༄༅། །ཆོ་འཕྲུལ་ཆེན་མོའི་རྟོགས་བརྗོད་
འཇམ་དབྱངས་བཞད་པའི་སྒྲ་དབྱངས་
ཞེས་བྱ་བ་བཞུགས་སོ། །
།ལྷན་སྐྱེས་མཚན་དཔེའི་རྒྱན་བཟང་རེ་རེས་ཐམས་ཅད་མཐོང་བ་དོན་ལྡན་བྱེད།
།སྙན་དགུའི་གསུང་དབྱངས་ཟེར་མ་རེ་རེས་མུ་སྟེགས་སྟོན་པའི་ལྐོག་མ་འབྱིན།
།ཟླ་མེད་སྟོབས་བཅུའི་ཆོ་འཕྲུལ་དེ་དེས་འཇིག་རྟེན་མཐའ་དག་ཀུན་དགར་བྱས།
།ལྷར་བཅས་འགྲོ་བའི་རྣམ་འདྲེན་དམ་པ་ཆོ་འཕྲུལ་དབང་ཕྱུག་གུས་པས་བསྟོད།
།དེ་ཡང་འདི་སྐད་ཐོས་པ་འཛིན་པའི་བདུད་རྩིའི་གླུ་ཡི་ཟེགས་མ་ནི།
།སེམས་དཔའ་རྒྱུ་སྐར་བརྒྱ་བས་བསྐོར་པའི་ཟས་གཙང་སྲས་ཀྱི་ཉ་ཟླ་གང༌།
།ཞི་བསིལ་བདུད་རྩིའི་འོད་སྟོང་འགྱེད་ཅིང་རྒྱལ་པོའི་ཁབ་ན་བཞུགས་པའི་ཚེ།
།མུ་སྟེགས་སྟོན་པའི་འཁོར་དང་བཅས་པ་གཟུགས་ཅན་སྙིང་པོའི་གཅེན་དེས་མཆོད།
།ཡོན་བདག་གང་དེས་རང་གི་སྟོན་པ་དྲུག་ལ་སྙིང་རབ་གུས་བཅས་ཏེ།
།རང་ཁྱིམ་གདན་ཁྲིའི་ཡང་རྩེ་གང་དེར་སྤྱན་བསུ་ཡང་ཡང་གནང་བ་ན།
།རི་གཟར་ངོས་ཀྱི་གྲུ་གུ་ཇི་བཞིན་གྲལ་གྱི་མཇུག་ལ་ཡང་ཡང་འགྲིལ།
ཤཱཀྱའི་ཏོག་ཁྱོད་ཐུར་བསྟན་མེ་ལྕེ་མཁའ་ལ་ཇི་བཞིན་གྲལ་དབུར་འཕུར།
།ད་དུང་ཡོན་བདག་དད་པའི་སྟོབས་བསྐྱེད་བུམ་ཆུ་བསོད་སྙོམས་ཐོག་མའི་སྐྱེས།
།རང་གི་སྟོན་དེར་འབད་བརྒྱས་བསྟབས་ཀྱང་བུམ་འགགས་ཞལ་ཟས་མཁའ་ལ་ཡལ།
།དགེ་སྦྱོང་ཆེ་ཁྱོད་ཐོག་དྲངས་མཆོད་པས་ཀུན་བཟང་མཆོད་ཚོགས་ཡོངས་སུ་རྙེད།
།རྨོངས་དད་ཡོན་བདག་དེ་ཡང་རང་གི་སྟོན་ལ་དད་པའི་མིག་ནི་ལོག་པར་གྱུར།
།ཆོས་ཀྱི་བགྲོ་གླེང་མཛད་པ་ན། །མུ་སྟེགས་སྟོན་པའི་མགྲིན་འགགས་ཤིང༌།
ཁྱོད་གསུང་ལེགས་བཤད་སྙན་པ་ནི། །འཁོར་ཀུན་དགེ་ལེགས་ལམ་བཟང་གྱུར།
