མཚར་རྨད།
རྗེས་སུ་ཡི་རང་མངོན་པར་བསྟོད།
ཇི་ལྟར་སྨོན་པ་བཞིན་དུ་འགྲུབ་པར་སྨོན།།
དྲང་བདེེན་གྱི་སློང་མོ་་བ།.མི་རིགས་ཀྱི་མིང་མེད་དཔའ་བོ།
ཉེ་སྔོན་བོད་ནང་བོད་མི་སྐྱ་སེར་ ༡༧
གྱིས་སྔ་ཕྱིར་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་གི་དྲག་སྤྱོད་དབང་སྒྱུར་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་གྱི་གནས་སྟངས་ཐད། ཧྥ་རན་སི་གཞུང་གིས་བློ་འཚབ་གནང་གི་ཡོད་པ་མ་ཟད།
རྒྱ་གཞུང་གིས་བོད་མིའི་ཡུལ་སྲོལ་གོམས་གཤིས་དང་རིག་གནས་སྲུང་སྐྱོབ་བྱ་དགོས་པའི་རྨང་གཞིའི་ཐོག བོད་མི་རིགས་དང་ལྷན་དུ་གྲོས་མོལ་གནང་དགོས་པའི་གནང་དགོས་པའི་འབོད་སྐུལ་གནང་འདུག
ཕྱི་ཚེས་ ༡༩ ཉིན་ཧྥ་རན་སིའི་ཕྱི་འབྲེལ་མགྲིན་ཚབ་པ་ཝེ་ལི་རའོ་(Bernard
Valero)ལགས་ཀྱིས་གསར་འགོད་ལྷན་ཚོགས་ཐོག “བོད་མི་སྐྱ་སེར་དེ་དག་གིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ངོ་རྒོལ་གནང་བ་དེ་ནི། ཁོང་ཚོ་ཐབས་ཟད་འུ་ཐུག་གི་གནས་སྟངས་འོག་ལྷུང་བའི་རྐྱེན་གྱིས་རེད།
ཧྥ་རན་སིའི་གཞུང་གིས་ཆོས་དད་རང་དབང་དང་། བོད་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་རིག་གནས་སྲུང་སྐྱོབ། འགྲོ་བ་མིའི་ཐོབ་ཐང་བཅས་ལ་གུས་བརྩི་བྱེད་དགོས་པ་ནན་སྐུལ་ཞུ་རྒྱུ་མ་ཟད།
བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་ལ་གུས་བརྩི་ལྡན་པའི་རྨང་གཞིའི་ཐོག རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་འོག་ཕྱོགས་གཉིས་ཀྱིས་གྲོས་མོལ་གནང་རྒྱུར་འབོད་སྐུལ་གནང་རྒྱུ་ཡིན་ལ།
དེ་ནི་གནད་དོན་སེལ་ཐབས་ཀྱི་ཐབས་ལམ་གཅིག་པུ་རེད།” ཅེས་བརྗོད་དེ།
ཧྥ་རན་སིའི་གཞུང་གིས་ད་ལྟའི་ཆར་བོད་མི་རྣམས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་ཞི་བའི་ངོ་རྒོལ་གནང་བཞིན་པའི་གནས་སྟངས་ཐད་བློ་འཚབ་གནང་གི་ཡོད་པ་མ་ཟད། ཧྥ་རན་སིའི་གཞུང་གིས་རྒྱ་གཞུང་དང་འབྲེལ་མོལ་གྱི་བརྒྱུད་རིམ་ཁྲོད་ཡུ་རོབ་མནའ་མཐུན་དང་རྒྱ་ནག་བར་གྱི་གྲོས་མོལ་སྒྲོམ་གཞིའི་འོག དུས་རྒྱུན་རྒྱ་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ལ་བརྩི་འཇོག་དགོས་པའི་གསལ་འདེབས་བྱས་ཡོད་སྐོར་བརྗོད་འདུག
རྒྱ་གཞུང་གི་བོད་ཐོག་འཛིན་པའི་དྲག་སྤྱོད་དབང་སྒྱུར་སྲིད་ཇུས་ལ་ངོ་རྒོལ་ཆེད། ད་ལྟའི་བར་བོད་ནང་བོད་མི་སྐྱ་སེར་ ༡༧
གྱིས་རང་ལུས་མེར་བསྲེགས་བཏང་ཡོད་པ་དང་། བལ་ཡུལ་དང་རྒྱ་གར་ནང་དུའང་དཔའ་བོ་ཐུབ་བསྟན་དངོས་གྲུབ་ཀྱིས་མཚོན་པའི་བོད་མི་སྐྱ་སེར་ ༣ གྱིས་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་གནང་ཡོད་པ་རེད། དེ་དག་ཁྲོད་མི་ ༡༡
འདས་གྲོངས་ཕྱིན་ཡོད།
གསར་འགོད་པ། ཚེ་རིང་རྒྱལ
ཉེ་ལམ་བོད་ནང་དུ་བོད་མི་ཁག་ཅིག་གིས་རང་ལུས་མེར་བསྲེགས་བཏང་བ་དེར་འཇར་མན་གཞུང་གིས་གདུང་སེམས་མཉམ་སྐྱེད་དང་།
རྒྱ་གཞུང་ལ་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངེས་པར་འགྱུར་བ་གཏོང་དགོས་པའི་ནན་སྐུལ་བྱས་འདུག
༢༠༡༢
ལོའི་ལོ་མགོ་ཙམ་ནས་མདོ་སྨད་རྔ་པ་དང་མགོ་ལོག་ཁུལ་གྱི་བོད་མི་སྐྱ་སེར་ ༤
ཡིས་གཅིག་རྗེས་གཉིས་མཐུད་ཀྱིས་རྒྱ་གཞུང་གི་དྲག་སྤྱོད་དབང་སྒྱུར་སྲིད་བྱུས་ལ་མི་འདོད་པའི་རྣམ་འགྱུར་ཤུགས་ཆེར་བསྟན་ཏེ།
རང་ལུས་མེར་བསྲེགས་བཏང་བ་དེས་རྒྱ་གཞུང་གི་དཔོན་རིགས་ཚོར་ཁོང་ཁྲོ་ཆེན་པོ་བསླངས་ཡོད་པ་མ་ཟད། མེར་བསྲེགས་དོན་རྐྱེན་དེས་རྒྱལ་སྤྱིའི་སྤྱི་ཚོགས་ལའང་ཤུགས་རྐྱེན་གང་འཚམ་ཞིག་ཐེབས་ཡོད། གནས་སྟངས་དེའི་ཐད་ཕྱི་ཚེས་
༩ ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས། བོད་མི་ཚོར་གདུང་སེམས་མཉམ་སྐྱེད་དང་རྒྱ་གཞུང་ལ་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་ཞིབ་དགོས་པའི་ནན་བརྗོད་བྱས་འདུག་ལ། ཕྱི་ཚེས་ ༡༧
ཉིན་འཇར་མན་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མཱར་ཁུ་སཱི་ལཱོ་ནིན་ (Markus
Loning)ལགས་ཀྱིས་ཀྱང་། རྒྱ་གཞུང་གིས་ད་ལྟའི་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་བཏང་སྟེ།
བོད་མིར་ཆོས་དང་རིག་གཞུང་སྲུང་སྐྱོབ་ཀྱི་རང་དབང་སྤྲོད་དགོས་པའི་ནན་སྐུལ་ཞུས་འདུག
ཚོགས་གཙོ་མཱར་ཁུ་སཱི་ལཱོ་ནིན་མཆོག་གི་འབོད་སྐུལ་ཡི་གེ་དེའི་ནང་བཀོད་དོན། “ དེང་སྐབས་ཨ་མདོ་རྔ་པ་ཀིརྟི་དགོན་པ་གཙོས་པའི་བོད་ཀྱི་ས་ཁུལ་ཁག་ཏུ། བོད་མི་ཚོས་བསྟུད་མར་རང་ལུས་མེར་བསྲེགས་གཏོང་བཞིན་པའི་རྒྱུ་རྐྱེན་གཙོ་བོ།
བོད་མི་ཚོར་ད་ལྟའི་རྒྱ་ནག་གི་སྲིད་བྱུས་འོག་འདོད་པ་ཁེངས་ཀྱི་མེད་པ་གསལ་པོར་སྟོན་ཀྱི་ཡོད། རྒྱ་ནག་གཞུང་གི་དམ་དྲག་ཆེ་བའི་སྲིད་བྱུས་དེའི་འོག་བོད་མི་ཚོར་མུ་མཐུད་དཀའ་ངལ་འཕྲད་རྒྱུ་ཡིན་སྟབས། རྒྱ་གཞུང་གིས་ངེས་པར་དུ་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བཅོས་བསྒྱུར་བཏང་སྟེ། བོད་མི་ཚོར་དོན་ཕན་ལྡན་པའི་གུ་ཡངས་སྲིད་བྱུས་ཤིག་ལག་བསྟར་བྱས་ཏེ་བོད་མིའི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཀྱི་རང་དབང་ཆེ་ཙམ་སྤྲོད་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། དེ་བཞིན། འཇར་མན་གཞུང་གི་ངོས་ནས་བོད་ནང་གི་བོད་མི་ཚོའི་དངོས་ཡོད་གནས་སྟངས་ཤེས་རྟོགས་ཡོང་ཆེད། རྒྱལ་སྤྱིའི་གསར་འགོད་པ་དང་ཆབ་སྲིད་མི་སྣ།རྒྱལ་སྤྱིའི་གཞུང་འབྲེལ་མི་སྣ་སོགས་བོད་ནང་དུ་བསྐྱོད་པར་རྒྱ་གཞུང་གིས་བཀག་འགོག་མི་གནང་བའི་འབོད་སྐུལ་ནན་མོ་ཞུ་རྒྱུ་ཡིན། ” ཞེས་འཁོད་འདུག