།འོན་ཀྱང་སྟོན་དྲུག་སྙིང་ལ་ཁྲོས་འཁྲུགས་ངམ་གནག་མུན་པའི་དཔུང་བསྐྱིལ་ནས།
།དབེན་པའི་ནགས་སུ་བདུད་སྡིག་དྲག་པོའི་མཐུ་སྟོབས་སྒོམ་ལ་རབ་ཏུ་ཞུགས།
།ཆེ་བའི་ཡོན་ཏན་མཐོང་བས་མི་བཟོད་ལྷག་པར་སྡང་བའི་བསམ་སྦྱོར་འདི།
།ཀྱི་ཧུད་བདུད་ཀྱི་རང་གཤིས་མིན་ན་བདུད་ཅེས་བྱ་བ་གཞན་དུ་ཅི།
།ནམ་ཞིག་ལུས་ལས་མེ་འབར་ཆུ་འཁྲུགས་བདུད་འཕྲུལ་གནོད་བྱེད་འགའ།
།གྲུབ་པས་དྲེགས་རློམ་མགོ་འཕང་རི་རབ་ལྷུན་པོའི་འཕང་ལ་སྔས་བཅོས་ནས།
།སྒྱུ་འཕྲུལ་སྲས་གང་རྫུ་འཕྲུལ་མཐུ་ཡིས་བརྫི་སྙམ་རྨི་ལམ་ལག་བསྟར་ཀྱང༌།
།སྟོབས་བཅུའི་བདག་ཁྱོད་ཆོ་འཕྲུལ་སྟོབས་ཀྱིས་རྣམ་པར་རྒྱལ་འགྱུར་ཅི་ལ་རྟོགས།
།དེ་ཚེ་དེ་དག་འགྲན་པའི་གཏམ། ། །ཀུན་བསྒྲགས་ཁྱོད་ནི་གར་བྱོན་རྗེས།
།དེད་ཅིང་མ་འཇིགས་མཐུ་ངོམས་ཞེས། །དྲེགས་པའི་དཔའ་སྐད་ཅི་ཡང་བསྒྲགས།
།གནས་དུས་གཟིགས་ཁྱོད་མཉན་ཡོད་ཚལ། །ཆོ་འཕྲུལ་གནས་སུ་བྱིན་བརླབས་ཚེ།
།ལྷར་བཅས་གསལ་རྒྱལ་རྗེ་འབངས་ཀུན། །རབ་དགས་ཕུན་ཚོགས་བཀོད་པ་བཤམས།
།དུས་ནི་ཉེ་བར་ལྷགས་པ་ན། །འོད་ཀྱི་དྲ་བས་བརྒྱན་པ་ཁྱོད།
།མཁའ་ལས་འཕྲུལ་གྱིས་བྱོན་པས་ཀྱང། །མི་བསྲུན་ཡིད་དག་བསིལ་བར་བྱས།
།གསལ་རྒྱལ་གྱིས་ཕུལ་ཞལ་ཟས་མཆོག །ཚེམས་ཤིང་བཞེས་པའི་ཚིག་གུ་ནི།
།སྐད་ཅིག་རིན་ཆེན་ཡོངས་འདུའི་ལྗོན། །གསར་པར་གྱུར་བའི་ཆོ་འཕྲུལ་མཛད།
།འདོད་དགུར་འཇོ་བའི་ལོངས་སྤྱོད་དཔེར། །དཔག་བསམ་ལྗོན་པ་འགོད་འོས་ཀྱང༌།
།ཡལ་ག་ལོ་མའི་ཆོས་ཀྱི་སྒྲས། །ཀུན་དགར་བྱེད་པས་ཀུན་ལས་འཕགས།
།རིན་ཆེན་མདངས་བཀྲའི་ལྷུན་པོའི་སྤོར། །སྐུ་ཡི་ཉི་གཞོན་འཕགས་པ་ན།
།འདི་ནི་རྨི་ལམ་འཇིག་རྟེན་ཞེས། །མངོན་སུམ་ལའང་བསྙོན་པ་མངས།
།ཞབས་བསིལ་དག་པའི་ཁྲུས་ཆབ་ནི། །ཡན་ལག་བརྒྱད་ལྡན་བདུད་རྩིའི་མཚོ།
།མུ་མེད་རིན་ཆེན་མཛོད་འཛིན་པའི། །སྐྱེ་དགུའི་གདུང་སེལ་བཏུང་བར་གྱུར།
།པད་མཚོ་གདོང་བཞིའི་སྒོ་མོ་ལས། །བཞི་ཟུང་བཞི་ཡི་ཉལ་འགྲོ་མས།
།ཡོངས་བསྐོར་ཕྱིར་ལྡོག་འབབ་པའི་སྒྲས། །ཚངས་པའི་ཡིད་མཚོ་ཟིལ་གྱིས་མནན།
།བཅོམ་ལྡན་ཞལ་གྱི་སྒོ་མོ་ལས། །སྤྲོས་པའི་གསེར་འོད་མཐའ་ཀླས་པས།
།སྟོང་ཆེན་ཁམས་ཀུན་སྣང་བྱས་ལྷན། །སྐྱེ་དགུའི་ལུས་སེམས་དགའ་བདེས་ཁྱབ།
།ཕྱོགས་འདུས་སྐྱེ་བོ་ཇི་སྙེད་པ། །གཅིག་སེམས་གཅིག་གིས་མཐོང་བ་ཡི།
།ཆོས་མིག་རྣམ་པར་འབྱེད་པའི་འཕྲུལ། །སྟོབས་བཅུའི་མཐུ་ལས་གཞན་གྱིས་མིན།
།མཐའ་དག་རང་སྣང་འཇིག་རྟེན་ལ། །རྒྱལ་སྲིད་སྣ་བདུན་སྲས་སྟོང་བཅས།
།འཁོར་སྒྱུར་ཆེན་མོའི་རྒྱལ་སྲིད་ཀྱི། །སྡེ་བཞིའི་ལོངས་སྤྱོད་དག་ཀྱང་བསྐྲུན།
།ལྷ་དབང་གིས་བཀོད་སེང་གེའི་ཁྲིར། །ཞབས་བཀོད་ཕྱག་རྒྱ་ཟིལ་གནོན་ལས།
།འཇིགས་རུང་འདྲེ་ལྔ་ཐོལ་བྱུང་ནས། །མུ་སྟེགས་སྟོན་པའི་སྟེགས་བུ་བཤིག
།ཕྱག་རྡོར་རྡོ་རྗེ་མེ་འབར་བ། །དེ་དག་སྤྱི་བོར་གཟས་པ་ན།
།བྱེར་ཅིང་བྱོལ་བའི་ངང་ཚུལ་ནི། །རྔོན་ཁྱིས་བདས་པའི་ཝ་མོ་བཞིན།
།སླར་ཡང་ཐུགས་ལས་སྤྲོས་པའི་འོད། །ནམ་མཁའི་མཐར་དག་འགྲོ་བ་ཡི།
།ཟེར་མ་རེར་ཡང་པད་མོ་ལ། །རྒྱལ་བའི་དཀྱིལ་འཁོར་རྣམ་པར་སྤྲུལ།
།ཚངས་པ་རྩེན་པའི་གནས་མཆོག་ཏུ། །མཁའ་ལ་ཉི་བཞིན་འོད་ཀྱི་སྐུ།
།འཕགས་པས་དག་པའི་སྐྱེ་དགུ་ལ། །སྐལ་བཟང་མིག་གི་བདུད་རྩི་སྦྱིན།
།བསོད་ནམས་འབུམ་གྱིས་བསྐྲུན་པའི་རྒྱན། །མཚན་དཔེ་རབ་རྫོགས་སྤྲུལ་པའི་སྐུས།
།སྲིད་རྩེའི་བར་དུ་བཀང་བ་ཡི། །རྨད་བྱུང་བཀོད་པས་ཀུན་དགར་བྱས།