གསར་འགོད་པ། དཔལ་ལྡན
སྔར་བཞིན་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སྲུང་སྐྱོབ་བྱེད་ཀྱི་ཡོད་སྐོར་བསྐྱར་ཟློས་བྱས་ཡོད་པ་རེད།
ཟླ་འདིའི་ཕྱི་ཚེས་ ༩
ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་གསར་འགོད་ལྷན་ཚོགས་ཐོག གསར་འགོད་པས་ཉེ་ཆར་བོད་ནང་འབྱུང་བཞིན་པའི་རང་ལུས་མེར་བསྲེགས་ཀྱི་གནད་དོན་ཐད་བཀའ་འདྲི་བྱས་སྐབས། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལྕམ་ནུའུ་ལན་ཊི་(Victoria
Nuland )ལགས་ཀྱིས། “ ང་ཚོས་ཉེ་བའི་ཉིན་འགའི་ནང་བོད་མི་ ༣ གྱིས་རང་ལུས་མེར་བསྲེགས་བཏང་པའི་གནས་ཚུལ་ཐད་དོ་སྣང་ཤུགས་ཆེན་པོ་བྱེད་བཞིན་ཡོད།
ཨ་རིའི་གཞུང་གིས་སྔ་རྗེས་སུ་བོད་མིའི་རང་ལུས་མེར་བསྲེགས་ཀྱི་གནད་དོན་དེ་རྒྱ་ནག་གཞུང་ལ་ཐད་ཀར་གླེང་སློང་བྱས་ཡོད་ལ།
ཉེ་བའི་གནས་ཚུལ་དེ་དག་གིས་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ལ་བཀག་སྡོམ་ནན་མོ་བྱེད་བཞིན་པའི་བྱ་སྤྱོད་དེར་བོད་མི་རྣམས་ཀྱིས་མི་འདོད་པའི་རྣམ་འགྱུར་ཤུགས་ཆེན་པོ་སླེབས་བཞིན་པ་གསལ་སྟོན་བྱས་ཡོད།”
ཅེས་བརྗོད་དེ། བོད་ནང་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་འབྱུང་བཞིན་པ་དེ་དག་ནི།
རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ལ་བཀག་སྡོམ་ནན་མོ་བྱས་པའི་རྐྱེན་གྱིས་ཡིན་པ་གསལ་འདོན་བྱས་པ་མ་ཟད།
ལྕམ་ནུའུ་ལན་ཊི་ལགས་ཀྱིས་ཨ་རིའི་གཞུང་གིས་རྒྱ་གཞུང་གིས་བོད་མི་དང་མཉམ་དུ་དོན་ཕན་ལྡན་པའི་གྲོས་མོལ་བྱ་དགོས་པ་ནན་སྐུལ་བྱས་ཡོད་པ་དང་། དེ་དང་དུས་མཚུངས་སུ་གསར་འགོད་པ་དང་ཕྱི་འབྲེལ་མི་སྣ། དེ་བཞིན།
ཉམས་ཞིབ་པ་དག་གིས་དངོས་ཡོད་བདེན་པའི་གནས་ཚུལ་ཕྱིར་བསྒྲགས་དང་། རྒྱ་ནག་གི་དབང་སྒྱུར་འོག་ཡོད་པའི་སྤྱི་དམངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་བྱ་དགོས་པའི་སྐོར་བརྗོད་ཡོད་པ་རེད།
ཕྱི་ཚེས་ ༡༡
ཉིན་རྒྱ་གཞུང་གིས་གསར་འགོད་ལྷན་ཚོགས་ཤིག་བསྐངས་ཏེ། གཟའ་ཟླ་བའི་ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ཨ་རིའི་གཞུང་གིས་བོད་མིའི་ལུས་མེར་བསྲེགས་ཀྱི་དོན་རྐྱེན་ལ་དོ་སྣང་ཤུགས་ཆེན་གནང་གི་ཡོད་པའི་བརྡ་ལན་སྤྲད་པ་དེར། རྒྱ་གཞུང་གིས་ཨ་རིའི་གཞུང་གིས་ཆོས་ལུགས་ལས་དོན་བེད་སྤྱད་དེ་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་བྱས་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་སྐོར་གྱི་རྣམ་འགྱུར་བསྟན་ཡོད་པ་རེད།
རྒྱ་ནག་ཕྱི་འབྲེལ་མགྲིན་ཚབ་པ་ལིག་ཝེ་མཱན་གྱིས་གསར་འགོད་ལྷན་ཚོགས་ཐོག བོད་ནང་བསྐྱར་དུ་བོད་མི་སྐྱ་སེར་འགའི་རང་ལུས་མེར་བསྲེགས་བྱས་པའི་དོན་རྐྱེན་དེ་ནི།
ཞི་བདེ་ལྷིང་འཇགས་ལ་རེ་བའི་བོད་ཁུལ་གྱི་རྒྱ་ཆེའི་མང་ཚོགས་ཀྱི་འདོད་འདུན་དང་འཚམ་གྱི་མེད་སྐོར་དང་།
རྒྱ་ནག་གཞུང་གིས་མི་རིགས་སོ་སོའི་ཆོས་དད་རང་དབང་ཚུད་པའི་གཞི་རྩའི་ཁེ་དབང་སྣ་ཚོགས་ལ་སྲུང་སྐྱོབ་དང་དོ་གལ་ཆེན་པོ་བྱེད་བཞིན་ཡོད་སྐོར་བརྗོད་འདུག
ཨ་རིའི་ཝ་ཤིན་ཊོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ལས་འགུལ་ཚོགས་པའི་ཚོགས་གཙོ་ལྕམ་མཱར་ཁའེ་(Mary Beth
Markey)
ལགས་ཀྱིས་གསར་འགོད་པའི་བཅར་འདྲིའི་སྐབས། “བོད་མིའི་རང་ལུས་མེར་བསྲེགས་ཀྱི་གྲངས་འབོར་མུ་མཐུད་ཇེ་མང་དུ་འཕར་སྣོན་བྱུང་ཏེ། ད་ལྟ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་བྱེད་དགོས་ངེས་ཀྱི་ཚད་ལ་སླེབས་འདུག རྒྱ་གཞུང་གིས་རྒྱལ་སྤྱིའི་སྟེང་རྒྱ་ནང་འགྲོ་བ་མིའི་རང་དབང་ཐོབ་ཐང་ཡོད་པ་དང་།
འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་ཁྲིམས་གཞི་ཁག་ལག་བསྟར་བྱེད་བཞིན་ཡོད་སྐོར་དྲིལ་བསྒྲགས་བྱེད་བཞིན་པ་དེ་ནི་དོན་དངོས་དང་མཐུན་གྱི་མི་འདུག རྒྱ་གཞུང་གིས་ད་དུང་གནད་དོན་འདི་དག་སྦས་གསང་བྱས་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་མི་ཡོང་བ་བྱ་རྒྱུའི་རེ་ངན་འཆིང་བཞིན་ཡོད་པ་རེད།
ཡིན་ནའང་། ཨ་རི་དང་རྒྱལ་ཁབ་གཞན་མང་པོ་ཞིག་གིས་འཛམ་གླིང་གི་ཡུལ་ཕྱོགས་གང་སར་གཅིག་མཚུངས་ཀྱིས་དོ་སྣང་སླེབས་ཀྱིན་ཡོད།” ཅེས་བརྗོད་འདུག
ལྕམ་མཱར་ཁའེ་ལགས་ཀྱིས་གསར་ལམ་ཁག་ཏུ།
ཨ་རིའི་གཞུང་གིས་བོད་ནང་གི་རང་ལུས་མེར་བསྲེགས་ཀྱི་གནད་དོན་དེའི་ཐད་དོ་སྣང་གནང་བཞིན་པ་གསལ་འདོན་བྱས་པ་དེ་ནི། ཨ་རིའི་གཞུང་གིས་རྒྱ་ནག་མི་མང་གི་འགྲོ་བ་མིའི་ཐོབ་ཐང་ཐད་འཛིན་པའི་སྲིད་ཇུས་ཀྱི་ལངས་ཕྱོགས་དང་འགན་ལེན་གྱི་རྣམ་འགྱུར་ཞིག་ཡིན་པ་དང་།
རྒྱ་གཞུང་གིས་རང་ཉིད་འཛམ་གླིང་སྒང་མགོ་བོ་ཡར་འདེགས་བཞིན་པའི་སྟོབས་ཆེན་རྒྱལ་ཁབ་ཅིག་གི་སྣང་བརྙན་བསྐྲུན་ཐབས་བྱེད་ཀྱི་ཡོད་ནའང་། རྒྱ་གཞུང་གིས་དོན་དངོས་ཐོག་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་དེ་དག་ནི་ནོར་འཁྲུལ་གྱི་ལངས་ཕྱོགས་ཤིག་ཡིན་པ་མ་ཟད། རྒྱ་གཞུང་གི་བྱ་སྤྱོད་མཐའ་དག་ནུས་མེད་ཀྱི་རྒྱལ་ཁབ་ཐ་ཤལ་བ་ཞིག་དང་མཚུངས་པ་ལས།
འཛམ་གླིང་སྤྱི་ལ་འགན་ལེན་སྣེ་འཁྲིད་བྱེད་ཐུབ་མཁན་གྱི་རྒྱལ་ཁབ་ཞིག་གི་སྣང་བརྙན་མིན་པའི་སྐོར་བརྗོད་ཡོད་པ་རེད།
ཉེ་ཆར་ལོ་གསར་བའི་ནང་མདོ་སྨད་རྔ་པ་དང་མགོ་ལོག་ཁུལ་དུ་སྔ་ཕྱིར་བོད་མི་ ༣