།བརྗིད་ཆགས་གསེར་གྱི་ཁྲི་འཕང་ལས། །བྱམས་ཆེན་ཏིང་འཛིན་ཀློང་དུ་སྐུ་བསྡུས་ཏེ།
།ཕྱོགས་བཅུ་ཁྱབ་པའི་འོད་ཀློང་ནས། །འཇམ་དཔལ་གསུང་གིས་ཆོས་སྟོན་བཤམས།
།སླར་ཡང་འོད་ཀྱིས་སྟོང་ཆེན་ཁམས། །མ་ལུས་སྐད་ཅིག་སྣང་བྱས་ཤིང༌།
།འོད་ཟེར་འཐུང་བའི་འགྲོ་ཀུན་གྱི། །སྙིང་ལ་བྱམས་བརྩེའི་དངོས་གྲུབ་སྦྱིན།
།དེ་ནས་སེང་ཁྲིའི་འོད་གུར་དུ། །ལྟེ་བ་ལས་བཀྱེས་འོད་ཟེར་ཟུང༌།
།འདོམ་བདུན་འཕགས་པའི་པད་ཁྲི་རེར། །རྒྱལ་བ་རེ་སྤྲུལ་མུ་མེད་སྤྲོས།
།ཨུཊཡ་ནས་མཆོད་པ་ཡི། །མེ་ཏོག་རིན་ཆེན་སྣ་བརྒྱར་བྱས།
།ཉིས་འབུམ་ལྔ་ཁྲིས་ཤིང་རྟ་བཀང༌། །སྟོང་གསུམ་མཁའ་ལ་ཤིས་པར་བཀྲམས།
།ཕྱག་གིས་ས་ལ་བརྡབས་ཙམ་གྱིས། །དམྱལ་ཁམས་བཅོ་བརྒྱད་སྣང་བྱས་ཏེ།
།སྡུག་བསྔལ་བདེན་པའི་ཆོས་བསྟན་ནས། །ཐར་བའི་ས་བོན་ངེས་འབྱུང་བསྐྲུན།
།ཆོ་འཕྲུལ་དགའ་སྟོན་རྫོགས་པ་ན། །ཀུན་གྱི་ཕོར་བར་རོ་བརྒྱ་ཡི།
།ཟས་ཀྱིས་ཚིམས་བྱས་ཡིད་ལ་ཡང། །མྱ་ངན་མེད་པའི་དགའ་སྟོན་བསྐྲུན།
།དེ་ལྟར་རྨད་བྱུང་བསམ་བརྗོད་ལས་འདས་སྤྲུལ་བའི་བཀོད་པ་རྒྱ་ཆེན་མཚོ།
།མུ་སྟེགས་བྱིས་པ་ཟིལ་གནོན་ཙམ་མིན་འཇིག་རྟེན་ཀུན་དགའི་དགེ་ལེགས་ཏེ།
།གང་ཉིད་མཆོག་གི་སྤྲུལ་སྐུའི་མཐུ་ཡང་འདི་ཡིས་ངེས་པར་དོན་ལྡན་བྱས།
།ཚུལ་འདིས་བསྟོད་ན་ངེས་པར་བསྟོད་འགྱུར་འདི་ཡིས་ཀུན་ཏུ་ཤིས་གྱུར་ཅིག
།སྒྲོ་བསྐུར་བཤད་ཡམས་བརྒྱ་བའི་མཚར་སྒྲུང་མ་ཡིན་བྱུང་བ་དོན་ལྡན་གཏམ།
།བྱ་དཀའི་ཚིག་དང་རྟོགས་དཀའི་རྒྱན་མིན་རང་བཞིན་བརྗོད་ཚུལ་སྙན་པའི་དངགས།
།ཆོ་འཕྲུལ་རྟོགས་བརྗོད་འཇམ་དབྱངས་བཞད་པའི་སྒྲ་དབྱངས་འདི་ཉིད་ཐོས་པའི་མོད།
།མཐའ་དག་ཡིད་ཀྱི་མཉན་ཡོད་ཚལ་དུ་རྣམ་ཀུན་ཆོ་འཕྲུལ་རྫོགས་པར་སྨོན། །