ཀྱིས་རང་ལུས་མེར་བསྲེགས་བཏང་ཡོད་ལ། ཕྱི་ལོ་ ༢༠༠༩ ལོ་ནས་ད་ལྟའི་བར་བོད་ནང་སྔ་ཕྱིར་ཁྱོན་བསྡོམས་བོད་མི་སེར་སྐྱ་ ༡༦ རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་སྤྱོད་དབང་སྒྱུར་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་བྱས་ཡོད་པ་རེད།
བལ་ཡུལ་དུ་གནས་སྡོད་མགོ་ལོག་པ་སྐར་ཁྲི་བཙན་ལགས་ཀྱིས་འདི་གའི་གསར་འགོད་པར་བརྗོད་པ་ལྟར་ན། དེ་རིང་བདག་གིས་ཕ་ཡུལ་དུ་ཁ་པར་བཏང་སྟེ་གོ་གསལ་ལྟར་ན།
དེ་རིང་ཞོགས་པ་སྔ་བོར་མགོ་ལོག་དར་ལག་རྫོང་ཐོག་གི་ལམ་འགྲམ་ནས་དགེ་འདུན་པ་ཞིག་གིས་རང་ལུས་མེར་བསྲེགས་བཏང་སྟེ། སྐུ་ཕུང་ཡོངས་སུ་མེར་འཚིགས་ཡོད་འདུག སྐབས་དེར་རྫོང་ཉེན་རྟོག་པ་ཡོང་སྟེ་སྐུ་ཕུང་འཁྱེར་ཡོད་ཀྱང་།
ས་གནས་བོད་པ་མང་པོ་ཞིག་འདུ་འཛོམས་ཀྱིས་སྐད་འབོད་བརྒྱབ་སྟེ་སྐུ་ཕུང་ཕྱིར་འཕྲོག་འདུག ཁོང་ཚོས་བརྗོད་གསལ་ལ།
དགེ་འདུན་པ་དུས་ཐོག་མར་གཞུང་ལམ་སུམ་མདོའི་གློག་སྡོང་ཆེན་པོ་ཞིག་གི་མདུན་ནས་སྐུ་ལུས་མེར་བསྲེགས་བཏང་འདུག་ལ།
མེར་བསྲེགས་གཏོང་མཁན་དོ་བདག་དེ་ནི་མགོ་ལོག་དགའ་བདེ་རྫོང་སྟོང་སྐྱོབ་དགོན་པའི་བླ་མ་བསོད་བྷ་ཡིན་པར་ཚོད་དཔག་བྱེད་ཀྱི་འདུག་ཟེར།
ཡང་གནས་ཚུལ་ཡོང་ཁུངས་གཞན་ཞིག་གིས་ཁ་པར་བརྒྱུད་བརྗོད་པ་ལྟར་ན། དེ་རིང་ཞོགས་པ་སྔ་བོ་བོད་ནང་གི་ཆུ་ཚོད་ ༦ སྟེང་། དགའ་བདེ་རྫོང་སྟོང་སྐྱོབ་དགོན་པའི་བླ་མ་བསོད་བྷ་མཆོག་གིས་སྐུ་ལུས་ལ་ས་སྣུམ་མང་པོ་བླུགས་ཤིང་། ཞལ་དུ་ཡང་ས་སྣུམ་མང་པོ་མཆོད་དེ་མེར་སྒྲོན་ཡོད་པ་དང་།
སྐབས་དེར་ཉེ་འཁོར་གྱི་མི་མང་པོས་འཛིན་ཐབས་བྱས་ཀྱང་། ཁོང་གིས་ཕྱག་ཏུ་བོད་པའི་རྒྱལ་དར་ཆེན་པོ་ཞིག་འཕྱར་བཞིན་" བོད་རང་བཙན་ཡིན། རྒྱལ་བ་རིན་པོ་ཆེ་བོད་ནང་གདན་འདྲེན་ཞུ་དགོས"
ཅེས་ཀྱི་འབོད་ཚིག་སྒྲོག་བཞིན་ཁྲོམ་ལམ་དུ་བརྒྱུགས་ཏེ་སར་འགྱེད་ཡོད་པ་དང་། དེ་མ་ཐག་རྫོང་གི་ཉེན་རྟོག་པ་མང་པོ་འབྱོར་ནས་སྐུ་ཕུང་འཁྱེར་རྩིས་བྱེད་སྐབས།
ས་གནས་བོད་རིགས་མང་པོ་འདུ་འཛོམས་ཀྱིས་སྐད་འབོད་སྒྲོག་པ་སོགས་བྱས་ཏེ་སྐུ་ཕུང་ཉེན་རྟོག་པའི་ལག་ནས་ཕྱིར་འཕྲོག་ཡོད་ཀྱང་། བོད་པའི་རྒྱལ་དར་དེ་འཕྲོག་ཐུབ་ཡོད་མི་འདུག
སྐར་ཁྲི་བཙན་ལགས་ཀྱིས་གོ་ཐོས་ལྟར་ན། ཐེངས་འདིར་བསོད་བྷོ་ལགས་ཀྱིས་རང་ལུས་མེར་བསྲེགས་གཏོང་དོན།
བླ་མ་བསོད་བྷ་མཆོག་གིས་ཉེ་ལམ་དགའ་བདེ་རྫོང་ཉེན་རྟོག་ལས་ཁུངས་སུ་ཕྱིན་ཏེ། ཐེངས་འདིའི་རྡོ་རྗེ་གདན་གྱི་དུས་འཁོར་དབང་ཆེན་ཞུ་བར་སྐྱོད་ཆེད་ཐོངས་མཆན་ཞུས་སྐབས།
འབྲེལ་ཡོད་ལས་བྱེད་ཚོས་ཁྱེད་རང་སྔོན་རྒྱ་གར་ལ་ཐེངས་ཁ་ཤས་ཕྱིན་མྱོང་མཁན་ཞིག་རེད་ཅེས་ཆབ་སྲིད་ཀྱི་ལས་ཀ་འདྲ་མིན་བྱས་ཡོད་པའི་ཉེས་འཛུགས་འོག་ལག་འཁྱེར་མ་སྤྲད་སྟབས། ཉིན་དེར་ཁོང་ཚོའི་བར་ཁ་རྩོད་ཤོར་ཏེ།
བླ་མ་བསོད་བྷ་ལགས་ཀྱིས་ཐེངས་འདིར་ཁྱེད་ཅག་གིས་ང་ལ་ལག་འཁྱེར་མ་སྤྲད་ཚེ་ངས་རང་ལུས་མེར་བསྲེགས་གཏོང་རྒྱུ་ཡིན་ཚུལ་བརྗོད་པ་གཞན་གྱིས་ཐོས་ཡོད་འདུག་ཟེར།
སྐར་ཁྲི་བཙན་ལགས་ཀྱིས་བརྗོད་དོན། “དགེ་འདུན་པ་དེས་རང་ལུས་མེར་བསྲེགས་གཏོང་སྟངས་དང་། ཁོང་སུ་ཡིན་མིན་ཐོག་སྐད་ཆ་འདྲ་མིན་ཞིག་ཡོང་གི་འདུག
ངས་ཀྱང་དེ་རིང་ཕ་ཡུལ་ལ་ཁ་པར་བཏང་སྟེ་གོ་པ་ཡིན། ད་དུང་འདིར་ཡོད་པའི་མགོ་ལོག་དགའ་བདེ་ཕྱོགས་ཀྱི་ཆོས་ཞུ་བ་གཞན་སྐོར་ཞིག་གིས་ཀྱང་ཁྱིམ་ལ་ཁ་པར་བཏང་སྟེ་གོ་འདུག
གལ་སྲིད་བླ་མ་བསོད་བྷ་ཁོང་ཡིན་ཚེ་ང་ཁོང་ལ་རྒྱུས་མངའ་ཆེན་པོ་ཡོད། ཁོང་གི་འཁྲུངས་ཡུལ་མགོ་ལོག་དགའ་བདེ་རྫོང་གོང་སྟོད་ཡུལ་ཚོ་དང་། སྟོང་སྐྱོབ་དགོན་པའི་བླ་མ་རེད། ད་ཆར་དགུང་ལོ་ ༤༠ ཙམ་ཡིན། སྟོང་སྐྱོབ་དགོན་དུ་གདེང་འཇོག་ཆེན་པོ་ཡོད་པ་མ་ཟད། རྨ་ཉིན་སྲིབ་གཉིས་ཀྱི་སེར་སྐྱ་མི་མང་གིས་ཧ་ཅང་བརྩི་གུར་དང་དད་གུས་ཆེན་པོ་ཞུ་ས་ཞིག་རེད"
ཅེས་བརྗོད་བྱུང་།
བོད་ཀྱི་དུས་བབ་དྲ་བ་ལས།
དེ་རིང་ཕྱི་ཚེས་ ༨ ཉིན་གྱི་དགོང་དྲོའི་ཆུ་ཚོད་ ༦ དང་ཕྱེད་ཀའི་སྟེང་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་སྣེ་ལེན་ཁང་གི་ཚོགས་ཁང་དུ། བོད་ནས་ཕེབས་པའི་ཆོས་ཞུ་བ་ ༨༠༠༠ ལྷག་ལ་བཙན་བྱོལ་བོད་མིའི་བྱུང་རིམ་དང་ཤེས་ཡོན། ཆོས་དང་རིག་གཞུང་། ཆབ་སྲིད་གནས་སྟངས། གཞིས་ཆགས་ཀྱི་འཚོ་བ། ལམ་དབུ་མའི་སྲིད་བྱུས། བོད་རྒྱ་འབྲེལ་མོལ། ༧གོང་ས་མཆོག་གི་སྐུ་དབང་རྩིས་སྤྲོད་དང་ཡང་སྲིད་ཕེབས་ཕྱོགས། དོལ་རྒྱལ་བསྟེན་པའི་སྐྱོན་གནས་བཅས་ཀྱི་ཐོག་བཀའ་སློབ་གནང་སོང་།
ཟམ་གདོང་རིན་པོ་ཆེ་མཆོག་གིས་༧གོང་ས་མཆོག་གི་སྐུ་དབང་རྩིས་སྤྲོད་གནང་བའི་བརྒྱུད་རིམ་དང་དེའི་རྒྱབ་ལྗོངས་ངོ་སྤྲོད་དང་འབྲེལ་ནན་གྱིས་གསུངས་དོན། “ ད་བར་སྐྱབས་མགོན་རིན་པོ་ཆེའི་མཚན་གྱི་གཟི་བརྗིད་འོག་གནས་ཚུལ་མང་པོ་ཞིག་རང་བཞིན་གྱིས་ཡལ་འགྲོ་བཞིན་ཡོད། མ་འོངས་པར་མིང་ཙམ་ལ་བརྟེན་ནས་སྐུ་ངལ་བྱུང་བ་ཡིན་ན། རྒྱལ་བ་རིན་པོ་ཆེའི་མཚན་གྱི་གཟི་བརྗིད་མེད་སྐབས་སྐུ་ངལ་འཕྲད་སྲིད་པའི་རྒྱུ་མཚན་ལ་གཟིགས་ཏེ། ཁོང་གིས་བཀའ་སློབ་གནང་བ་ལྟར་དབྱིན་ཡིག་ནང་མིང་ག་རེ་ཡོད་པ་བོད་ཡིག་ནང་བཟོས་པ་རེད། དེ་ལྟར་གནང་བ་ཡིན་ན། གཞུང་གི་གནས་བབ་ལ་འགྱུར་བ་མི་ཐེབས་པ་དང་། རྒྱལ་སྤྱིའི་ཐོག་རྙོག་དྲ་མི་ཡོང་བ། བཙན་བྱོལ་སྒྲིག་འཛུགས་དགའ་ལྡན་ཕོ་བྲང་གཞུང་གི་རྒྱུན་དེ་མུ་མཐུད་སྡོད་རྒྱུར་ཕན་ཐོགས་ཡོད་སྟབས། མིང་དང་ཚིག་ཙམ་ལ་གནད་འགག་ཆེན་པོ་མ་རྩིས་པ་རེད། ༢༠༡༡ ཕྱི་ཟླ་ ༥ པའི་ནང་གི་དམིགས་བསལ་གྲོས་ཚོགས་ཀྱི་བཅའ་ཁྲིམས་བསྐྱར་བཅོས་སྐབས་མིང་དེ་དབྱིན་བོད་གཉིས་དང་མཐུན་པ་བཟོས་པ་རེད། ཁ་ཤས་ཀྱིས་༧རྒྱལ་བ་རིན་པོ་ཆེས་བཙན་བྱོལ་བོད་གཞུང་མེད་པ་བཟོས་པ་རེད་ཟེར་བ་དང་། ཁ་ཤས་ཀྱིས་རྒྱལ་བ་རིན་པོ་ཆེས་གཞུང་འཛིན་སྐྱོང་གནང་རྒྱུའི་ཐུགས་འདོད་ཡོད་པ་མ་རེད་ཟེར་བ་དེ་བདེན་པ་མ་རེད་ ” ཅེས་གསུངས་སོང་།
ཡང་ཟམ་གདོང་རིན་པོ་ཆེ་མཆོག་གིས་མུ་མཐུད་དུ་༧གོང་ས་མཆོག་གིས་བོད་མིའི་ཆབ་སྲིད་འཛིན་སྐྱོང་འགན་དབང་ལས་བགྲེས་ཡོལ་གནང་ཡོད་ནའང་། དགའ་ལྡན་ཕོ་བྲང་གཞུང་གི་ངོ་བོར་འགྱུར་བ་གང་ཡང་ཐེབས་མེད་པའི་སྐོར་གསུངས་དོན། “རྒྱལ་བ་སྐུ་ཕྲེང་བཅུ་བཞིའི་ནང་དགུང་ལོ་ ༡༦ ནས་བོད་ཀྱི་ཆབ་སྲིད་ཐུགས་འགན་བཞེས་ཏེ། དགུང་ལོ་ ༧༦ བར་མི་ལོ ༦༠ རིང་བོད་ཀྱི་ཁྲིམས་མཐུན་གཞུང་སྐྱབས་མགོན་རིན་པོ་ཆེ་གཅིག་པུས་སྐུ་ལས་བསྐྱོན་ཏེ། དཀའ་ངལ་དང་ཛ་དྲག་གང་འདྲ་འཕྲད་ཀྱང་། འཛིན་སྐྱོང་གནང་ཐུབ་ཡོད་པ་རེད། བོད་ཀྱི་བྱུང་རབས་ལ་ཕྱིར་བལྟས་བྱས་ན། སྔོན་གྱི་ཆོས་རྒྱལ་ནས་རྒྱལ་བ་སྐུ་ཕྲེང་ན་རིམ་དང་། ས་སྐྱའི་ཁྲི་རབས་ན་རིམ། གཙང་པ་སྡེ་སྲིད་དང་ཕག་གྲུའི་སྡེ་སྲིད་སོགས་གང་ལ་བལྟས་ཀྱང་། སྲིད་སྐྱོང་གཅིག་གིས་ལོ་དྲུག་ཅུའི་རིང་ཆབ་སྲིད་བསྐྱངས་པ་ཞིག་བྱུང་མྱོང་ཡོད་པ་མ་རེད། སྔར་བྱུང་མ་མྱོང་བའི་བོད་ཀྱི་གནས་བབ་དཀའ་ངལ་ཆེ་ཤོས་ཀྱི་སྐབས་སུ་ཐུགས་འགན་བཞེས་པ་རེད། མཐའ་མ་ཐུགས་འགན་རྩིས་སྤྲོད་གནང་བ་རེད། སྒྲིག་འཛུགས་རྒྱུན་གནས་ཡོང་བ་དང་སྒྲིག་འཛུགས་དེང་རབས་དང་མཐུན་པ། རྒྱལ་སྤྱིའི་སྟེང་སུས་བལྟས་ཀྱང་ཚང་མས་ངོས་ལེན་གནང་བ་མ་གཏོགས། སྐྱོན་བརྗོད་བྱ་རྒྱུ་མེད་པ་ཞིག་སྲོལ་བཏོད་གནང་ཡོད་པ་རེད། སྐྱབས་མགོན་རིན་པོ་ཆེས་ཆབ་སྲིད་སྐུ་དབང་རྩིས་སྤྲོད་གནང་བ་དེ། དགོས་པ་རྒྱུ་མཚན་གཙོ་བོ་གཅིག་བོད་དོན་བདེན་མཐའ་མ་སེལ་བར། བཙན་བྱོལ་བོད་མིའི་ཆབ་སྲིད་སྒྲིག་འཛུགས་དེ། ངེས་པར་དུ་རྒྱུན་མཐུད་དགོས་པ་ཧ་ཅང་གལ་ཆེན་རེད། སྒྲིག་འཛུགས་དེ་གནས་མ་ཐུབ་ན། བོད་དོན་བདེན་མཐའ་སེལ་ཆེད་རྒྱལ་སྤྱིའི་སྟེང་ལས་དོན་བསྒྲུབ་རྒྱུའི་ལམ་ཁ་མེད་པ་ཆགས་འགྲོ་ཡི་ཡོད། བོད་ནང་ཆབ་སྲིད་ལས་དོན་བྱེད་ཐུབ་ཀྱི་མེད་པ་གསལ་པོ་རེད། ཕྱི་ལོགས་སུའང་། ཆབ་སྲིད་ལས་དོན་ག་རེ་བྱས་ཀྱང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་གིས་བྱ་ཐུབ་ཀྱི་ཡོད་པ་མ་རེད། ༧རྒྱལ་དབང་ལྔ་པས་ཕྱག་བཏབ་པའི་ལོ་ ༣༦༠ བརྒལ་བའི་བོད་ཀྱི་ཁྲིམས་མཐུན་གཞུང་དེ། མ་ཉམས་པར་སྡོད་རྒྱུ་དེ་གལ་ཆེན་པོ་རེད། སྲིད་དོན་གྱི་ཐོག་ནས་གལ་ཆེན་པོ་རེད། སྤྱི་ཚོགས་ཀྱི་ཐོག་ནས་གལ་ཆེན་པོ་རེད། དེ་བཞིན་བྱུང་བའི་ཐོག་ནས་ཀྱང་གལ་ཆེན་པོ་ཆགས་ཡོད་པ་རེད། གཞུང་དེ་ང་གཅིག་ལོར་རྒྱ་ནག་གིས་བོད་ལ་དབང་བསྒྱུར་བྱས་སྐབས་ཀྱང་དགའ་ལྡན་ཕོ་བྲང་གཞུང་མེད་པ་ཆགས་མེད་ལ། གཞུང་དེར་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་ས་གནས་གཞུང་ལ་ངོས་འཛིན་བྱས་ཡོད། གྲོས་མཐུན་དོན་ཚན་ ༡༧ ནང་དུའང་། ༧གོང་ས་མཆོག་གི་སྐུ་དབང་དང་དགའ་ལྡན་ཕོ་བྲང་གི་གནས་བབ་ལ་འགྱུར་བ་མི་གཏོང་བ་དེ་བརྗོད་ཚིག་ནང་གསལ་པོར་བཀོད་ཡོད། བཙན་བྱོལ་དུ་འབྱོར་རྗེས་ང་ཚོ་དམངས་གཙོའི་ངོ་བོར་ཕྱིན་པ་རེད། དམངས་གཙོའི་ངོ་བོར་ཕྱིན་རྗེས་ཁྲིམས་མཐུན་གཞུང་དེ་ཕུན་སུམ་ཚོགས་པ་དང་། ཡར་རྒྱས་ཕྱིན་པ་མ་གཏོགས་དེར་ཉམས་རྒུད་སྤུ་ཙམ་ཡང་ཕྱིན་མེད་ ” ཅེས་གསུངས་སོང་།
མཐར་ཁོང་གིས་བོད་ཀྱི་འཐབ་རྩོད་དེ་འཚེ་མེད་ཞི་བའི་འཐབ་རྩོད་ཐོག་འགྲོ་དགོས་དོན་སྐོར་ལ་གསུངས་རྒྱུར་ “བོད་མི་རིགས་ཀྱི་གཞི་རྩའི་འཐབ་རྩོད་དེ་བདེན་པར་གཞི་བཅོལ་བ་ཞིག་དང་། སངས་རྒྱས་ཀྱི་བསྟན་པ་དང་འབྲེལ་བ་ཡོད་པའི་གནས་སྟངས་ཤིག་ཆགས་ཡོད། བོད་མི་རིགས་དང་སངས་རྒྱས་ཀྱི་ཐེག་པ་གསུམ་དང་རྒྱུད་སྡེ་བཞི་བར་འབྲེལ་བ་ཟབ་མོ་ཆགས་ཡོད་པ་རེད། གངས་ཅན་ལྗོངས་ལ་སངས་རྒྱས་ཀྱི་བསྟན་པ་ཉམས་ན། དེ་འདྲའི་ཚང་ལ་མ་ནོར་བའི་བསྟན་པ་དེ། ནང་པའི་རྒྱལ་ཁབ་གཞན་པའི་ནང་ཡོད་པ་མ་རེད། ཐེག་པ་རེ་རེ་དང་གྲུབ་མཐའ་རེ་རེ། ཡང་ན་ཆོས་ཚན་རེ་ཟུང་ཙམ་ལས་ཚང་ལ་མ་ནོར་བའི་བསྟན་པ་མེད་བསྡད་པ་ཞིག་རེད། དེ་ཡིན་དུས་བོད་མི་རིགས་དེ་འཇིག་རྟེན་སྤྱི་ཡོངས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པ་ཞིག་ཡིན་སྟབས། ང་ཚོའི་འཐབ་རྩོད་དེ་བདེན་པ་དང་ཡང་དག་པའི་འཐབ་རྩོད་ཆགས་ཡོད། ང་ཚོའི་འཐབ་རྩོད་དེ་བདེན་པ་དང་ཡང་དག་པའི་ངོ་བོར་གནས་དང་མི་གནས་དེ། ང་ཚོའི་འཐབ་རྩོད་ཀྱི་ཐབས་ལམ་དེ་འཚེ་མེད་ཞི་བའི་ལམ་འབའ་ཞིག་ལ་འགྲོ་ཐུབ་མིན་ལ་རག་ལས་ཡོད་ ” ཅེས་གསུངས།
གསར་འགོད་པ། དཔལ་ལྡན་གྱིས་རྡོ་རྗེ་གདན་ནས
དེ་རིང(་ཚེས་༦)་ཞོགས་པའི་ཆུ་ཚོད་ ༦ དང་ཕྱེད་ཀའི་སྟེང་གནས་མཆོག་རྡོ་རྗེ་གདན་མཱ་ཧཱ་བྷོ་ཏི་མཆོད་རྟེན་ཆེན་མོའི་མདུན་ཐང་དུ། ༧གོང་ས་མཆོག་མཆོག་དབུ་བཞུགས་ཐོག དཔལ་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་དང་། རྒྱལ་བ་ཀརྨ་པ་མཆོག དགའ་ལྡན་གསེར་ཁྲི། སྨན་རིའི་ཁྲི་འཛིན། གླིང་མཆོག་སྤྲུལ་རིན་པོ་ཆེ་གཙོས་བོད་ཀྱི་ཆོས་ལུགས་ཆོས་བརྒྱུད་ཁག་གི་བླ་ཆེན་དང་། རིས་མེད་ཆོས་སྡེ་ཁག་གི་དགེ་འདུན་པ་དང་། དད་ལྡན་ཆོས་ཞུ་བ་ཁྲི་ཚོ་བརྒལ་བས་མཆོད་འབུལ་སྨོན་ལམ་གཟབ་རྒྱས་ཤིག་གནང་སོང་ལ། མཆོད་འབུལ་སྨོན་ལམ་གྲུབ་རྗེས་མང་ཚོགས་ལ་ཚོགས་རྫས་སོགས་བཀྲམས་སོང་།
ཨ་མདོ་རྔ་པ་ནས་ཕེབས་པའི་ཆོས་ཞུ་བ་ཞིག་གིས་ནང་མི་ཚོར་༧གོང་ས་མཆོག་གི་གསུང་སྐད་ཐོས་སུ་འཇུག་ཆེད་བོད་དུ་ཁ་པར་བཏང་སྐབས། དེ་རིང་ཉིན་རྒྱབ་རྒྱ་ནག་གི་ཆུ་ཚོད་ ༢
དང་སྐར་མ་ ༤༠ ཙམ་ལ་རྔ་པ་རྫོང་གི་ཁྲོམ་གཞུང་དུ་གྲྭ་བ་གཅིག་དང་མི་སྐྱ་གཅིག་བཅས་མི་གཉིས་ཀྱིས་ལྷན་ཏུ་རང་ལུས་མེར་བསྲེགས་བཏང་ཡོད་སྐོར་བརྗོད་འདུག སྐབས་དེར་ཁོང་གཉིས་ཀྱིས་ཕྱག་ཐལ་མོ་སྦྱར་ཅིང་ཞལ་ཀིརྟི་དགོན་པའི་ཕྱོགས་སུ་འཁོར་ཏེ། འབོད་ཚིག་མང་པོ་ཞིག་བསྒྲགས་ཡོད་ཀྱང་རོབ་ཙམ་ཐོས་ཐུབ་པ་ནི་ “རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས། རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག” ཅེས་པ་འདི་དག་ཡིན་འདུག ཡུན་ཙམ་གྱི་རྗེས་སུ་རྒྱ་གཞུང་གི་དམག་མི་དང་ཉེན་རྟོག་པ་འབྱོར་ཏེ་བཙན་ཁྲིད་ བྱས་ཡོད་འདུག
ཁ་པར་གཏོང་ཡུལ་དེས་མཐོང་གསལ་ལྟར་ན། གྲྭ་བ་དེ་ཕལ་ཆེར་སྐུ་གྲོངས་ཡོད་པ་དང་། མི་སྐྱ་དེའི་གནས་སྟངས་གསལ་བོ་ཤེས་མ་ཐུབ་ཀྱང་མེ་ཤུགས་ཧ་ཅང་ཆེན་པོ་འབར་ཡོད་སྟབས་གཉིས་ཀའི་ཚེ་སྲོག་ཤོར་ཡོད་པར་ཚོད་དཔག་བྱེད་ཀྱིན་ཡོད་འདུག གཞན་གྲྭ་བ་དེ་དང་མི་སྐྱ་དེ་གཉིས་རྔ་པ་གང་ནས་ཡིན་པ་དང་ལོ་ཚད་དང་མིང་སོགས་ད་ སྔ་གསལ་བོ་ཤེས་རྟོགས་ཐུབ་མ་སོང་ཟེར
དེ་རིང་ཞོགས་པར་རྒྱལ་བ་ཀརྨ་པ་མཆོག་གིས་རྡོ་རྗེ་གདན་གཏེར་སྒར་དགོན་པའི་ཉེ་འགྲམ་གྱི་ཐང་ཆེན་དུ་བོད་ནས་ཕེབས་པའི་ཆོས་ཞུ་བ་རྣམས་གཙོ་བོར་བཟུང་སྟེ། བོད་ནང་གི་ཁོར་ཡུག་སྲུང་སྐྱོབ་སྲོལ་རྒྱུན་ལ་བདག་གཅེས། བོད་པའི་རིག་གཞུང་ལ་བདག་ཉར་བཅས་གནང་དགོས་པའི་བཀའ་སློབ་གནང་སོང་།
དེ་རིང་ཕྱི་ཚེས་ ༥ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༧།༣༠ ཡས་མས་སུ་དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་རྡོ་རྗེ་གདན་གཏེར་སྒར་དགོན་པའི་ཉེ་འགྲམ་བཀའ་རྒྱུད་སྨོན་ལམ་ཚོགས་རྭའི་ནང་བོད་ནས་ཕེབས་པའི་ཆོས་ཞུ་བ་༡༡༠༠༠
ལྷག་ལ་ད་ལྟའི་བར་བོད་ནང་གི་བོད་མི་ཚོས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་ཁོར་ཡུག་སྲུང་སྐྱོབ་ཐད་རང་ནུས་གང་ཡོད་བཏོན་ཡོད་པ་ལྟར།
མ་འོངས་པར་རིག་གཞུང་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ། རི་དྭགས་དང་ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ཐད་འབད་པ་བྱ་དགོས་པའི་སྐོར་གསུངས་སོང་། སྐབས་དེར་ཀརྨ་པ་མཆོག་གིས་དུས་དབང་ཐེངས་ ༣༢ པའི་སྟེང་བོད་ནས་ཆེད་དུ་ཕེབས་པའི་ཆོས་ཞུ་བ་རྣམས་ལ་འཚམས་འདྲི་དང་འབྲེལ།
ཆོས་རྒྱལ་མེས་དཔོན་རྣམ་གསུམ་གྱི་སྐབས་སུ་མཐའ་བཞིའི་རྒྱལ་ཁམས་མང་པོ་དབང་དུ་བསྡུས་ཏེ། བོད་འདི་སྲིད་འབྱོར་རིག་གསུམ་ཡར་རྒྱས་ལྡན་པའི་རྒྱལ་ཁབ་དང་མི་རིགས་ཤིག་ཆགས་པ་དང་།
ལྷག་པར་དུ་བོད་མི་ཚོས་ད་ལྟའི་བར་ནང་པའི་ཆོས་ལ་ཐོས་བསམ་ཉམས་ལེན་བྱས་ཏེ། ད་ལྟའི་དུས་སྐབས་འདིར་རྒྱལ་ཁབ་གཞན་དང་གོམ་པ་མཉམ་སྤོ་བྱེད་ཐུབ་ཀྱིན་ཡོད་པའི་སྐོར།
བཙན་པོའི་གདུང་རྒྱུད་ཆད་པ་དང་བོད་ཁམས་སིལ་བུར་འཐོར་བ་བཅས་ལས་བོད་མི་ཚོ་གཅིག་གྱུར་མེད་པའི་དཀའ་རིམ་པ་བྱུང་ཡོད་ཀྱང་།
༸གོང་ས་མཆོག་གིས་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ད་ལྟའི་དུས་འདིར་བོད་མི་ཚོ་གོང་བུ་གཅིག་གྱུར་དང་རྡོག་རྩ་ཆིག་སྒྲིལ་གྱི་དུས་སྐབས་གསར་བ་ཞིག་མགོ་ཚུགས་ཡོད་ཚུལ།
ཁོང་གི་ངོས་ནས་ང་དགུ་ལོའི་ཡར་སྔོན་གྱི་བོད་མི་ཚོས་སོ་སོའི་ས་ཆ་དང་ཆོས་ལུགས་ཆོས་རྒྱུད་ལས། བོད་སྤྱི་དོན་ལ་བསམ་བློ་བཏང་ཡོད་མཁན་དཀོན་པོ་ཡིན་པའི་ཚོར་སྣང་ཡོད་ཀྱང་།
ད་ལྟའི་ཆར་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་བོད་ཀྱི་གནས་སྟངས་ལ་དོ་འཁུར་མཉམ་ལེན་བྱེད་ཀྱི་ཡོད་པ་དང་།
ལྷག་པར་དུ་བོད་ནང་གི་བོད་མི་ཚོ་རང་དབང་ལུང་པའི་བོད་མི་ལྟར་བོད་མིའི་གཤིས་ཀ་དང་ཡ་རབས་བཟང་སྤྱོད་མ་འགྱུར་བའི་ཐོག ཆོས་ལུགས་དང་ཆོལ་ཁའི་འཐེན་འཁྱེར་མེད་པར། བོད་མི་ཕན་ཚུན་ལ་རོགས་རམ་དང་མཐུན་ལམ་ཡག་པོ་ཡོད་པ།
ཁོང་རྣམ་པའི་རང་བཞིན་དང་ལྷག་བསམ། སྙིང་སྟོབས་བཅས་ལ་བསྟོད་བསྔགས་བཅས་གནང་སོང་།
ཁོང་གིས་བོད་མིའི་མཐུན་ལམ་སྐོར་གསུངས་དོན “ དེང་སང་བོད་ནང་བོད་རིགས་ནང་ཁུལ་ཏུ་མི་གསོད་ཁྲག་སྦྱོར་བྱེད་ཀྱིན་པའི་གནས་ཚུལ་མང་པོ་ཞིག་གོ་ཡོང་གི་འདུག ངའི་ཕ་ཡུལ་ལྟ་བུར་མཚོན་ན། དུད་ཚང་ ༡༠༠ ཙམ་ལས་མེད་པའི་ལུང་པ་ཁུག་ཀྱོག་ཅིག་ཡིན་ཡང་། སྔ་ལོར་ནང་ཁུལ་འཁྲུག་པ་ཤོར་ཏེ་མི་ ༣ བསད་པའི་གནས་ཚུལ་འདུག རྒྱུ་མཚན་མེད་པའི་ནང་ཁུལ་གྱི་འཁྲུག་འཛིང་དེའི་རིགས་ང་ཚོ་བོད་ཀྱི་ཆོས་དང་རིག་གཞུང་ཉམས་ཆག་དང་གཉན་འཕྲང་གི་དུས་སྐབས་འདིར་དུས་ཚོད་མ་རེད།
དེར་བརྟེན། ཁྱེད་རང་ཚོས་བོད་མི་ནང་ཁུལ་འཆམ་མཐུན་བྱ་དགོས་པ་རེད། གནད་དོན་དེ་དག་སྤྱི་ཚོགས་ཀྱི་སློབ་གསོ་དང་ལྟ་བ་འཁུར་སྟངས་སོགས་ལ་རག་ལས་སྟབས།
ཚང་མས་དོ་སྣང་དང་མཉམ་དུ་དམ་ཚིག་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུའི་རེ་སྐུལ་བྱས་པ་ཡིན། རི་དྭགས་སྲུང་སྐྱོབ་ཀྱི་ཐད་ནས། ང་ཚོ་ཚང་མ་ནང་པ་སངས་རྒྱས་པའི་ཐེག་པ་ཆེན་པོའི་ལམ་ལ་ཞུགས་ཏེ།
བྱམས་དང་སྙིང་རྗེ་ཉམས་ལེན་དང་མ་གྱུར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བ་སྨོན་ལམ་བྱེད་ཀྱི་ཡོད། སྔོན་ཆད་སྒོ་ཟོག་སེམས་ཅན་གསོད་པའི་གནས་ཚུལ་ཡོད་ཀྱང་ཉུང་ཉུང་རེད།
དེང་སང་བོད་ནང་སེམས་ཅན་གསོད་པ་དེ་བཟོ་ལས་ཅན་ཏུ་གྱུར་ཏེ། ཉིན་རེར་ཁྲི་ཕྲག་མང་པོའི་སྲོག་གཅོད་ཀྱིན་པའི་གནས་ཚུལ་གོ་ཡོང་གི་འདུག དེའི་ཐད་བོད་མི་ཚོས་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད། ང་ཚོས་ཁ་ནས་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་ན་བསམ་པའི་སྨོན་ལམ་རྒྱག་གི་ཡོད་ཀྱང་།
ལག་ལེན་གྱི་ཐོག་ནས་སེམས་ཅན་གཞན་ལ་བཙོང་སྟེ་སྡུག་ལ་སྦྱོར་གྱིན་པ་དེ་སྨོན་ལམ་དང་མཐུན་གྱི་མེད། ཚང་མས་བསམ་བློ་བཏང་སྟེ་འཚེ་བ་སྤོང་བའི་ཐད་ལ་འབད་པ་བྱ་དགོས་པ་རེད།
ཁོར་ཡུག་གི་ཐད་ནས། བོད་ཀྱི་གངས་རི་དང་འཁྱགས་རོམ་བཅས་ཀྱིས་ཨེ་ཤ་ཡའི་ཡུལ་གྲུ་ཁག་གི་སེམས་ཅན་མང་པོ་ཞིག་གི་འཐུང་ཆུ་ཆགས་ཏེ། བོད་ཀྱི་ཁོར་ཡུག་ཏེ་ཨེ་ཤ་ཡའི་ཡུལ་གྲུ་ཁག་གི་སེམས་ཅན་ཚོའི་ཚེ་སྲོག་གི་འབྱུང་གནས་ལྟ་བུ་ཆགས་ཡོད་སྟབས། བོད་ནང་གི་བོད་མི་ཚོས་རང་ས་ནས་ཁོར་ཡུག་དང་རི་དྭགས་སྲུང་སྐྱོབ་དང་། ཆུ་དང་ཁ་དབུགས་འབག་བཙོག་མི་ཡོང་བའི་ཐད་ལ་འབད་པ་བྱས་ཏེ།
མི་རབས་རྗེས་མ་རྣམས་ལ་བདེ་སྐྱིད་དང་ལྡན་པའི་ཁོར་ཡུག་ཅིག་བསྐྲུན་པའི་ཐད་ལ་འབད་པ་བྱ་རྒྱུ་གལ་ཆེན་པོ་རེད། དེང་སང་ཤ་བོའི་རྭ་བཙོང་ཆེད་ཤྭ་བ་མང་པོ་གསོད་པའི་པའི་གནས་ཚུལ་འདུག དེ་དག་གི་ཐད་ལ་དོ་སྣང་བྱས་ཏེ། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱ་དགོས ” ཞེས་གསུངས་བྱུང་།
ཡང་ཀརྨ་པ་མཆོག་གིས་བོད་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་བོད་རྒྱའི་མཐུན་ལམ་སྐོར་ལ་གསུང་དོན། “ དེང་སང་བོད་པའི་ནང་ཤེས་ཡོན་པ་མང་དུ་ཕྱིན་ཏེ། མང་པོ་ཞིག་གིས་བོད་ཀྱི་སྲོལ་རྒྱུན་ལ་དགག་པ་བྱས་པ་དེ་ཡག་པོ་མ་རེད། སྔོན་མའི་ལུགས་སྲོལ་དེ་དག་མིས་བཟོས་པའི་དབང་གིས་དུས་དང་བསྟུན་ཏེ་འགྱུར་བ་བཏང་ཆོག་གི་རེད།
ཡིན་ནའང་། དེ་དག་ལོ་ངོ་སྟོག་ཕྲག་རིང་བརྟག་དཔྱད་དང་ཉམས་མྱོང་བརྒྱུད་དེ་ཡོང་བ་སྲོལ་རྒྱུན་གྱི་ཤེས་ཡོན་ཞིག་ཡིན་སྟབས། ང་ཚོའི་ངོས་ནས་དེ་ལ་དོ་སྣང་བྱ་རྒྱུ་གལ་ཆེན་པོ་རེད།
སྲོལ་རྒྱུན་གྱི་ཤེས་ཡོན་དེ་ང་ཚོའི་མིག་ལྟ་བུ་དང་དེང་དུས་ཀྱི་ཤེས་ཡོན་དེ་ལག་པ་ཟུང་ལྟ་བུ་རེད། དེང་དུས་ཀྱི་ཤེས་ཡོན་གཅིག་པུའི་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་ཁག་པོ་ཆགས་ཡོད་སྟབས།
ཚང་མས་དོ་སྣང་བྱ་དགོས་པ་རེད། དེ་དང་ཆབས་ཅིག ང་ཚོའི་བོད་མི་རིགས་དེ་རྒྱ་དཀར་ནག་གཉིས་ཀྱི་ཁྱིམ་མཚེས་ཆགས་བསྡད་ཡོད་པ་རེད།
ད་ལྟའི་བར་ནང་པ་སངས་རྒྱས་པའི་ཆོས་དེ་རྒྱ་གར་ནང་བོད་ནང་དར་སྤེལ་བྱས་ཡོད་སྟབས། རྒྱ་གར་དང་བོད་གཉིས་འབྲེལ་བ་གཏིང་ཟབ་མོ་ཡོད་པ་རེད། རྒྱ་ནག་ལ་མཚོན་ནའང་། སྔོན་མ་ནས་ང་ཚོར་མཛའ་བརྩེའི་འབྲེལ་བ་ཡོད་བསྡད་པ་རེད།
རྒྱ་བཟའ་ཀོང་ཇོ་བོད་ལ་ཕེབས་པ་དང་ཇོ་ཤག་རྣམ་གཉིས་བོད་ལ་གདན་འདྲེན་ཞུས་པ་ནས་བཟུང་འབྲེལ་བ་ཡོད་ཀྱང་། ཆབ་སྲིད་ཀྱི་གནས་ཚུལ་མང་པོ་ཞིག་བྱུང་སྟེ་གནས་ཚུལ་འདི་འདྲ་ཞིག་ཆགས་ཡོད་ཀྱང་།
༸གོང་ས་མཆོག་ཆོས་ལུགས་ཀྱི་དབུ་ཁྲིད་ཅིག་ཡིན་པའི་ཆ་ནས་ཞི་འཇམ་དང་མཛའ་བརྩེ་བཅས་ལ་དམིགས་ཏེ། དགོངས་གཞི་རྒྱ་ཆེན་པོ་གནང་ཡོད་པ་རེད། བོད་ནང་གི་བོད་མི་ཚོར་དཀའ་ངལ་འཕྲད་ཀྱིན་པ་དེ་ང་ཚོས་ཤེས་ཀྱི་ཡོད། གཙོ་བོ་བོད་ཀྱི་རིག་གཞུང་ཁོར་ཡུག་དང་བཅས་པའི་རྩ་བ་ཁྱེད་རང་ཚོ་ཆགས་ཡོད་སྟབས། ཁྱེད་རང་ཚོས་རྒྱ་མི་རིགས་དང་མཐུན་ལམ་དམ་ཟབ་བྱ་རྒྱུ་དང་།
འཁོན་འཛིན་མེད་པའི་ཐོག་མུ་མཐུད་འབད་པ་བྱ་རྒྱུ་གལ་ཆེན་པོ་རེད” ཅེས་གསུངས་བྱུང་།
མཐར་ཁོང་གིས། “ ང་ཚོ་ཚང་མས་དམིགས་ཡུལ་གཙོ་བོ། ༸གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་རྒྱུ་དང་བོད་གཞིས་བྱེས་མཉམ་འཛོམས་བྱ་རྒྱུ་དེ་རེད། ང་རང་ལ་མཚོན་ན། ༸གོང་ས་མཆོག་སྐུ་འཚོ་བཞུགས་ཀྱི་སྐབས་འདིར་བོད་ནང་ཕེབས་ཐུབ་པའི་ཡིད་ཆེས་ཆེན་པོ་ཡོད། ང་རང་ ༢༠༠༠ ལོར་འདིར་ཡོང་སྟེ་ལོ་ ༡༡ རིང་གང་ཐུབ་ཀྱིས་སློབ་སྦྱོང་བྱས་པ་ཡིན།
ད་ལྟའི་བར་ཁྱེད་རང་ཚོ་མ་བརྗེད་པར་དྲན་བསྡད་ཡོད། ང་རང་གི་ངོས་ནས་གཞིས་སྡོད་བོད་མི་ཚོར་ཞབས་འདེགས་བསྒྲུབ་ཐུབ་པར་ཤོག་ཅེས་སྨོན་ལམ་རྒྱག་གི་ཡོད། ད་ལོ་ང་རང་ལོ་ ༢༦ ཡིན་པ་དང་ད་ལྟ་ལོ་ཆུང་ཆུང་ཡིན་སྟབས།
ངའི་རེ་བ་འགྲུབ་རྒྱུ་རེད་བསམ་གྱི་ཡོད། སྤྱིར་བཏང་ཀརྨ་པ་ཞེས་པ་དེ་བོད་ཀྱི་ལོ་རྒྱུས་ཐོག་བླ་མ་གལ་ཆེན་པོ་ཞིག་ཆགས་བསྡད་ཡོད་སྟབས། ལས་འགན་དེ་ང་ལ་ཡོད་པ་རེད།
ང་རང་མི་ཞིག་ཡིན་པའི་དབང་གིས་ལས་དོན་ཆ་ཚང་འགྲུབ་མི་ཐུབ་ཀྱང་ངས་གང་ཐུབ་ཐུབ་བྱེད་རྒྱུ་ཡིན། གཙོ་བོ།
ཁྱེད་རང་ཚོས་ཚེ་སྲོག་སྲུང་སྐྱོབ་བྱས་པའི་ཐོག་ནས་ཆོས་དང་རིག་གཞུང་ལ་བདག་པོ་རྒྱག་རྒྱུ་དང་། ང་ཚོ་རང་དབང་ལུང་པའི་ནང་ཡོད་པའི་བོད་མི་ཚོས་འཛམ་གླིང་ཐོག་བོད་ཀྱི་གནས་སྟངས་ངོ་སྤྲོད་དང་ཁྱབ་བསྒྲགས་བྱ་རྒྱུ་དེ་ཡིན་སྟབས། ཁྱེད་རང་ཚོའི་ངོས་ནས་དེའི་ཐད་ལ་འབད་པ་བྱ་དགོས། “ ཞེས་གསུངས་བྱུང་།
རྒྱ་ནག་གཞུང་གིས་རྩོམ་པ་པོ་སྒྱིས་ཚང་སྟག་སྨིག་ལགས་སྔ་ཕྱི་ཐེངས་གཉིས་ལ་བཀག་ཉར་བྱས་ཡོད་པ་མ་ཟད། ཕྱི་ཟླ་ ༡༢ པའི་ཚེས་ ༣༠ ཉིན་ཁོང་གི་ནང་མི་ཀན་ལྷོ་གཙོད་གྲོང་ཁྱེར་དུ་ཡོད་པའི་བཙོན་ཁང་ནང་ཐུག་འཕྲད་དུ་ཕྱིན་སྐབས།
ཉེན་རྟོག་པས་ཁོང་གི་ཕ་རྒན་ལ་ཐུག་འཕྲད་ཀྱི་གོ་སྐབས་སྤྲད་མེད་པའི་ཁར། ཀན་ལྷོ་མི་དམངས་ཁྲིམས་ཁང་གིས་ཁོང་ལ་ལོ་ ༤
དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པའི་བརྡ་ལན་སྤྲད་ཡོད་འདུག་ལ། ཉེ་བའི་ཆར་ཁོང་ལ་ཁྲིམས་ཐག་བཅད་པའི་སྐོར་གྱི་བདེན་དཔང་ཡིག་ཆ་ཅི་ཡང་མེད་པར་མ་ཟད།
བཙོན་ཁང་གང་དུ་འཁྲིད་མིན་གྱི་གནས་ཚུལ་ཅི་ཡང་གསལ་བཤད་བྱས་མི་འདུག
རྩོམ་པ་པོ་ཁོང་ནི། ༡༩༨༠ ལོར་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་སྒྱིས་ཚང་མང་དབང་ལུང་སྡེ་བའི་ཕ་བསམ་འཕེལ་དང་མ་སྐྱིད་རིས་གཉིས་ཀྱི་བུར་སྐྱེས་ཤིང་། རང་ལོ་ ༩
སྟེང་ནས་བཟུང་ས་གནས་ཀྱི་སློབ་གྲྭ་ཁག་དང་སྒྱིས་ཚང་དགའ་ལྡན་ཆོས་འཁོར་གླིང་། ཀན་སུའུ་ནང་བསྟན་སློབ་གླིང་བཅས་སུ་སློབ་གཉེར་གནང་རིམ་པར་གནང་ཡོད། ཕྱིས་སུ་ཁོང་གིས་བརྩམས་པའི་༼
མི་ཡུལ་དུ་ཕུལ་བའི་སེམས་པ༽ཞེས་པའི་དཔེ་དེབ་དང་། ཡི་གེ་འབྲི་ཀློག་མི་ཤེས་མཁན་ཚོར་དམིགས་ཏེ། བོད་ནང་གི་དངོས་ཡོད་གནས་སྟངས་ངག་ཐོག་ནས་བརྗོད་ཡོད་པའི་གློག་བརྙན་འོད་སྡེར་༼
བོད་ལ་རང་དབང་མེད་པའི་སྐོར་གྱི་སྙན་ཞུ༽ཞེས་པ་ ༢༥༠༠ ཙམ་ཀན་སུའུ་དང་མཚོ་སྔོན། སི་ཁྲོན་བཅས་སུ་འགྲེམས་སྤེལ་བྱས་མཐར།
རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་ཆབ་སྲིད་དང་འགལ་ཡོད་པ་དང་། ཕྱི་ཕྱོགས་ཁ་བྲལ་བ་དང་ངན་འབྲེལ་གྱིས་རྒྱལ་ཁབ་མགོ་རྟིང་སློག་པའི་བྱ་ངན་བརྩམས་ཡོད་པའི་ཉེ་འཛུགས་བྱས་སྟབས།
ལོ་གཅིག་རིང་བྲོས་བྱོལ་གྱི་འཚོ་བ་བསྐྱལ་ཡོད།
༢༠༠༧ ལོའི་ཕྱི་ཟླ་ ༧ པའི་ཚེས་ ༢༧
ཉིན་གྱི་དགོང་མོར་སི་ཁྲོན་མཛོད་དགེ་རྫོང་ཐོག་ཏུ་འཛིན་བཟུང་གིས་དུས་ཡུན་གང་འཚམ་རིང་བཀག་ཉར་བརྒྱུད་ཀློད་གྲོལ་བཏང་ཡོད་འདུག ༢༠༡༠ ལོའི་ཕྱི་ཟླ་ ༡༢ བའི་ཚེས་ ༡༣
ཉིན་ཡང་བསྐྱར་འཛིན་བཟུང་གིས་ལོ་གཅིག་ལྷག་རིང་ཀན་ལྷོ་གཙོས་གྲོང་ཁྱེར་གྱི་བཙོན་ཁང་ཞིག་ཏུ་བཀག་ཉར་གྱིས་ནང་མི་གཉེན་འབྲེལ་སུ་གང་ལའང་ཐུག་འཕྲད་བྱས་བཅུག་མེད་པ་མ་ཟད། ༢༠༡༡ ལོའི་ཕྱི་ཟླ་ ༡༢ པའི་ཚེས་ ༣༠
ཉིན་ཀན་ལྷོ་ཉེན་རྟོག་པས་ཁོང་གི་ཕ་རྒན་ལ་ལོ་ ༤ དུས་བཀག་བཙོན་འཇུག་གི་ཁྲིམས་ཆད་བྱས་ཡོད་པའི་བརྡ་ལན་སྤྲད་འདུག
པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ངོས་ནས་བོད་ནང་གི་རྩོམ་པ་པོ་ཆབ་སྲིད་བཙོན་མ་རྣམ་པའི་གནས་སྟངས་དུས་ལྟར་རྒྱལ་སྤྱིའི་དབུས་པེན་ལ་སྙན་ཞུ་སོགས་ཕུལ་ནས་ཁོང་ཅག་གང་མྱུར་གློད་གྲོལ་དང་བདེ་འཇགས་ལ་གནོད་པ་མི་འབྱུང་བའི་ཐབས་ཤེས་གང་ཡོང་བྱས་དང་བྱེད་ཀྱིན་པ་ལྟར་རྩོམ་པ་པོ་ཁོང་ལ་ཡང་གུས་འདུད་དང་བཅས་རོགས་ཕན་ཅི་ནུས་ཞུ་ངེས་ཡིན།
དེ་རིང་ཕྱི་ཚེས་ ༢༩ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩
པའི་སྟེང་། གནས་མཆོག་རྡོ་རྗེ་གདན་གྱི་མཆོད་མཆོད་ཆེན་མོའི་ཉེ་འགྲམ་དུ་བོད་མིའི་སྒྲིག་འཛུགས་དྲིལ་བསྒྲགས་ལས་ཁུངས་ཀྱི་དུས་དབང་ཐེངས་ ༣༢ པའི་སྟེང་ཆེད་དུ་གོ་སྒྲིག་གནང་བའི་འགྲེམས་སྟོན་ཁང་ཞིག་དབུ་འབྱེད་གནང་ཡོད་ཅིང་། འགྲེམས་སྟོན་དབུ་འབྱེད་ཀྱི་སྐུ་མགྲོན་གཙོ་བོར་དེ་སྔའི་ཨ་རི་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་འདུས་པོ་རྡོ་རྗེ་མཁའ་འགྲོ་མཆོག་གི་བུ་ཨ་རུ་ནཱ་ཅལ་ཁོར་ཡུག་དང་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གཙོས། བོད་མིའི་སྒྲིག་འཛུགས་བདེ་སྲུང་བཀའ་བློན་མཆོག་དང་དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བླ་མ་ངག་དབང་ནོར་བུ་མཆོག རྟ་དབང་དགོན་པའི་མཁན་པོ་གུ་རུ་རིན་པོ་ཆེ་མཆོག དེ་བཞིན། སྐུ་སྒེར་དྲུང་ཆེ་དང་བདེ་སྲུང་དྲུང་ཆེ། ཕྱི་དྲིལ་དྲུང་ཆེ། གཞུང་ཞབས་ལས་བྱེད་དང་གསར་འགོད་པ་བཅས་འདུ་འཛོམས་བྱུང་ཡོད།
འགྲེམས་སྟོན་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་པདྨ་མཁའ་འགྲོ་མཆོག་ནས་འགྲེམས་སྟོན་ཁང་དབུ་འབྱེད་དང་། ཐེངས་འདིའི་འགྲེམས་སྟོན་པར་རིས་ཡོངས་ལ་གཟིགས་སྐོར་གནང་སོང་ལ། སྐབས་དེར་གསར་འགོས་པས་ཁོང་ལ་པར་རིས་འགྲེམས་སྟོན་བརྒྱུད་སེམས་ཚོར་གང་འདྲ་བྱུང་མིན་དྲིས་པའི་ལན་དུ་ཁོང་གིས།“ ང་རང་གི་ངོས་ནས་ཐེངས་འདིའི་བཙན་བྱོལ་བོད་མའི་སྒྲིག་འཛུགས་ཀྱི་འགྲེམས་སྟོན་འདི་ཧ་ཅང་ཡག་པོར་མཐོང་བྱུང་། པར་རིས་འདི་དག་བརྒྱུད་༸གོང་ས་མཆོག་སྐུ་གཞོན་པའི་དུས་ནས་ད་ལྟའི་བར་གྱི་མཛད་རྣམ་གསལ་བོ་ཤེས་ཐུབ་པར་མ་ཟད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འདས་པའི་ལོ་ ༥༠ ལྷག་གི་ལོ་རྒྱུས་ཡོངས་སུ་རྫོགས་པ་ཧ་གོ་ཐུབ་ཀྱི་འདུག གནས་ཚུལ་ཆུང་ཚགས་ཙམ་མིན་པར་རྒྱ་ཁྱབ་གཏིང་ཟབ་ཀྱི་སྒོ་ནས་འགྲེམས་སྟོན་བྱས་འདུག” ཅེས་གསུངས་གནང་སོང་།
ཐེངས་འདིའི་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་པར་རིས་འགྲེམས་སྟོན་གྱི་དམིགས་ཡུལ་གཙོ་བོ་ནི། བོད་ནང་དང་ཕྱི་རྒྱལ་ཡུལ་གྲུ་ཁག རྒྱལ་བལ་འབྲུག་གསུམ་བཅས་ནས་ཕེབས་པའི་ཆོས་ཞུ་རྣམས་ལ། འདས་པའི་མི་ལོ་ངོ་ ༥༠ བཙན་བྱོལ་བོད་མིའི་སྤྱིའི་གནས་སྟངས་དང་། ལྷག་པར་དུ་༸གོང་ས་མཆོག་སྐུ་གཞོན་ནུའི་དུས་ཀྱི་མཛད་འཕྲིན་དང་ད་ལྟའི་བར་འཛམ་གླིང་རྒྱལ་ཁབ་ཁག་གི་སྲིད་འཛིན་དང་སྲིད་བློན། རྒྱལ་པོ་གཙོས་གནད་ཡོད་མི་སྣར་ཐུག་འཕྲད་གནང་བའི་སྐོར་སོགས་པར་རིས་ཀྱི་ལམ་ནས་ངོ་སྤྲོད་བྱ་འཆར་ཡིན་འདུག་ལ། ཐེངས་འདིར་ཁྱོན་བསྡོམས་པར་རིས་གྲངས་ ༨༠ ལྷག་ཡོད་པ་ཁག་༸གོང་ས་མཆོག་གི་མཛད་རྣམ་དང་འདས་པའི་མི་ལོ་ ༥༠ ལྷག་གི་བོད་མི་སྐྱབས་བཅོལ་བའི་ལོ་རྒྱུས། བོད་ཀྱི་རྒྱལ་རབས་ལོ་རྒྱུས་བཅས་སྡེ་ཚན་མི་འདྲ་བ་གསུམ་དུ་བགོས་ཏེ་འགྲེམས་སྟོན་བྱས་འདུག
དེ་བཞིན། ཕྱི་དྲིལ་ལས་ཁུངས་ཀྱི་ངོས་ནས་ཐེངས་འདིའི་དུས་འཁོར་དབང་ཆེན་གྱི་ཉིན་ ༡༠ རིང་པར་རིས་འགྲེམས་སྟོན་འདི་ཁོ་ན་མིན་པར། དུས་དབང་སྐབས་རྒྱལ་སྤྱིའི་གསར་འགོད་པ་དག་ལ་གནས་ལ་གནས་ཚུལ་སྤེལ་གཏོང་ཁང་གོ་སྒྲིག་དང་ཉིན་རེའི་མཛད་རིམ་ངོ་སྤྲོད་བཅས་གནང་རྒྱུ་ཡིན་འདུག་ལ། ཟླ་འདིའི་ཕྱི་ཚེས་ ༡ ནས་ཚེས་ ༧ བར་ཆོས་ཞུ་བའི་སྡོད་གུར་ས་ཚིགས་སུ་༸གོང་ས་མཆོག་གིས་དམངས་གཙོའི་ལམ་ནས་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པར་སྐུ་དབང་རྩིས་སྤྲོད་བྱས་པའི་སྐོར་དང་། བཀའ་ཁྲིའི་དམ་འབུལ་མཛད་སྒོའི་སྐོར། སྐུའི་ཡང་སྲིད་སྐོར་ལ་༸གོང་ས་མཆོག་རང་ནས་གནང་བའི་བཀའ་སློབ། དོལ་རྒྱལ་བསྟེན་པའི་ཐད་ལ་དགེ་སྐྱོན་གང་ཡོད། ༢༠༠༨ ལོར་བོད་ས་ཡོངས་སུ་ཞི་བའི་སྒེར་ལངས་བྱས་པའི་སྐོར་གྱི་པར་རིས་དང་གློག་རྙན། ཁམས་སྐྱེ་རྒུ་མདོའི་ས་ཡོམ་སྐབས་བོད་ཆོལ་ཁ་གསུམ་གྱི་བོད་མི་ཚོས་རྡོག་རྩ་གཅིག་སྒྲིལ་གྱི་རོགས་རམ་གང་འདྲ་གནང་ཡོད་མེད་སོགས་ཀྱི་གློག་བརྙན་ཁག་མི་མང་གི་གཟིགས་འབུལ་ཞུ་འཆར་ཡོད་པ་མ་ཟད། ཕྱི་ཚེས་ ༧ ཉིན་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་བོད་ནས་གསར་དུ་འབྱོར་བའི་ཆོས་ཞུ་བ་རྣམས་ལ་བཀའ་སློབ་གནང་རྒྱུ་དང་། ཕྱི་ཚེས་ ༩ ཉིན་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་མི་མང་ལ་ལམ་སྟོན་བཀའ་སློབ་གནང་རྒྱུ་བཅས་ཀྱི་ལས་རིམ་བསྒྲིགས་ཡོད་འདུག
ཁ་སང་ཉིན་རྒྱབ་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་གོ་སྒྲིག་འོག
གནས་མཆོག་རྡོ་རྗེ་གདན་ཞེ་ཆེན་དགོན་པའི་མེ་ཏོག་ལྡུམ་རྭར་བོད་མི་མང་སྤྱི་འཐུས་ཚོགས་གཚོ་སྤེན་པ་ཚེ་རིང་མཆོག་གིས་བོད་ནས་ཕེབས་པའི་ཆོས་ཞུ་བ་གཙོ་བོར་གྱུར་བའི་རྡོར་གདན་དུས་དབང་ལ་ཕེབས་མཁན་སེར་སྐྱ་མི་མང་ལ་གཏམ་བཤད་ཅིག་གནང་སོང་།
སྐབས་དེར་ཚོགས་གཙོ་མཆོག་གིས་༧གོང་ས་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་གི་ཐུགས་འགན་མཚམས་འཇོག་གནང་སྟངས་དང་།
བཙན་བྱོལ་སྤྱི་ཚོགས་ཀྱི་གནས་སྟངས་དང་བོད་རྒྱའི་དཀའ་རྙོག་གི་གནས་བབ། དབུ་མའི་ལམ་གྱི་དགོས་དམིགས་ངོ་སྤྲོད། དེ་བཞིན་མང་ཚོགས་ཀྱི་དྲི་བར་ལན་འདེབས་བཅས་གནང་སོང་།
ཐོག་མར་ཁོང་གིས་ཕྱི་ལོ་ ༡༩༥༩
ལོར་ང་ཚོ་བཙན་བྱོལ་དུ་གྱར་དགོས་བྱུང་སྟེ་གནས་སྟངས་སྡུག་པོ་ཞེ་དྲག་བྱུང་ཡང་།
ཕྱོགས་གཞན་ཞིག་གནས་བལྟས་ན་ང་ཚོའི་ལུང་པ་ཤོར་ཏེ་༧གོང་ས་མཆོག་ཕྱི་རྒྱལ་ཏུ་ཞབས་སོར་བཀོད་དེས་ད་ལྟ་འཛམ་གླིང་ཐོག་ཏཱ་ལའི་བླ་མ་ཟེར་ན་ངོ་མི་ཤེས་མཁན་ཕལ་ཆེར་མེད་པ་ལྟ་བུ་ཆགས་ཡོད་པ་དང་།
དེང་སྐབས་༧གོང་ས་མཆོག་གི་མཛད་འཕྲིན་དང་བཀའ་སློབ་ལམ་སྟོན་བརྒྱུད་དེ་ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་ནང་ཆོས་དར་ཁྱབ་ཆེན་པོ་འགྲོ་བཞིན་ཡོད་ཅིང་།
ལུང་པ་ཆུང་ཆུང་ཞིག་གི་དབུ་འཁྲིད་འཛམ་གླིང་ཐོག་ཀུན་གྱིས་བཀུར་ཞིང་རྗེས་སུ་ཡི་རངས་ཞུ་ས་ཞིག་ཆགས་ཡོད་པ་དང་། གལ་སྲིད་བོད་རྒྱའི་འོག་ཏུ་ཤོར་མེད་ན།
གཅིག་བྱས་ན་༧གོང་ས་མཆོག་ད་ལྟ་པོ་ཏ་ལ་དང་ནོར་བུ་གླིང་ཁ་གཉིས་བར་ལྷག་ཡོད་སྲིད་སྐོར་སོགས་གསུངས་སོང་།
དེ་བཞིན་དེང་སྐབས་རྒྱ་གཞུང་གིས་དམིགས་ཡུལ་ལྡན་པའི་ཐོག་ནས་བོད་པའི་འབྲོག་པ་མང་པོ་ཞིག་གྲོང་རྡལ་ཅན་དུ་བསྒྱུར་ཏེ་གཞོན་སྐྱེས་མང་པོ་ལས་མེད་ཆགས་པ་དང་།
ཆང་དང་ཐ་མག་ལ་རོལ་བ། རྒྱན་འཛུགས་ཤོ་རྒྱག་སོགས་ཁྱབ་གདལ་ཆེན་པོ་ཆགས་ཤིང་།
རེ་ཟུང་གིས་རྒྱན་འཛུགས་ཤོ་རྒྱག་གིས་རྒྱུ་དངོས་རྫོགས་ཏེ་འཁོན་འཛིང་བྱེད་པ་སོགས་ཀྱི་གནས་སྟངས་ཐབས་རྡུགས་སྣ་ཚོགས་འབྱུང་བཞིན་ཡོད་པ་དེ་དག་ནི།
རྒྱ་ནག་གི་སྲིད་ཇུས་ངན་པའི་དམིགས་ཡུལ་སྒྲུབ་བཞིན་ཡོད་པས་དེ་ལ་དགོངས་པ་བཞེས་དགོས་ཚུལ་གསུངས་སོང་།
ཡང་ཚོགས་གཙོ་མཆོག་གིས་ཕྱི་རྒྱལ་ཁག་གི་བོད་པ་ཚོར་ཆེད་དམིགས་ཀྱིས་དེང་སྐབས་རྒྱ་གར་ནང་བོད་པ་ ༡༠༠༠༠༠
ལྷག་དང་། བལ་ཡུལ་དུ་བོད་མི་ ༢༠༠༠༠ ། འབྲུག་ཡུལ་དུ་བོད་མི་ ༢༠༠༠ ། ཡུ་རོབ་ཁུལ་དུ་བོད་མི་ ༡༠༠༠༠ ལྷག ཨ་རི་དང་ཁེ་ན་ཌ་གཉིས་ནང་བོད་མི་ ༣༠༠༠༠ ལྷག་བཅས་ཁྱོན་བཙན་བྱོལ་ནང་བོད་པ་ ༡༥༠༠༠༠ ཡས་མས་ཡོད་ཅིང་། ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་པ་ཚོས་ལས་ཀ་དང་འཚོ་བའི་དགོས་མཁོ་གལ་ཆེན་དུ་བརྩིས་ཏེ། སོ་སོའི་ཕྲུ་གུར་བོད་ཡིག་བོད་སྐད་མ་བསླབས་པ་དང་།
བོད་པའི་བག་ཆགས་འཇོག་མ་ཐུབ་པའི་དབང་གིས་བོད་པའི་ངོ་བོ་རླག་བཞིན་ཡོད་པའི་གནས་སྟངས་ཉེན་ཁ་ཅན་ཞིག་ཡོང་གི་ཡོད་ཚུལ་གསུངས་སོང་།
ཚོགས་གཙོ་མཆོག་གིས་མུ་མཐུད་དུ་༧གོང་ས་མཆོག་གིས་བོད་པའི་ཆབ་སྲིད་ཀྱི་ཐུགས་འགན་མཚམས་འཇོག་གནང་སྟངས་ཏེ། ལོ་ངོ་༣༦༩
འཁོར་བའི་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་མཚམས་བཞག་སྟེ་དམངས་གཙོ་ཚད་ལྡན་ཞིག་ཏུ་སྐྱོད་ཡོད་ཅིང་།
སྤྱིར་༧གོང་ས་མཆོག་ལ་ལྔ་བཅུ་ང་གྲངས་ནས་བོད་པའི་སྲིད་བྱུས་བཅོས་བསྒྱུར་གྱི་ཐུགས་འདུན་ཡོད་ཀྱང་ལེགས་འགྲུབ་བྱུང་མེད་པ་དང་། བོད་པ་བཙན་བྱོལ་དུ་འབྱོར་མ་ཐག་ ༡༩༦༠ ལོའི་ཟླ་ ༩ ཚེས་ ༢
ཉིན་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་བཙུགས་ཤིང་། ༡༩༦༡ ལོར་དམངས་གཙོའི་རང་བཞིན་ལྡན་པའི་བོད་པའི་རྩ་ཁྲིམས་ཟིན་བྲིས་གསལ་བསྒྲགས་བསྐྱངས་པ།
བརྒྱད་ཅུ་གྱ་གྲངས་ནང་༧གོང་ས་མཆོག་གིས་བོད་པར་སྲིད་བློན་དགོས་མིན་དང་། གྲོས་ཚོགས་གོང་འོག་དགོས་མིན། ཆབ་སྲིད་ཚོགས་པ་དགོས་མིན། སྤྱི་འཐུས་མང་དུ་གཏོང་དགོས་མིན་སོགས་ལ་གོ་བསྡུར་གནང་བ། དེ་བཞིན། ༡༩༩༡
ལོར་བཅའ་ཁྲིམས་གཏན་འབེབས་དང་། ༢༠༠༡ ལོར་བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་འདེམས་བྱས་པ། སྐབས་དེ་ཙམ་ནས་༧གོང་ས་མཆ